གཏེར་ལེན་ཁ་གྲོང་ཁྱེར་གྱིས་ངན་འབྲེལ་སྡེ་ཚོགས་ཀྱི་གྱོད་གཞི་ཐོག་མ་ཐག་གཅོད་ཁྱབ་སྒྲོག་བྱས།
2019.06.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 3

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་ནས་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་བར། གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུའུ་མྱུལ་ཞིབ་གཞུང་སྒྲུབ་ཁང་གིས་མཱ་ཆེ་གེ་མོ་འགོ་བ་ཡིན་པའི་ངན་འབྲེལ་སྟོབས་ཤུགས་སྡེ་ཚོགས་ཀྱི་གྱོད་གཞི་ཞིག་གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་ཁྲིམས་ར་ནས་ཡོངས་བསྒྲགས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད་ཁྲིམས་ར་ནས་ཐག་གཅོད་ཁྱབ་སྒྲོག་བྱས། འདི་ནི་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུའུ་མྱུལ་ཞིབ་གཞུང་སྒྲུབ་ཁང་གིས་སྒྲུབ་པའི་ངན་འབྲེལ་སྟོབས་ཤུགས་སྡེ་ཚོགས་ཀྱི་གྱོད་གཞི་དང་པོ་རེད།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པ་ནས་བཟུང་། གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེན་རྟོག་པས་བྱ་བ་སྒྲུབ་སྐབས་གཏེར་ལེན་ཁ་ས་ཁུལ་དུ་བཙོན་ཁང་ནས་ཕྱིར་བཏང་བའི་མི་སྣ་མང་པོ་ཞིག་གིས་སྒོར་མོ་བཙལ་ཆེད་ཤོ་ཁང་ཕྱེས་ཡོད་པ་མཐོང་། དེ་བས། གཏེར་ལེན་ཁང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཏང་ཨུ་ཡིས་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། ཉེན་རྟོག་པའི་ཁྱད་སྟོབས་གཅིག་ཏུ་བསྡུས་ནས་ཆེད་དོན་ཚན་ཆུང་ཞིག་བཙུགས་པ་དང་། མྱུར་དུ་རྟོག་དཔྱོད་བྱས། གཏེར་ལེན་ཁང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་སྔོན་ལ་བཀོད་འདོམས་གནང་བ་དང་། ཐེངས་མང་པོར་གྱོད་གཞིའི་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱེད་པར་ཉན། ཆེས་ཐོག་མའི་མྱུལ་ཞིབ་བརྒྱུད་དེ། མཱ་ཆེ་གེ་མོ་འགོ་གཙོ་ཡིན་པའི་ངན་པའི་སྟོབས་ཤུགས་རྩ་འཛུགས་རིམ་བཞིན་ཕྱིར་མངོན། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་སྤྱི་བདེ་ཐིན་གྱིས་གྱོད་གཞི་དེ་ནག་འཇོམས་ངན་སེལ་ལྟ་སྐུལ་གྱོད་གཞིའི་གྲས་སུ་བཞག ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་བར། སྡེ་ཚོགས་དེའི་དོགས་ཡོད་ཉེས་ཅན་དྲུག་སྔ་གཞུག་ཏུ་འཛིན་བཟུང་བྱས་ཤིང་། གྱོད་གཞི་རྒྱལ་ཁའི་ངང་བརྟོལ་ཐུབ་པ་བྱུང་།

