འཕོ་འགྱུར་ཆེ་བའི་རྐང་ཚ་རྫོང་གི་སྡེ་བའི་ཐུན་མོང་དཔལ་འབྱོར།
2019.07.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

 དབྱར་གྱི་བསིལ་འཇམ་རླུང་བུ་ལྷོད་ཀྱིས་རྒྱུ་ཞིང་ས་གཞིའི་ལྗང་མདོག་གི་ཚོན་རིས་ཡུན་གྱིས་འཛུམ་པའི་དུས་ཤིག་ལ། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་བཅར་འདྲིར་ཕྱིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འགོར་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ70འགོར་བའི་རིང་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་སྡེ་བ་སོ་སོའི་ཐུན་མོང་དཔལ་འབྱོར་ལ་ཡོང་སྒོ་སྐར་གང་མེད་པ་ནས་སྒོར་ཁྲི་ཕྲག་མང་པོ་ཅན་དུ་གྱུར་ཡོད་པའི་སྡེ་བ་རེ་གཉིས་ཙམ་གྱིས་མི་ཚད་པ་ཐོས་པས། གསར་འགོད་པས་སྡེ་བ་དེ་དག་ཕྱུག་བསྒྱུར་གྱི་ལམ་བུར་ཅི་ལྟར་བསྐྱོད་པར་རྒྱུས་ལོན་ཐེངས་ཤིག་བྱས་པ་རེད།

