ཚོང་གྲོགས་ལ་མགོ་སྐོར་གཏོང་བ་དང་ཚོང་ར་ཧམ་བཟུང་བྱེད་པའི་སྟོབས་ཤུགས་ངན་པ་རྩ་མེད་དུ་བཏང་བ།
2019.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

དུས་ཡུན་རིང་བོར་བརྒྱད་གཅིག་ལམ་འགྲུལ་སྐྱེལ་ས་ཚུགས་ཀྱི་ཉེ་འགྲམ་དུ་གནས་བཅས་ཤིང་། ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ནག་ཉེས་སྣ་ཚོགས་གསོག་བཞིན་ཡོད།

ཚོང་གྲོགས་ལ་མགོ་སྐོར་གཏོང་བ་དང་ཚོང་ར་ཧམ་བཟུང་བྱས་ཏེ། དུས་རྒྱུན་ཏུ་འགྲུལ་བ་འཕྲོག་རྩོད་བྱས་ནས་འཁོར་སྐྱོད་ཚོང་གཉེར་གྱི་གོ་རིམ་ལ་གཏོར་བརླགས་གཏོང་བཞིན་ཡོད་པ་དང་། ཆོག་མཆན་མེད་པར་ལྐོག་ནས་འགྲུལ་སྐྱེལ་བྱེད་བཞིན་པའི་རླངས་འཁོར་ཁ་ལོ་བར་འཇིགས་སྣང་སྐུལ་བ་དང་གཅར་རྡུང་བྱེད་བཞིན་ཡོད།

སྐྱེལ་འདྲེན་ས་ཚུགས་ཉེ་འགྲམ་གྱི་ཆོག་མཆན་མེད་པར་ལྐོག་ནས་འགྲུལ་སྐྱེལ་བྱེད་བཞིན་པའི་རླངས་འཁོར་ཁ་ལོ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་ཁ་གཡར་ཏེ་མི་གཞན་ལ་གཅར་རྡུང་བྱེད་པ་དང་། ཁ་ལོ་བ་གཞན་པར་ཆ་སྙོམས་ཀྱིས་སྒོར་ཁྲི་གཅིག་གི་སྐྱིན་ཚབ་བཙན་དབང་གིས་སྤྲོད་དུ་བཅུག

ངན་མིང་རི་ན་གྲགས་ཅིང་། མི་ཉི་ཤུ་ལྷག་ལ་གནོད་འཚེ་བཏང་ཁོ་ཚོས་གཞན་ལ་བཤད་ཕོད་ཀྱིན་མེད།

ཟི་ལིང་མཁར་ཤར་ཁུལ་གྱི་ངན་པའི་སྟོབས་ཤུགས་ཀྱི་ནག་ཉེས་ཚོགས་པའི་གྱོད་གཞི་ཐོག་མ་ཡིན་པའི་ཆ་ནས། ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན།  མཁར་ཤར་ཁུལ་མི་དམངས་ཁྲིམས་ཁང་གིས་དབྱི་ཆེ་གེ་མོ་དང་མ་ཆེ་གེ་མོ། ཐོ་ཆེ་གེ་མོ་བཅས་ཀྱི་བསྙད་འདོགས་རྒྱུ་ལེན་གྱི་གྱོད་གཞིར་ཁྲིམས་ས་འཚོགས་ནས་ཞིབ་གཅོད་བྱས་ཏེ། ཞུ་སྦྱོར་ཕྱི་མ་དབྱི་ཆེ་གེ་མོས་བསྙད་འདོགས་རྒྱུ་ལེན་གྱི་ནག་ཉེས་བཟོས་པར་དུས་ཡུན་ལོ་གཉིས་དང་ཟླ་དྲུག་གི་བཙོན་འཇུག་ཁྲིམས་ཆད་བཅད་པར་མ་ཟད། དམངས་སྒོར་ཁྲི་གཅིག་གི་ཆད་པ་བཅད། ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོས་བསྙད་འདོགས་རྒྱུ་ལེན་གྱི་ནག་ཉེས་བཟོས་པར་དུས་ཡུན་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་བཅད་པར་མ་ཟད། དམངས་སྒོར་ཁྲི་གཅིག་གི་ཆད་པ་བཅད། ཞུ་སྦྱོར་ཕྱི་མ་ཐོ་ཆེ་གེ་མོས་བསྙད་འདོགས་རྒྱ་ལེན་གྱི་ནག་ཉེས་བཟོས་པར་དུས་ཡུན་ལོ་གཅིག་དང་ཟླ་དྲུག་གི་བཙོན་འཇུག་ཁྲིམས་ཆད་བཅད་པར་མ་ཟད། དམངས་སྒོར་ཁྲི་གཅིག་གི་ཆད་པ་བཅད་པ་དང་། ཁྲིམས་འགལ་གྱི་དངོས་པོ་དག་གཞུང་ལ་བླངས།

