མི་ལྔ་ཡིས་གྲུབ་པའི་ངན་ནག་སྟོབས་ཤུགས་ཚོགས་པ་ཞིག་རྩ་མེད་དུ་བཏང་།
2019.07.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཕ་ཡུལ་གཅིག་པའི་མི་དང་སློབ་གྲོགས་སོགས་ཀྱི་འབྲེལ་ལམ་བརྒྱུད་ནས། སྤྱི་ཚོགས་སྟེང་དུ་ལས་ཀ་མེད་པར་སྡོད་མཁན་དང་ཁྲིམས་ཁུར་དུས་ཡུན་ལོང་ནས་གློད་གྲོལ་བཏང་བའི་མི། ཉེས་ཆད་ཕྱིར་འགྱངས་ཀྱིས་ཁྲིམས་ཆད་འཁུར་མཁན་སོགས་བསྡུ་རུབ་བྱས་ནས། བཙན་ཤེད་དང་འཇིགས་སྐུལ། དེ་མིན་བྱེད་ཐབས་གཞན་དག་བརྒྱུད་ནས་ས་ཁུལ་ངེས་ཅན་ཞིག་ཏུ་ཐེངས་མང་པོར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཏེ། བྱ་ངན་སྤྱོད་ངན་གྱིས་མང་ཚོགས་ལ་གཉའ་གནོན་བྱས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་སྒྲིག་ལམ་ལ་རྙོག་དྲ་བཟོས།

ཁྲིམས་དང་མི་མཐུན་པའི་ཁེ་ཕན་རེག་པར་བསྙད་རྐོ་ཟིང་སློང་དང་འུར་ཅོར་རྒྱག་པ། མི་མང་མཉམ་རུབ་ཀྱིས་སྟོབས་ཤུགས་བསྐྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་གཞན་གྱི་ཚབ་ཏུ་བུ་ལོན་ལེན་བླངས།

ད་ལོའི་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཧྥན་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ། ཀྲང་ཆེ་གེ་མོ་ཧེ། སུན་ཆེ་གེ་མོ་དང་ཆིས་ཆེ་གེ་མོ་སོགས་མི་ལྔ་ཡིས་གྲུབ་པའི་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཚོགས་པའི་གྱོད་གཞི་ལ་ཡོངས་བསྒྲགས་ཀྱིས་ཞིབ་གཅོད་བྱས།