དགོན་གོང་མ་སྡེ་བ་ནི་མཚོ་བྱང་ཁུལ་གྱི་ཆེས་ཕྱུག་པའི་འབྲོག་སྡེར་གྱུར་ཡོད། གསར་འགོད་པ་དཔལ་དགེ་གྲོང་རྡལ་དགོན་གོང་མ་སྡེ་བར་ཐོན་པ་ན་སྐྱེ་ཕོ་མོ་ཡོངས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་གདོང་ལ་འཛུམ་གྱིས་ཁེངས་བཞིན་རང་སྡེ་བས་བསྡུས་པའི་རྟ་རྒྱུག་འགྲན་སྡུར་ལ་ལྟ་བཞིན་པའི་སྒང་རེད། སྐབས་དེར་རྟ་རྒྱུག་འགྲན་སྡུར་གྱི་གོ་རིམ་ལ་བཀོད་སྒྲིག་བྱེད་པར་བྲེལ་བཞིན་པའི་དགོན་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རིག་བརྩེ་རྒྱལ་གྱིས་ང་ཚོའི་མདུན་ནས་བསུས་ཏེ་སྡེ་བ་ཕྱུག་བསྒྱུར་གྱི་ལམ་དུ་ཅི་ལྟར་བསྐྱོད་པའི་གནས་ཚུལ་རེ་རེ་བཞིན་མཚམས་སྦྱོར་བྱེད་མགོ་བརྩམས་བྱུང་།“ང་ཚོའི་སྡེ་བར་ཐུན་མོང་ལ་དབང་བའི་གྲོང་སྡེའི་ཚོང་ར་དང་། སྣུམ་བཙག་ཁང་། མཉམ་ལས་ཁང་བཅས་ཡོད་པར་མ་ཟད། སྔོན་ཆད་དམག་གིས་བཟུང་བའི་ས་ཞིང་ཐམས་ཅད་རྒྱལ་ཁབ་ཀྱིས་ང་ཚོར་ཕྱིར་སྤྲད་པས། ང་ཚོའི་སྡེ་བས་ཕྱུགས་ལས་ལས་གཞན་ད་དུང་ཞིང་ལས་ཀྱང་གཉེར་གྱིན་ཡོད་ལ། དེ་དག་ལོ་རེ་བཞིན་ཕྱིར་གླས་ཡོད་པས་ལོ་རེར་ཡོང་སྒོ་མི་དམན་པ་ལེན་གིན་ཡོད་པ་དང་། ལོ་མཇུག་ཏུ་སྡེ་བ་ཡོངས་ལ་ཡོང་འབབ་བགོ་བཤའ་རྒྱག་བཞིན་ཡོད། ན་ནིང་ང་ཚོའི་སྡེ་བའི་ཐུན་མོང་གི་ཡོང་སྒོ་སྒོར་ས་ཡ་བདུན་འབུམ་གཉིས་ལྷག་ཡོད་ལ། དེ་མིན་གྲོང་སྡེའི་ཚོང་ར་ཕྱིར་གླས་པའི་ཡོང་སྒོ་སྒོར་ས་ཡ་གཉིས་ཙམ་ཡོད་ཅིང་། མཉམ་ལས་ཁང་གི་ཞིང་ས་ཕྱིར་གླས་པར་ཡོང་སྒོ་སྒོར་ས་ཡ་གཅིག་འབུམ་དགུ་ཁྲི་གསུམ་ཡོད། སྣུམ་བཙག་ཁང་གི་ཡོང་སྒོ་སྒོར་འབུམ་ལྔ་ཙམ་དང་། ཞིང་ས་ཕྱིར་གླས་པར་སྒོར་ས་ཡ་གཉིས་འབུམ་དྲུག་ཁྲི་དགུ་བཅས་ཡོད། དེ་ལས་གཞན་ད་ལོའི་ལོ་མཇུག་ཏུ་དཔལ་དགེ་གྲོང་རྡལ་དུ་ཚོང་ར་ཞིག་བཙུགས་ཡོད་པའང་ཕྱིར་གླ་རྩིས་ཡོད་པས། ང་ཚོས་སྔོན་དཔག་བྱས་པ་ལྟར་ན་སྡེ་བའི་ལོ་རྗེས་མའི་ཡོང་འབབ་སྒོར་ས་ཡ་དགུ་ལྷག་ལ་འབུད་ངེས་ཡིན”ཞེས་ཡིད་ཆེས་ཆེན་པོས་དེ་ལྟར་བཤད། གསར་འགོད་པས་ཁོ་ལ་ཁྱེད་ཚོའི་སྡེ་བ་ངོ་མ་ཕྱུག་པོ་རེད་ཅེས་ཀུ་རེའི་ཚུལ་དུ་བཤད་སྐབས། ཁོས་མུ་མཐུད་དུ“ང་ཚོའི་སྡེ་བའི་ནང་གི་ཁྱིམ་ཚང་གི་ཆ་རྐྱེན་ཅུང་ཞན་པ་རྣམས་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་བགོས་པའི་ཡོང་འབབ་ལས་གཞན་ད་དུང་མཉམ་ལས་ཁང་སོགས་ཀྱི་ལས་ཀ་པའི་གྲལ་དུ་བཞག་ཡོད་ཅིང་། ཁོ་ཚོའི་ལས་ཀ་ལྟར་ཟླ་རེར་གླ་ཕོགས་སྒོར1500དང1800སོགས་མི་འདྲ་བར་སྟེར་བཞིན་ཡོད་པས། སྡེ་བའི་ནང་དུ་དེ་འདྲའི་ཆ་རྐྱེན་མི་བཟང་བ་དངོས་ནས་ཉུང་ཉུང་ཡིན”ཞེས་བཤད་པའི་མོད་ལ། དཔལ་དགེ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གནམ་ལྕགས་རྡོ་རྗེ་ཡིས་ཀྱང“དགོན་གོང་མ་སྡེ་བ་ནི་མཚོ་བྱང་ཁུལ་གྱི་འབྲོག་སྡེ་ཀུན་ལས་ཡོང་སྒོ་ཆེས་མང་བའི་སྡེ་བ་ཡིན”ཞེས་བཤད་པ་དང་། མཚམས་སྦྱོར་བྱས་ཚར་མ་ཐག་ཏང་ཀྲི་པུའུ་ཧྲུའུ་ཅི་རིག་བརྩེ་རྒྱལ་མུ་མཐུད་དུ་རྟ་རྒྱུག་འགྲན་སྡུར་བྱེད་སར་ཆས་ཤིང་། སྡེ་བའི་མང་ཚོགས་ཡོངས་ཀྱིས་ཀྱང་སོས་དལ་བག་ཕེབས་ངང་གདོང་ལས་སྐྱིད་སྣང་ཞིག་དང་བདེ་སྣང་ཞིག་མངོན་བཞིན་རྟ་རྒྱུག་འགྲན་སྡུར་ལ་བལྟས་འདུག