ཚོང་གྲོགས་ལ་མགོ་སྐོར་བཏང་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བཏང་།

མཁར་ཤར་ཁུལ་མི་དམངས་ཁྲིམས་ཁང་ཉེས་དོན་ཁང་གི་ཁྲིམས་དཔོན་ཧེ་ཡང་གིས་གསར་འགོད་པར་བཤད་རྒྱུར། 2015ལོའི་ལོ་མགོར། ཞུ་སྦྱོར་ཕྱི་མ་དབྱི་ཆེ་གེ་མོ་དང་མཱ་ཆེ་གེ་མོ། ཐོ་ཆེ་གེ་མོ་བཅས་སྔ་རྗེས་སུ་མཁར་ཤར་ཁུལ་བརྒྱད་གཅིག་ལམ་འགྲུལ་སྐྱེལ་ས་ཚུགས་ཀྱི་ཉེ་འགྲམ་དུ་ཡོང་ནས་ཆོག་མཆན་མེད་པར་ལྐོག་ནས་འགྲུལ་སྐྱེལ་བྱེད་པའི་ཚོང་ལས་གཉེར། ལོ་དེའི་ཟླ་གསུམ་པར། ཁོ་གསུམ་པོ་ཉེས་ཅན་ཆོན་ཆེ་གེ་མོ་ཡིས་གླས་ཏེ། ཁོ་ཚོས་འཇོར་དང་གཙབ་གྲི་སོགས་བཟུང་སྟེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་གི་མི་གཞན་གྱི་ཁྱིམ་དུ་སོང་ནས་བསམ་བཞིན་དུ་གནོད་འཚེ་བཏང་བ་མ་ཟད་ཁྲིམས་ཆད་བཅད།

བཙོན་གྲོལ་བཏང་རྗེས། མི་དེ་གསུམ་ཕྱིར་ཟི་ལིང་གྲོང་ཁྱེར་གྱི་བརྒྱད་གཅིག་ལམ་འགྲུལ་སྐྱེལ་ས་ཚུགས་སུ་ཡོང་ནས་མུ་མཐུད་དུ་ཆོག་མཆན་མེད་པར་ལྐོག་ནས་འགྲུལ་སྐྱེལ་བྱེད་པའི་ཚོང་ལས་གཉེར། ཚོང་གཉེར་བྱེད་སྐབས་གང་འདོད་ཅི་འདོད་བྱེད་པ་དང་འགྲུལ་བ་འཕྲོག་རྩོད་བྱེད་པ། རྗེས་སུ་དེ་གར་དོ་དམ་གྲོན་དངུལ་བསྡུ་བཞིན་པའི་མཱ་ཆེ་གེ་མོ་ཚེ་དང་མཱ་ཆེ་གེ་མོ་སོགས་ཀྱི་བར་འགལ་བ་བྱུང་སྟེ་རྡུང་རེས་བྱས།

འདྲི་ཞིབ་གཙོ་བོ་བྱེད་པའི་ཁྲིམས་དཔོན་གྱིས་བཤད་རྒྱུར། “དབྱི་ཆེ་གེ་མོའི་ཁྱིམ་རྒྱུད་དུ་མི་མང་པོས་ཆོག་མཆན་མེད་པར་ལྐོག་ནས་འགྲུལ་སྐྱེལ་བྱེད་བཞིན་ཡོད་ལ། སྟོབས་ཤུགས་ཅུང་ཆེ། ཁ་ལོ་བ་གཞན་པ་ཁོང་ཁྲོ་ལངས་རུང་གཏམ་ཅི་ཡང་བཤད་མི་ཕོད།”མཱ་ཆེ་གེ་མོ་ཚེ་སོགས་ཀྱིས་ཆོག་མཆན་མེད་པར་ལྐོག་ནས་འགྲུལ་སྐྱེལ་བྱེད་པའི་རླངས་འཁོར་ལ་ལོ་གཅིག་ལ་བདག་པོ་བརྒྱབ་རྗེས། ཁོ་ཚོས་ད་ནས་བྱ་སྤྱོད་དེའི་རིགས་མི་ལས་པ་དང་དོ་དམ་གྲོན་དངུལ་ཡང་མི་ལེན་རྒྱུ་བྱས།