བཀག་སྒོ་འཐེན་ནས་གཞན་གྱི་ཚབ་ཏུ་བུ་ལོན་ལེན་པ།

ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བར། ཧྥན་ཆེ་གེ་མོ་ཡིས་ཁེ་ཕན་རེག་ཆེད་ཁོའི་སློབ་གྲོགས་ཏེན་ཆེ་གེ་མོ་ལ་རོགས་རམ་བྱས་ནས་ཧུང་ཀྲུང་རྫོང་སྟོད་པ་གྲོང་རྡལ་ལུང་ཧྭ་རྣོ་ལྕགས་སྒྲིག་གཞིའི་བཟོ་གྲྭ་ནས་བུ་ལོན་བླངས། ལོ་དེའི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཞུ་སྦྱོར་ཕྱི་མ་ཧྥན་ཆེ་གེ་མོ་དང་ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་ཧེ་དང་ཀྲང་ཆེ་གེ་མོ། སུན་ཆེ་གེ་མོ། ཆུས་ཆེ་གེ་མོ་སོགས་ཀྱིས་ཧུང་ཀྲུང་རྫོང་གི་སྟོད་པ་གྲོང་རྡལ་ལུང་ཧྭ་རྣོ་ལྕགས་བཟོ་གྲ་རུ་གློག་སྒོ་གཅོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རླངས་འཁོར་མང་པོ་སྒོ་འགྲམ་དུ་ཁེགས་སུ་བཅུག་པ་དང་།  འཁོར་ཁང་དུ་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་འཐོར་དུ་འཇུག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གནོད་འཚེ་ཐེབས་མཁན་ཧྥང་ཆེ་གེ་མོ་ལ་གནོན་ཤུགས་བྱིན་ནས་བུ་ལོན་དེད། ས་གནས་དེའི་མི་དམངས་ཉེན་རྟོག་པ་ཡུལ་དངོས་སུ་ཐོན་ནའང་ཁོ་ཚོ་སྔར་བཞིན་གནས་དེར་ཁ་མ་བྲལ། དེ་ལྟར་དུས་ཚོད་ཡུན་རིང་འགོར་བས་བཟོ་གྲྭ་དེས་ཐོན་སྐྱེད་བྱེད་མཚམས་བཞག་པས་བཟོ་གྲྭའི་རྒྱུན་ལྡན་གྱི་ཐོན་སྐྱེད་བདག་གཉེར་ལ་ཤུགས་རྐྱེན་ངན་པ་བཟོས། དེའི་རྗེས་སུ་གནོད་འཚེ་ཐེབས་མཁན་དབྱང་ཆེ་གེ་མོ་ཡི་རླངས་འཁོར་ལ་གནས་ཐིག་གཏན་འཁེལ་བྱས་ནས་རྗེས་འདེད་ཀྱི་རྣམ་པ་སྤྱད་དེ་བུ་ལོན་དེད། གནོད་འཚེ་ཐེབས་མཁན་ཧྥང་ཆེ་གེ་མོ་དང་ཡང་ཆེ་གེ་མོ་གཉིས་ཀྱིས་ཞུ་སྦྱོར་ཕྱི་མ་ཧྥན་ཆེ་གེ་མོ་ཡུལ་དངོས་སུ་ཡོད་པའི་གནས་ཚུལ་འོག འུ་ཐུག་ཐབས་ཟད་ཀྱིས་སོ་སོར་ཏེན་ཆེ་གེ་མོ་ལ་སྒོར་མོ་འབུམ་གཅིག་ཁྲི་ལྔ་དང་འབུམ་གཉིས་ཀྱི་ཆད་ཡིག་བྲིས། དེའི་རྗེས་སུ་ཏེན་ཆེ་གེ་མོ་ཡིས་ཞུ་སྦྱོར་ཕྱི་མ་ཧྥན་ཆེ་གེ་མོ་ལ་སྒོར་མོ་སྟོང་དྲུག་གི་ཁེ་བཟང་བྱིན་པ་དང་ཁྲིམས་འགལ་ཚོགས་པ་དེས་བག་མེད་ལོངས་སྤྱོད་བྱས།

ཆེད་དུ་ཆང་འཐུང་བའི་ཁ་ལོ་བ་བཙལ་ནས་ཟིང་ཆ་བསླངས་པ།

ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པར། ཞུ་སྦྱོར་ཕྱི་མ་ཧྥན་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་ཧེ། སུན་ཆེ་གེ་མོ། ཀྲང་ཆེ་གེ་མོ་སོགས་མི་ལྔ་ཡིས་ལྐོག་ཇུས་འཐེན་རྗེས་རླངས་འཁོར་བསྐོར་ནས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་རུ་སོང་ནས་ཆེད་དུ་ཆང་འཐུང་ཡོད་པའི་ཁ་ལོ་བ་བཙལ་ནས་འགྲིམ་འགྲུལ་དོན་རྐྱེན་བཟོས་ཏེ་བསྙད་འདོགས་རྒྱུ་ལེན་བྱས། དེའི་ཁྲོད་དུ་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བདུན་གྱི་སྟེང་། ཞུ་སྦྱོར་ཕྱི་མ་ཧྥན་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་སོགས་ཀྱིས་རླངས་འཁོར་བསྐོར་ནས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཡི་ཆང་ཁང་ཆེ་གེ་མོའི་སྒོ་ཁ་ནས་གནོད་འཚེ་ཐེབས་མཁན་ཞུའུ་ཆེ་གེ་མོས་བསྐོར་བའི་རླངས་འཁོར་གྱི་རྗེས་དེད་ཅིང་། རླངས་འཁོར་དེ་ཧེ་ཡན་ལམ་དང་ཧེ་ཧུའུ་ལམ་གྱི་བཞི་མདོ་བརྒྱུད་ནས་འགྲོ་སྐབས། ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོ་ཧེ་ཡིས་ཁོའི་རླངས་འཁོར་གྱི་རྗེས་ནས་གློ་བུར་དུ་སྔོན་ལ་བུད་པ་དང་འཁོར་བགག་མནན་ཏེ་གནོད་འཚེ་ཐེབས་མཁན་ཞུའུ་ཆེ་གེ་མོ་ཡི་རླངས་འཁོར་ལ་གཙུབ། ཞུ་སྦྱོར་ཕྱི་མ་བཞི་ཡིས་འགྲིམ་འགྲུལ་ཉེན་རྟོག་པར་གནོད་འཚེ་ཐེབས་མཁན་ཞུའུ་ཆེ་གེ་མོ་ཡིས་ཆང་འཐུང་ནས་རླངས་འཁོར་བསྐོར་བར་འཁན་འཁྲི་བདའ་འདེད་བྱེད་དགོས་པའི་འཇིགས་སྐུལ་བྱས་པ་དང་། གནོད་འཚེ་ཐེབས་མཁན་ཞུའུ་ཆེ་གེ་མོའི་ལག་ཏུ་སྒོར་ཁྲི་གཉིས་དང་སྟོང་དགུ་བསྙད་འདོགས་རྒྱུ་འཕྲོག་བྱས།

