མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ངན་འབྲེལ་གྱོད་གཞི་གསུམ་ལ་གཅིག་བསྡུས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པ་ཁྱབ་སྒྲོག་བྱས།
2019.06.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར་དུ། མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ལྷན་ཚོགས་ཀྱིས་བསྟུད་མར་ཉིན་གསུམ་གྱི་རིང་ལ་ཁྲིམས་ར་ནས་གཅིག་བསྡུས་ཀྱིས་ཡོངས་བསྒྲགས་བྱས་ནས་ཞུ་སྦྱོར་ཕྱི་མ་མཱ་བུན་ཆེ་གེ་མོ་དང་། མཱ་བེ་ཆེ་གེ་མོ་སོགས་མི་བརྒྱད་ཀྱིས་གྲུབ་པའི་ངན་འབྲེལ་སྟོབས་ཤུགས་སྡེ་ཚོགས་ཀྱིས་མགོ་གཡོགས་ནས་སྒོར་མོ་ལེན་པ་དང་། བསམ་གཟས་ནས་དོན་དག་སློང་བའི་ཉེས་པ་ཞུ་གཏུག་བྱས་པའི་གྱོད་གཞིར་ཐོག་མར་འདྲི་གཅོད་བྱས་པ་དང་། ཞུ་སྦྱོར་ཕྱི་མ་མཱ་ཡུས་ཆེ་གེ་མོ་སོགས་མི་བདུན་གྱིས་གྲུབ་པའི་ངན་འབྲེལ་སྟོབས་ཤུགས་སྡེ་ཚོགས་ཀྱིས་མགོ་གཡོགས་ནས་སྒོར་མོ་ལེན་པ་དང་། བསམ་གཟས་ནས་དོན་དག་སློང་བ། ཤོ་ཁང་ཕྱེས་བ་སོགས་ཀྱི་ཉེས་པ་ཞུ་གཏུག་བྱས་པའི་གྱོད་གཞིར་ཐོག་མར་འདྲི་གཅོད་བྱས་ལ། ཞུ་སྦྱོར་ཕྱི་མ་ལིས་ཆེ་གེ་མོ་སོགས་མི་བཞིས་གྲུབ་པའི་ངན་འབྲེལ་སྟོབས་ཤུགས་ཀྱི་ཉེས་དོན་བཟོ་མཁན་ཚོས་བསམ་གཟས་ནས་གནོད་པ་བཟོ་བ་དང་། མགོ་གཡོགས་ནས་སྒོར་མོ་ལེན་པ། བསམ་གཟས་ནས་དོན་དག་སློང་བ། སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་གཏོར་བརླག་བཏང་བའི་ཉེས་པ་སོགས་ཞུ་གཏུག་བྱས་པའི་གྱོད་གཞིར་ཐོག་མར་འདྲི་གཅོད་བྱས་པར་མ་ཟད། ཁྲིམས་ར་ནས་ཁྲིམས་ཆད་བཅད་ཅིང་། ཚང་མས་ཡང་བསྐྱར་ཞུ་གཏུག་བྱེད་པའི་དབང་ཆ་བླངས་ཏེ། སྔར་གྱི་ཐག་གཅོད་སོར་འཇོག་བྱས།

