མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བོ་ཞོལ་མ་ཞང་གིས་བོད་ལུག་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ།
2019.06.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 32

 ཨ་མྱེས་རྨ་ཆེན་གངས་རིའི་འདབས་རོལ་གྱི་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཞང་གཉན་རྭ་གྲོང་ཚོའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་གསོ་སྤེལ་རྟེན་གཞིར་བལ་དཀར་ཞིང་རིང་བའི་བོད་ལུག་ལྷས་ར7ནང་བཅུག་ནས་སྡོམ་གསོས་རྒྱག་འགོ་ཚུགས་ཡོད།

“ད་ལོར་བོད་ལུག700ལྷག་ཙམ་བཤས་རར་གཏོང་རྩིས་ཡོད་ཅིང་། མཉམ་ལས་ཁང་བཙུགས་པ་ནས་བཟུང་རྟེན་གཞི་དང་མགོ་ལོག་གི་གསེར་རྩྭ་ཐང་སྐྱེ་ལྡན་ཚགས་ཤ་ལས་སྣོན་ཚད་ཡོད་ཀུང་སིའི་བར་གན་རྒྱ་བཞག་སྟེ་ལོ་གསུམ་བསྟུད་མར་རྟེན་གཞིའི་བོད་ལུག་ སྟོང་གཉིས་ལྷག་ཉོས་ནས་ཁེ་སྤོགས་སྒོར་ས་ཡ་གཉིས་ལྷག་བསྐྲུན་ཡོད”ཅེས་རྟ་བོ་ཞོལ་མ་ཞང་གཉན་རྭ་གྲོང་ཚོའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བས་དེ་ལྟར་ངོ་སྤྲོད་བྱས་བྱུང་།

2014ལོར་རྟ་བོ་ཞོལ་མ་ཞང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་གསུམ་ལས་མེད། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་ནས་བཟུང་ཞང་དེས་བོད་ལུག་ལ་བརྟེན་པ་དང་སྐྱེ་ཁམས་སྲུང་སྐྱོབ་དང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། སྤུས་རྟགས་གསར་གཏོད་བཅས་བྱས་པས2017ལོར་ཞང་དེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་བདུན་ཆིག་བརྒྱ་བཅུ་དགུར་འཕར་ཡོད།

དེ་སྔ་རྟ་བོ་ཞོལ་མ་ཞང་ནི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ཞང་དབུལ་པོ་ཞིག་ཡིན། ས་བབ་མཐོ་བ་དང་གནམ་གཤིས་ཀྱི་ཆ་རྐྱེན་ཞན་པས་ཕྱུགས་ལས་ཀྱི་ཐོན་སྐྱེད་ཕན་འབྲས་ཆུང་བ་དང་། རྩྭ་ར་ས་ནག་ཏུ་གྱུར་བ་ཚབས་ཆེ་བ། མི་དང་། རྩྭ་ཐང་། ཕྱུགས་ཟོག་བཅས་བར་གྱི་འགལ་བ་མངོན་གསལ་དོད་པ་མ་ཟད་དབུལ་ཕོངས་མི་གྲངས་ཡང་ཇེ་མང་དུ་སོང་ཡོད།

2014ལོར་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ཁུལ་བསྐྲུན་པའི་བྱ་སྤྱོད་ཨ་མྱེས་རྨ་ཆེན་གྱི་གངས་རིའི་འདབས་སུ་སྤེལ་བ་དང་། ཀུའེ་ཀྲོའུ་ཞིང་ཆེན་ཞིང་ཕྱུགས་སྡེ་ཚན་གྱི་ཁྲིད་སྟོན་དང་རོགས་སྐྱོར་འོག རྟ་བོ་ཞོལ་མ་ཞང་གིས་ཡུལ་དེའི་སྤུས་ལེགས་ཀྱི་བོད་ལུག་ཁྱད་ལྡན་རྒྱུད་བཟང་ལ་བརྟེན་ནས་གཉན་རྭ་གྲོང་ཚོར་ཐོག་མར་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་སྐྱེ་ཁམས་ཕྱུགས་ལས་སྔོན་ལ་ཚོད་ལྟ་བྱས་པ་རེད།

གཉན་རྭ་གྲོང་ཚོའི་མཉམ་ལས་ཁང་གི་འགན་འཁུར་བས་2018ལོར་གྲོང་ཚོ་ཡོངས་ཀྱི་ཕྱུགས་ལས་ཁྱིམ་ཚང་དང་། ཕྱུགས་རིགས། རྩྭ་ར་བཅས་མཉམ་ལས་ཁང་ལ་ཞུགས་ཚད་90%ཡན་ཟིན་པ་དང་། གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་106སྔ་རྗེས་སུ་མཉམ་ལས་ཁང་ལ་ཞུགས་ཡོད། མིག་སྔར་ཁྱིམ་ཚང་དབུལ་པོ་77ལོ་གསུམ་ནང་སྔ་རྗེས་སུ་དབུལ་ཐར་བྱུང་ཡོད། སང་ལོ་གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་དབུལ་པོ་ཚང་མ་དབུལ་ཕོངས་ལས་ཐར་ཐུབ་རྒྱུ་རེད་ཅེས་བཤད།

རྒྱུད་བཟང་བོད་ལུག་གི་ཐོན་ཁུལ་ཡིན་པའི་རྨ་ཆེན་རྫོང་གིས“བོད་ལུག”དང“རྨ་ཆེན་བོད་ལུག”གི་སྤུས་རྟགས་ཐོ་འགོད་རེ་ཞུ་བྱས་ཡོད། ད་ལོ་སྲིད་གཞུང་གིས་ཁག་སོ་སོར་མ་དངུལ་སྒོར་ས་ཡ་བཞི་བཏང་ནས་རྟ་བོ་ཞོལ་མ་ཞང་ཆུ་སྔོན་གྲོང་ཚོ་དང་གནས་ཆེན་གྲོང་ཚོར་མ་རྐང་ལམ་ལུགས་ཀྱི་གཉེར་སྐྱོང་བྱེད་སྟངས་ལ་གཞིགས་ནས་བོད་ལུག་གསོ་སྤེལ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ཡོད།

“ཞང་རེར་ཐོན་ལས་རེ་དང་གྲོང་ཚོ་རེར་སྤུས་རྟགས་རེ་ཡོད་པའི”བསམ་ཕྱོགས་གཞིར་བཟུང་ནས། སང་ལོ་ཞང་ཡོངས་ཀྱིས་རྨ་ཆེན་རྫོང་ཐོན་ལས་གླིང་དུ་ཕྱུགས་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ་དང་ཕྱུགས་རིགས་ཉོ་ཚོང་ཁྲོམ་ར་བཙུགས་ནས་གནས་སྤོས་ཁྱིམ་ཚང་དབུལ་པོའི་རྗེས་མཐུད་ཀྱི་ཐོན་ལས་འཕེལ་རྒྱས་ཐག་གཅོད་བྱ་རྒྱུ་མ་ཟད། ད་དུང་མགོ་ལོག་གི་བོད་ལུག་ཐོན་སྐྱེད་ལས་སྣོན་ཉམས་ཞིབ་རྟེན་གཞི་བཙུགས་ནས་བོད་ལུག་གི་ཟུར་སྣོན་རིན་ཐང་དང་སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།