མི་མང་པོས་ལག་ཏུ་མཚོན་ཆ་བཟུང་ནས་མི་གཞན་ལ་རྨས་སྐྱོན་བཏང་བ།

2017ལོའི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ལིག་ཆེ་གེ་མོ་དང་གནོད་འཚེ་ཐེབས་མཁན་ཀྲིན་ཆེ་གེ་མོ་བཟའ་ཐོར་བྱས་རྗེས་དཔལ་འབྱོར་གནད་དོན་གྱི་ཐད་འགལ་བ་བྱུང་བ་དང་། ལིག་ཆེ་གེ་མོ་ཡི་དགའ་རོགས་ཧུ་ཆེ་གེ་མོ་ཕིན་དང་ཧུ་ཆེ་གེ་མོ་ཞིན་གཉིས་ཀྱིས་ཞུ་སྦྱོར་ཕྱི་མ་ཧྥན་ཆེ་གེ་མོར་དོན་དེའི་ཐད་རོགས་རམ་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཧྥན་ཆེ་གེ་མོས་ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོ་དང་སུང་ཆེ་གེ་མོ། ཧུ་ཆེ་གེ་མོ་ཕིན། ཧུ་ཆེ་གེ་མོ་ཞིན་བཅས་མཉམ་དུ་བསྡུས་ཏེ། མཁར་བྱང་ཁུལ་ཁྲའོ་ཡང་ནུབ་ལམ་གྱི་ལམ་འགྲམ་ནས་ལག་ཏུ་དབྱུག་པ་བཟུང་ནས་གནོད་འཚེ་ཐེབས་མཁན་ཀྲིན་ཆེ་གེ་མོ་ལ་གཅར་རྡུང་བྱས་པ་དང་། དེ་ནས་གནོད་འཚེ་ཐེབས་མཁན་ཀྲིན་ཆེ་གེ་མོ་བཙན་ཤེད་ཀྱིས་ཧུང་ཀྲུང་རྫོང་སྟོད་པ་གྲོང་རྡལ་གྱི་ཨར་ལས་བྱེད་ས་ཞིག་ཏུ་ཁྲིད་པ་དང་། ཞུ་སྦྱོར་ཕྱི་མ་ཧྥན་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ། སུང་ཆེ་གེ་མོ། ཧུ་ཆེ་གེ་མོ་ཕུན་དང་ཧུ་ཆེ་གེ་མོ་ཞིན་བཅས་ཀྱིས་ལག་ཏུ་ལྕགས་ཁེམ་བཟུང་ནས་གནོད་འཚེ་ཐེབས་མཁན་ལ་ཡང་བསྐྱར་གཅར་རྡུང་བྱས་པས། གནོད་འཚེ་ཐེབས་མཁན་ཀྲིན་ཆེ་གེ་མོ་ལ་རྨས་སྐྱོན་བཟོས།

མཁར་ཤུལ་ཆུའུ་ཁྲིམས་ཁང་གི་ཉེས་དོན་འདྲི་གཅོད་ཐིན་གྱི་ཐིན་ཀྲང་ཕང་ཅོན་ཧྥུན་གྱིས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། ཁྲིམས་ར་ནས་འདྲི་གཅོད་བྱས་པ་བརྒྱུད། ཁྲིམས་འགལ་ཚོགས་པ་དེ་ནི་ཁོངས་མི་རྣམས་ཅུང་བརྟན་འཇགས་ཡིན་པའི་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཚོགས་པའི་ཁོངས་སུ་གཏོགས་པས་ཁྲིམས་ལྟར་ཉེས་ཆད་བཅད་པ་སྟེ།