འཇིགས་སྐུལ་དང་རྡུང་རྡེག་བཏང་ནས་སྐྱིན་ཚབ་བླངས་པའི་དངུལ་བགོ་བཤའ་བརྒྱབས།

མཱ་ཆེ་གེ་མོ་ཚེ་སོགས་ཁ་བྲལ་རྗེས། དབྱི་ཆེ་གེ་མོ་སོགས་ཀྱིས་མུ་མཐུད་དུ་རང་ཉིད་ཀྱི་ས་གནས་སུ་གང་འདོད་ཅི་འདོད་བྱས་པ་དང་། འགྲུལ་བ་འཕྲོག་རྩོད་བྱེད་པ། ཆོག་མཆན་མེད་པར་ལྐོག་ནས་འགྲུལ་སྐྱེལ་བྱེད་པའི་ཁ་ལོ་བ་རྣམས་ལ་འཇིགས་སྐུལ་དང་གཅར་རྡུང་བྱས།

2018ལོའི་ཟླ་ལྔ་བའི་ཚེས་བདུན་ཉིན། དབྱི་ཆེ་གེ་མོ་ཡིས་འགྲུལ་བ་འཕྲོག་རྩོད་བྱས་ཏེ། མི་གཞན་དང་མཉམ་དུ་མཱ་ཆེ་གེ་མོ་ལ་གཅར་རྡུང་བྱས་ནས་མཱ་ཆེ་གེ་མོ་ལ་རྨས་སྐྱོན་ཕོག མཱ་ཆེ་གེ་མོ་ཡིས་ཉེན་རྟོག་པར་ཞུ་གཏུག་བྱས་རྗེས། མཱ་ཆེ་གེ་མོ་ལིན་གྱིས་དོན་དག་དེ་སྒེར་ནས་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། གལ་ཏེ་དོན་དག་སྒེར་ནས་ཐག་གཅོད་མ་བྱས་ན། བརྒྱད་གཅིག་ལམ་ནས་ཆོག་མཆན་མེད་པར་ལྐོག་ནས་འགྲུལ་སྐྱེལ་བྱེད་པའི་རླངས་འཁོར་གྱིས་འགྲུལ་བ་སྐྱེལ་འདྲེན་བྱས་མི་ཆོག་པར་འཇིགས་སྐུལ་བྱས་པས། མཱ་ཆེ་གེ་མོ་འུ་ཐུག་ནས་དོན་དག་དེ་སྒེར་ངོས་ནས་ཐག་གཅོད་མི་བྱེད་ག་མེད་བྱུང་།

2018ལོའི་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། དབྱི་ཆེ་གེ་མོ་དང་མཱ་ཆེ་གེ་མོ་གཉིས་ཀྱིས་འགྲུལ་བ་འཕྲོག་བརྩོད་བྱས་ཏེ། མཱ་ཆེ་གེ་མོ་ལ་གཅར་རྡུང་བྱས་པས་མཱ་ཆེ་གེ་མོ་ལ་རྨས་སྐྱོན་ལྗིད་མོ་ཕོག་པར་མ་ཟད་སྨན་ཁང་དུ་ཞག་སྡོད་བྱས། རྗེས་སུ་འདུམ་འགྲིག་བྱས་ནས། ཞུ་སྦྱོར་ཕྱི་མ་དབྱི་ཆེ་གེ་མོ་ཡིས་མཱ་ཆེ་གེ་མོ་ལ་སྒོར་ཁྲི་གཅིག་གི་གྱོང་གུད་ཁ་གསབ་བྱེད་རྒྱུ་བྱས།

དེའི་རྗེས་སུ། ཞུ་སྦྱོར་ཕྱི་མ་དབྱི་ཆེ་གེ་མོ་ཡིས་གྱོང་གསབ་སྟེར་བར་གཡོལ་ཆེད། གྲོགས་པོ་རྣམས་ཀྱིས་མཉམ་དུ་ཟ་མ་ཟ་རྒྱུར་ཁ་གཡར་ཏེ། བརྒྱད་གཅིག་ལམ་འགྲུལ་སྐྱེལ་ས་ཚུགས་ཀྱི་ མཆོག་མཆན་མེད་པར་ལྐོག་ནས་འགྲུལ་སྐྱེལ་བྱེད་པའི་ཁ་ལོ་བ་རྣམས་མཉམ་གཅིག་ཏུ་བསྡུས་ཏེ། འགྲུལ་སྐྱེལ་ས་ཚུགས་ཉེ་འགྲམ་གྱི་ལྐོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་རྣམས་ཀྱི་ཁེ་ཕན་ཆེད་དུ་མཱ་ཆེ་གེ་མོ་ལ་གཅར་རྡུང་བྱས་པར་ཁ་གཡར་ནས་ཐེངས་དེར་ཚོགས་པའི་མི་རེ་རེ་ཡིས་སྒོར་ཁྲི་གཅིག་གི་གྱོང་གསབ་དེ་མི་ཚང་མས་མཉམ་དུ་འགན་ཁུར་རྒྱུ་བྱས་མོད། ཞུ་སྦྱོར་ཕྱི་མ་དབྱི་ཆེ་གེ་མོ་དང་མཱ་ཆེ་གེ་མོ་ལིན། ཐོ་ཆེ་གེ་མོ་བཅས་ཀྱིས་མཉམ་དུ། གལ་ཏེ་སྒོར་མོ་མི་སྤྲོད་མཁན་ཡོད་ཚེ། རྗེས་ཕྱོགས་སུ་བརྒྱད་གཅིག་ལམ་གྱི་འགྲུལ་སྐྱེལ་རླངས་འཁོར་ས་ཚུགས་སུ་འགྲུལ་སྐྱེལ་བྱས་མི་ཆོག་པའི་འཇིགས་སྐུལ་བྱས་པ་དང་། ལྐོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་རྣམས་ཀྱིས་དབྱི་ཆེ་གེ་མོ་དང་མཱ་ཆེ་གེ་མོ་ལིན། ཐོ་ཆེ་གེ་མོ་བཅས་ཀྱིས་བརྒྱད་གཅིག་ལམ་གྱི་འགྲུལ་སྐྱེལ་ས་ཚུགས་སུ་ངན་པའི་སྟོབས་ཤུགས་ཆེ་བ་ཤེས་པས། སྒོར་སྟོང་བརྒྱད་དང་བཞི་བརྒྱ་སྤྲད་པ་དང་། སྒོར་མོ་དབྱི་ཆེ་གེ་མོ་ཡིས་མཱ་ཆེ་གེ་མོ་ལ་ཁ་གསབ་དུ་སྤྲད།