ཐེངས་གཉིས་པའི་ཁྲིམས་རའི་འདྲི་གཅོད་བརྒྱུད་དེ། མཱ་བུན་ཆེ་གེ་མོ་དང་། མཱ་བེ་ཆེ་གེ་མོ་སྤུན་གཉིས་ཀྱིས་ཉིས་སྟོང་བཅུ་ལོ་ནས་བཟུང་ཐེངས་མང་པོར་སོ་སོར་མཱ་ཡུས་ཆེ་གེ་མོ་དང་། མཱ་ཨ་ཆེ་གེ་མོ། མཱ་ཁྲིན་ཆེ་གེ་མོ། མཱ་འར་ཆེ་གེ་མོ། མཱ་ཧེ་ཆེ་གེ་མོ་སོགས་དང་མཉམ་དུ་མགོ་གཡོགས་ནས་སྒོར་མོ་བླངས་པ་དང་། བསམ་གཟས་ནས་དོན་དག་སློང་བའི་ཉེས་དོན་སྡེ་ཚོགས་ཅིག་གྲུབ་པ་དང་། གཞི་རིམ་གྱི་སྲིད་དབང་ཧམ་བཟུང་བྱས་པས། གཞི་རིམ་གྱི་སྲིད་དབང་འཛུགས་སྐྲུན་བྱེད་པར་གཏོར་བརླག་ཚབས་ཆེན་བཟོས་པ་དང་། ལས་གནས་བཀོལ་སྤྱོད་བྱས་ཏེ་མང་ཚོགས་ཀྱི་མགོ་མནན། མཱ་ཡུས་ཆེ་གེ་མོ་དང་། ཧན་ཆེ་གེ་མོ། ཧན་ཡུས་ཆེ་གེ་མོ། མཱ་ཆེ་གེ་མོ་སོགས་གཙོ་བོ་ཡིན་པའི་མི་སྣས་མཱ་ཏི་ཆེ་གེ་མོ་དང་། མཱ་ཆེ་གེ་མོ། ཧན་ཆེ་གེ་མོ་སོགས་དང་མཉམ་དུ་ཉེས་དོན་ཚོགས་པ་ཞིག་གྲུབ་པ་དང་། ཞོང་ཧྭ་རྫོང་སོགས་ཀྱི་སྤྱི་སྤྱོད་ས་གནས་སུ་དོན་མེད་རྩོད་པ་བསླང་བ་དང་། བཙན་གྱིས་དངོས་པོ་ཁྱེར་བ། གང་འདོད་དུ་གཞན་གྱི་རྒྱུ་ནོར་ལ་གཏོར་བརླག་བཏང་བ་དང་། ཤོ་ཁང་སོགས་ཕྱེས་ནས་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་གཏོར་བརླག་ཚབས་ཆེན་བཟོས། ལིས་ཆེ་གེ་མོ་སོགས་བའོ་ཡུག་ཆེ་གེ་མོ་དང་། ཆི་ཚའེ་ཆེ་གེ་མོ། པའེ་ཅིན་ཆེ་གེ་མོ་སོགས་དང་མཉམ་དུ་ལྟོས་བཅས་ཀྱིས་བརྟན་འཇགས་ཡིན་པའི་ངན་འབྲེལ་སྟོབས་ཤུགས་ཀྱི་ཉེས་དོན་ཚོགས་པ་ཞིག་བསྒྲིགས་ཏེ། དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་སྤྱད་དེ་ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར་དུ། ཐེངས་མང་པོར་བསམ་གཟས་ནས་མི་གཞན་ལ་གནོད་པ་བསྐྱལ་བ་དང་། མི་མང་ཚོགས་ས་ནས་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་གཏོར་བརླག་བཏང་བ་དང་། མགོ་གཡོགས་ནས་སྒོར་མོ་ལེན་པ་སོགས་ཀྱི་ཉེས་དོན་བྱ་འགུལ་སྤེལ་བར་མ་ཟད། དམངས་ཁྲོད་ཀྱི་འགལ་བའི་བར་དུ་ལག་བསྲིངས་པ་དང་། རྒྱུན་ལྡན་གྱི་དཔལ་འབྱོར་སྤྱི་ཚོགས་སྒྲིག་གཞིར་གཏོར་བརླག་བཏང་སྟེ། སྤྱི་ཚོགས་སྟེང་ཤན་ཤུགས་ངན་པ་བཟོས།

མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགན་ཁུར་མི་སྣས་བསྟན་དོན། ཐེངས་འདིའི་ངན་འབྲེལ་གྱོད་གཞི་གསུམ་ལ་ཞིབ་བཤེར་ཐག་གཅོད་བྱས་པ་དེས་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ་དང་། གཟབ་ནན་དང་མྱུར་མོར་ཐག་གཅོད་པ།  གཅིག་བསྡུས་སྒོས་རྡུང་རྡེག་གཏོང་བའི་བསམ་ཕྱོགས་ཀྱིས་དུས་ལྟར་ཞིབ་བཤེར་ཐག་གཅོད་བྱས་མ་ཟད་ཁྲིམས་ར་ནས་ཁྲིམས་ཆད་བཅད་ཅིང་། དེ་ནི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་བླངས་པ་ཞིག་རེད། ངན་འབྲེལ་གྱོད་གཞི་གསུམ་པོར་གཅིག་བསྡུས་སྒོས་ཞིབ་བཤེར་ཐག་གཅོད་བྱས་ནས་ཁྲིམས་ཆད་བཅད་པ་དང་། ཁྲིམས་ལྟར་གཟབ་ནན་དང་མྱུར་མོའི་སྒོ་ནས་ངན་ནག་སྟོབས་ཤུགས་ཀྱི་ཉེས་དོན་ལ་རྡུང་རྡེག་གཏོང་བའི་རྩ་དོན་མངོན་པར་བྱས་ལ། མཚོ་ཤར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ངན་ནག་སྟོབས་ཤུགས་ཀྱི་ཉེས་དོན་ལ་ཆད་པ་ནན་མོ་བཅད་དེ་ཆབ་སྲིད་ཀྱི་འགན་འཁྲི་འབུར་དུ་ཐོན་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་གི་ཚོར་བ་དང་། བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་ཇེ་མཐོར་བཏང་སྟེ། ཆབ་སྲིད་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། ཁྲིམས་ལུགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་ཐུབ་པ་བྱས།

                                                                                                                       ལོ་ཙཱ། ཚེ་རིང་སྒྲོལ་མ།