རྟོག་དཔྱོད་བྱས་པ་བརྒྱུད། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པ་ནས་བཟུང་། དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོ་འགོ་གཙོ་ཡིན་པའི་ཉེས་ཅན་སྡེ་ཚོགས་ཀྱིས་སྒོར་མོ་བཙལ་ཆེད། སྤྱི་ཚོགས་སྟེང་ཁོམ་ཡོད་པའི་མི་སྣ་དང་བཙོན་ཁང་ནས་ཕྱིར་བཏང་བའི་མི་སྣ་རྩ་འཛུགས་བྱས་ཏེ། “ཨར་པ་ཀང་”དང་། “ཅིན་ཧྭ”སོགས་ཀྱི་ཤོ་རྒྱག་རུ་བཅུག་པ་དང་། མི་གཞན་པ་རྩ་འཛུགས་དང་བསྡུ་རུབ་བྱས་ནས་མང་པོས་མཉམ་དུ་རྒྱན་ལྐུགས། དེའི་སྐབས་སུ། ཤོ་ཁང་ཉེར་གཉིས་ཕྱེས་པ་དང་། ཤོ་རྒྱག་པར་འབྲེལ་བའི་སྒོར་མོ་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་དགུ་ལ་སླེབས་ཤིང་། ཁེ་བཟང་སྒོར་མོ་འབུམ་བཞི་དང་ཁྲི་བཞི་བླངས། དུས་མཚུངས་སུ། སྡུག་དམོད་བྱེད་པ་དང་། རྡུང་རེས་བྱེད་པ། འཇིགས་སྐུལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྒྱན་ལྐུགས་བུ་ལོན་བདའ་འདེད་བྱས་པ་དང་། རྒྱན་ལྐུགས་ནང་ཞུགས་པའི་མི་སྣར་བཙན་གྱིས་རླངས་འཁོར་རིན་གོང་དམའ་མོའི་སྒོ་ནས་རྒྱན་ལྐུགས་ཀྱི་སྐྱིན་ཚབ་འཇལ་ཏུ་བཅུག་ལ། ཁྲིམས་དང་མི་མཐུན་པའི་སྒོ་ནས་མི་གཞན་གྱི་རྒྱུ་ནོར་གཏའ་མར་བླངས་ཏེ། བྱ་ངན་སྤྱོད་ངན་ཅི་རིགས་ཀྱིས་མང་ཚོགས་ཀྱི་མགོ་མནན།

ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཡོངས་བསྒྲགས་ཀྱིས་ཁྲིམས་ར་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲིམས་ར་ནས་མཱ་ཆེ་གེ་མོ་འགོ་གཙོ་ཡིན་པའི་སྡེ་ཚོགས་ཀྱི་མི་དྲུག་གིས་ཤོ་ཁང་ཕྱེས་པའི་ཉེས་པས་སོ་སོར་ལོ་བརྒྱད་དང་ཟླ་དྲུག་ནས་ལོ་གསུམ་བར་གྱི་ཚད་མི་འདྲ་བའི་བཙོན་འཇུག་བྱས་པ་མ་ཟད། མི་དམངས་ཤོག་སྒོར་འབུམ་བཞིས་ཆད་པ་བཅད།

ངན་པའི་སྟོབས་ཤུགས་སྡེ་ཚོགས་ལ་བཅའ་ཁྲིམས་ཀྱིས་ཆད་པ་ནན་མོ་བཅད་པས། ནུས་ཡོད་སྒོས་ངན་ནག་སྟོབས་ཤུགས་ཀྱི་མགོ་གནོན་ཐུབ་པ་བྱུང་ལ། དེས་སྤྱི་བདེ་ལས་ཁུངས་ཀྱིས་རྡུང་རྡེག་ནན་མོ་གཏོང་བ་དང་།  ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ། ལྷོད་གཡེང་གཏན་ནས་གཏོང་མི་སྲིད་པའི་ཡིད་ཆེས་བརྟན་པོ་མངོན་པར་མཚོན་ཡོད། མིག་སྔར། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་གནད་འགག་གི་དུས་སྐབས་སུ་སླེབས་པ་དང་། འགྲན་རྩོད་ལ་ཁ་གཏད་འཇལ་སྐབས། གཏེར་ལེན་ཁང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་མུ་མཐུད་དུ་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོ་དང་། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་ལག་བསྟར་བྱེད་པ་དམངས་ཀྱི་ཆེད་ཡིན་པ་རྒྱུན་འཁྱོངས་བྱས་ནས། འཐབ་འཛིང་བྱས་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་རྣམ་འགྱུར་གྱིས་དུས་དང་རྣམ་པ་ཀུན་ཏུ་ངན་ནག་སྟོབས་ཤུགས་ལ་འཇབ་རྒོལ་བྱེད་པ་སྲུང་འཛིན་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་མུ་མཐུད་དུ་བརྒལ་གཏོར་གསར་བ་འབྱུང་བར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་གཏེར་ལེན་ཁ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་དང་། སྤྱི་ཚོགས་བརྟན་འཇགས་ལ་སྐུལ་འདེད། མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་སྲུང་སྐྱོབ་བྱས།

                                                                                                                  ལོ་ཙཱ། ཚེ་རིང་སྒྲོལ་མ།