མི་ངན་ལ་རྡུང་རྡེག་ཐེབས། དམངས་སེམས་སྐྱིད་ལ་བཀོད།

འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། མཁར་ཤར་ཁུལ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་དབྱི་ཆེ་གེ་མོ་དང་མཱ་ཆེ་གེ་མོ་ལིན། ཐོ་ཆེ་གེ་མོ་སོགས་དུས་རྒྱུན་མཉམ་དུ་འདུ་བ་དང་། གཏུམ་སྤྱོད་དང་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཟི་ལིང་གྲོང་ཁྱེར་བརྒྱད་གཅིག་ལམ་འགྲུལ་སྐྱེལ་ས་ཚུགས་སུ་ཐེངས་མང་པོར་ཁྲིམས་འགལ་གྱི་ཉེས་དོན་བྱ་འགུལ་སྤེལ་བ་དང་། ཉེས་ངན་བསགས་པ་དང་ལས་རིགས་གཅིག་པའི་མི་ལ་གཉའ་གནོན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་གོ་རིམ་ལ་གཏོར་བརླགས་བཏང་སྟེ། སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པ་བསྐྲུན་པས། ཁྲིམས་ལྟར་ངན་པའི་སྟོབས་ཤུགས་ཀྱི་ཉེས་ཅན་ཚོགས་པ་མཐའ་གཅིག་ཏུ་འཛིན་བཟུང་བྱས།

ཞུ་སྦྱོར་ཕྱི་མ་དབྱི་ཆེ་གེ་མོ་ཡིས་མཱ་ཆེ་གེ་མོ་ལིན་དང་ཐོ་ཆེ་གེ་མོ་རྩ་འཛུགས་བྱས་ཏེ། ཐེངས་མང་པོ་ཁྲིམས་འགལ་ཉེས་དོན་བྱ་སྤྱོད་སྤེལ་བས། ངན་པའི་སྟོབས་ཤུགས་ཀྱི་ཉེས་དོན་ཚོགས་པ་གྲུབ་པ་དང་། ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོ་ལིན་དང་ཐོ་ཆེ་གེ་མོ་གཉིས་ཁྲིམས་འགལ་སྒོས་ནག་ཉེས་བྱ་འགུལ་ལ་རྒྱུན་པར་ཞུགས་པས། ངན་ནག་ཚོགས་པའི་ཁོངས་མི་གཙོ་བོར་གྱུར། ཞུ་སྦྱོར་ཕྱི་མ་གསུམ་གྱིས་ཁྲིམས་འགལ་གྱི་སྒོ་ནས་བདག་བཟུང་བྱེད་པ་དམིགས་འབེན་དང་འཇིགས་སྐུལ་གྱི་བྱེད་ཐབས་སྤྱོད་པ། བཙན་ཤེད་ཀྱི་སྒོ་ནས་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱེད་པ་བཅས་ཀྱི་སྒོར་མོའི་ཁ་གྲངས་ཅུང་མང་པས་བསྙད་འདོགས་རྒྱུ་ལེན་གྱི་ནག་ཉེས་གྲུབ། མཁར་ཤར་ཁུལ་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་གཏན་འཁེལ་ཉེས་ཁྲིམས་ལྟར་གོང་གསལ་གྱི་ཁྲིམས་གཅོད་བྱས་པ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།