ཞུ་སྦྱོར་ཕྱི་མ་ཧྥན་ཆེ་གེ་མོ་ཡིས་བསྙད་རྐོ་ཟིང་སློང་གི་ཉེས་པ་བསགས་པས་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་དང་བསྙད་འདོགས་རྒྱུ་ལེན་གྱི་ཉེས་པ་བསགས་པར་ལོ་གཉིས་དང་ཟླ་དྲུག་གི་དུས་བཀག་བཙོན་འཇུག་བྱས་པར་མ་ཟད་སྒོར་མོ་ཁྲི་གཅིག་གི་ཉེས་ཆད་བཅད། བསམ་གཟས་ནས་མི་ལ་གནོད་འཚེ་བཏང་བའི་ནག་ཉེས་ཀྱིས་ལོ་གཅིག་དང་ཟླ་དྲུག་གི་དུས་བཀག་བཙོན་འཇུག་དང་། བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་ཀྱིས་དུས་བཀག་བཙོན་འཇུག་ལོ་དྲུག་དང་ཟླ་དྲུག་ལ་བྱེད་རྒྱུར་ཐག་གཅོད་བྱས།

ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོ་ཡོན་གྱིས་བསྙད་རྐོ་ཟིང་སློང་གི་ཉེས་པ་བསགས་པར་ལོ་གཉིས་དང་ཟླ་དྲུག་གི་དུས་བཀག་བཙོན་འཇུག་དང་བསྙད་འདོགས་རྒྱུ་ལེན་བྱས་པར་ལོ་གཉིས་ཀྱི་དུས་བཀག་བཙོན་འཇུག་དང་སྒོར་མོ་སྟོང་བརྒྱད་ཀྱི་ཉེས་ཆད་བཅད།

བསམ་གཟས་ནས་མི་ལ་གནོད་འཚེ་བཏང་བའི་ནག་ཉེས་ཀྱིས་ལོ་གཅིག་གི་དུས་བཀག་བཙོན་འཇུག་དང་། བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་ཀྱིས་དུས་བཀག་བཙོན་འཇུག་ལོ་ལྔ་བྱེད་རྒྱུར་ཐག་གཅོད་བྱས།

ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོ་ཧེ་ཡིས་བསྙད་རྐོ་ཟིང་སློང་གི་ཉེས་པ་བསགས་པར་ལོ་གཉིས་དང་ཟླ་དྲུག་གི་དུས་བཀག་བཙོན་འཇུག་དང་། བསྙད་འདོགས་རྒྱུ་ལེན་བྱས་པར་དུས་བཀག་བཙོན་འཇུག་ལོ་གཉིས་དང་སྒོར་མོ་སྟོང་བརྒྱད་ཀྱི་ཉེས་ཆད་བཅད། བསམ་གཟས་ནས་མི་ལ་གནོད་འཚེ་བཏང་བའི་ནག་ཉེས་ཀྱིས་ཟླ་བདུན་གྱི་དུས་བཀག་བཙོན་འཇུག་ དང་བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་ཀྱིས་དུས་བཀག་བཙོན་འཇུག་ལོ་བཞི་དང་ཟླ་དྲུག་ལ་བྱེད་རྒྱུར་ཐག་གཅོད་བྱས།

ཞུ་སྦྱོར་ཕྱི་མ་སུན་ཆེ་གེ་མོ་ཧེ་ཡིས་བསྙད་རྐོ་ཟིང་སློང་གི་ཉེས་པ་བསགས་པར་ལོ་གཅིག་དང་ཟླ་དྲུག་གི་དུས་བཀག་བཙོན་འཇུག་དང་། བསྙད་འདོགས་རྒྱུ་ལེན་བྱས་པར་དུས་བཀག་བཙོན་འཇུག་ལོ་གཅིག་དང་སྒོར་མོ་སྟོང་གཉིས་ཀྱི་ཉེས་ཆད་བཅད། བསམ་གཟས་ནས་མི་ལ་གནོད་འཚེ་བཏང་བའི་ནག་ཉེས་ཀྱིས་ཟླ་དྲུག་གི་དུས་བཀག་བཙོན་འཇུག་དང་བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་ཀྱིས་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་དྲུག་ལ་བྱེད་རྒྱུར་ཐག་གཅོད་བྱས།

ཞུ་སྦྱོར་ཕྱི་མ་ཆིས་ཆེ་གེ་མོ་ཧེ་ཡིས་བསྙད་རྐོ་ཟིང་སློང་གི་ཉེས་པ་བསགས་པར་ཟླ་དྲུག་གི་དུས་བཀག་བཙོན་འཇུག་བྱེད་རྒྱུར་ཐག་གཅོད་བྱས།

                                                                                  ལོ་ཙཱ་བ། གཡང་འབུམ་རྒྱལ།