རྒྱུས་ལོན་པ་ལྟར་ན། དགོན་གོང་མ་སྡེ་བས་ལོ་རེའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ལས་སྡེ་མི་རེར་སྒོར2300རེ་བགོས་པར་མ་ཟད། སྡེ་བའི་ནང་དུ་རྩྭ་ས་མེད་པ་དག་ལ་ཟླ་རེར་སྒོར400རེའི་རོགས་སྐྱོར་མ་དངུལ་སྟེར་བཞིན་ཡོད་པ་དང་། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་སྐོར་ཞིག་གི་ལས་ཞུགས་གནད་དོན་ཡང་ཐག་བཅད་ཡོད་པས། སྡེ་བའི་ཐུན་མོང་དཔལ་འབྱོར་ལས་ཐོབ་པའི་ཡོང་སྒོ་ཁྱིམ་ཚང་རེར་སྒོར་ཁྲི་ཡན་ཡོད་ལ། སྡེ་མི་རྣམས་ཀྱི་སྨན་བཅོས་འགན་སྲུང་དང་རྒན་གསོའི་འགན་སྲུང་། ཆུ་རིན་སོགས་གཅིག་གྱུར་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ལས་སྤྲོད་ཀྱིན་ཡོད་པས་མང་ཚོགས་ཀྱི་ཁག་ཁུར་ཇེ་ཡང་དུ་གཏོང་བཞིན་ཡོད་པ་རེད། ཉེ་བའི་ལོ་འགའི་རིང་ལ། དཔལ་དགེ་གྲོང་རྡལ་དགོན་གོང་མ་སྡེ་བས་གཟབ་ནན་སྒོས་གོང་རིམ་རྫོང་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་རང་སྡེ་བར་ཡོད་པའི་ཐུན་མོང་གི་དཔལ་འབྱོར་ཐོན་ཁུངས་ལ་བརྟེན་ནས། འབྲོག་པ་མང་ཚོགས་ཀྱི་ཕྱུག་བསྒྱུར་ལམ་བུ་མུ་མཐུད་དུ་རྒྱ་ཇེ་ཆེར་གཏོང་རྩིས་ཡོད།

དབུལ་ཕོངས་ལས་རིང་དུ་ཐར་བའི་མཚོ་སྔོན་པོའི་འགྲམ་གྱི་བཀྲ་སོག་སྡེ་བ།

ཉེ་བའི་ལོ་འགའི་རིང་། རྐང་ཚ་རྫོང་མཚོ་འཁྱིལ་ཞང་ཏང་ཨུ་སྲིད་གཞུང་དང་། བཀྲ་སོག་སྡེ་བའི་ཏང་ཀྲི་པུའུ་ཡིས་བཀྲ་སོག་སྡེ་བ་མཚོ་སྔོན་པོའི་ཉེ་འགྲམ་དུ་ཆགས་ཡོད་པའི་ས་བབ་ལེགས་པ་དང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། 2015ལོའི་ཟླ་དཀྱིལ་དུ་སྤྱིའི་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་གཉིས་འབུམ་གཅིག་ཁྲི་ལྔ་ལྷག་བཏང་སྟེ་མགྲོན་ཁང་དང་། བོད་ལུགས་ཀྱི་སྣེ་ལེན་བྱེད་སའི་རས་གུར།་དེ་མིན་ད་རུང་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་ཟ་མ་ཟ་ས་དང་རྟ་རྒྱུག་ས། མདའ་འཕེན་ས་དང་མེ་ཕུང་སྐོར་བྲོ་འཁྲབ་ས་སོགས་ཡོད་པའི“ དག་ཞིང་གི་ལྗོངས་རྒྱུའི་ཁམས་གསེང་གྲོང”ཞེས་པའི་སྡེ་བ་ཐུན་མོང་ལ་དབང་བའི་ཁམས་གསེང་གྲོང་དེ་དམངས་གཉེར་ཁེ་ལས་པ་ཞིག་ལ་གླས་ཡོད་ཅིང་། མིག་སྔར། ཁམས་གསེང་གྲོང་དེས་ཞིང་ཆེན་རིམ་པའི་ཡུལ་སྐོར་ལས་དོན་ཁང7དང་ཞིང་ཆེན་ཕྱིའི་ཡུལ་སྐོར་ལས་དོན་ཁང2ལ་ཡུན་རིང་མཉམ་འབྲེལ་བྱས་ཡོད་ལ། ཉིན་རེར་ཡུལ་སྐོར་པ་སྟོང་གཅིག་ལྷག་སྣེ་ལེན་བྱེད་ཀྱིན་འདུག

ཨ་ཁུ་ཆོས་ལོ་ནི་བཀྲ་སོག་སྡེ་བའི་སྡེ་མི་ཞིག་སྟེ་ད་ལོ་ལོ70ལ་སོན་ཡོད་དེ། ཁོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70རིང་གི་འགྱུར་ལྡོག་ལ་ཉམས་སུ་མྱོང་མཁན་ཞིག་རེད། “སྔོན་ཆད་ས་ཁང་ཆུང་ཆུང་ཞིག་གི་ནང་ནས་བཟའ་མི་གང་བོ་བསྡད་པ་ཡིན། ད་ལྟ་ སོ་ཕག་གིས་ལས་པའི་ཁང་བའི་ནང་ནས་འདུག་ཐུབ་སོང་། ངའི་བྱིས་པ་གཉི་གས་རྒྱུན་པར་ཁམས་གསེང་གྲོང་ན་ལས་ཀ་ལས་བཞིན་ཡོད་པས། ཟླ་རེར་སྒོར་ལྔ་སྟོང་ལྷག་བཙལ་ཐུབ། དེར་མ་ཟད་རྒྱལ་ཁབ་ཀྱི་བཀའ་དྲིན་ལས་རྩྭ་སའི་ཁ་གསབ་དང་རྒན་གསོའི་མ་དངུལ་སོགས་ཀྱང་ཡོད་པས་ངེད་ཚང་གི་ལོ་རེའི་ཡོང་འབབ་སྒོར་འབུམ་གཉིས་ལྷག་ལ་འབུད”ཐུབ་ཟེར། དངོས་ནས་ཁོ་ཚང་གི་ད་ལྟའི་སྡོད་ཁང་ནི་གྲོང་ཁྱེར་གྱི་ཁང་བ་ལས་རྒྱ་ཁྱོན་ཆེ་ཞིང་ཕྱི་ནང་གྲལ་དག་ཅིང་། དེང་རབས་ཀྱི་འབོལ་ཁྲི་གསར་པ་དང་འཁྱག་སྒམ། གོས་འཁྲུད་འཕྲུལ་ཆས་སོགས་གྲོང་ཁྱེར་གྱི་ཁྱིམ་ཚང་ཞིག་ལ་ཅི་འཛོམས་ཁོ་ཚང་ལའང་འཛོམས་ཡོད་པས།  ཨ་ཁུ་ཆོས་ལོ་ཚང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ཤེས་ཐུབ་ལ། བཀྲ་སོག་སྡེ་བའི་ཁྱིམ་ཚང་གཞན་དག་ཀྱང་དེ་ལས་མ་འདས།

རྒྱུས་ལོན་པ་ལྟར་ན། བཀྲ་སོག་སྡེ་བས་ཁམས་གསེང་གྲོང་དེ་ཕྱིར་གླས་པའི་ཡོང་སྒོ་ལོ་རེར་སྒོར་འབུམ་བཞི་ཁྲི་ལྔ་ཡོད་ཅིང་། ལོ་རེའི་ཡོང་སྒོ་དེ་སྡེ་བའི་ནང་གི་སློབ་མ་དང་ནད་པ་སོགས་ལ་སྒོར་མོའི་དགོས་མཁོ་ཡོད་ཚེ་རོགས་སྐྱོར་མ་དངུལ་སྟེར་བཞིན་ཡོད་པ་དང་། དབུལ་ཕོངས་ཁྱིམ་ཚང་ཉི་ཤུ་ལ་རེ་རེ་བཞིན་སྒོར་སྟོང་གཉིས་རེའི་རོགས་སྐྱོར་མ་དངུལ་སྟེར་བཞིན་ཡོད་ལ། དེ་མིན་སྡེ་མིའི་མཉམ་ལས་སྨན་བཅོས་ཀྱི་འགྲོ་གྲོན་ཀྱང་སྡེ་བ་སྤྱིའི་ཡོང་སྒོ་ལས་སྤྲོད་ཀྱིན་ཡོད་པས་ས་གནས་མང་ཚོགས་ཀྱི་ཁུར་པོ་མི་ཉུང་བ་ཞིག་ཇེ་ཉུང་དུ་བཏང་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།