སྐྱེལ་དཀའ་བའི་མཚན་ལྗོངས་རིང་མོ།
2019.07.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

ཟླ་གསུམ་པར། ནང་ལོག་ཏུ་དཔྱིད་མགོ་ཚུགས་ནས་མེ་ཏོག་བཞད་ཡོད་ནའང་། མགོ་ལོག་ཏུ་སྐབས་རེར་ནམ་ཟླ་དྭངས་ཤིང་སྐབས་རེར་ཁ་བ་བབས་ནས་ས་གཞི་ཡོངས་དངུལ་དཀར་གྱིས་གོས་ལྭ་མནབས་པ་དང་མཚུངས་ཤིང་། ལྐོག་གྱུར་གྱི་གངས་ཀྱི་ཡུལ་ལྗོངས་ཤིག་ལྷུན་གྱིས་གྲུབ། ཟླ་གསུམ་པའི་མགོ་ལོག་གི་གྲང་རླུང་རུས་རྐང་ལ་ཟུག་ཅིང་། གངས་རི་འཁྱགས་པས་བསྡམས་འདུག་ཅིང་།   དབྱང་དབུགས་ཧ་ཅང་དཀོན་པའི་དུས་ཡིན་པས། ཆེས་དཀའ་སྡུག་ཆེ་བའི་དུས་ཚིགས་ཤིག་རེད།

དྲོད་གྲང་གོར་ཐིག་མན་གྱི་ཏུའུ་ཉི་ཤུ་ཡར་མར་རུ་ཡོད་པ་དང་། དབྱང་དབུགས་ཀྱི་འདུས་ཚད་ལོ་ཧྲིལ་བོའི་ཆེས་དམའ་བའི་བརྒྱ་ཆའི་ལྔ་བཅུར་སླེབས་ཡོད། ཟླ་གསུམ་པའི་མགོ་ལོག་གི་མཚན་ལྗོངས་རིང་མོ་ནི་སྐྱེལ་དཀའ་བ་ཞིག་རེད། གཉིད་མི་ཡོང་བའི་མཚན་མོར་ཀླད་པ་ཧ་ཅང་གསལ་བོ་ཡིན་ཞིང་། དོན་དག་རེ་རེ་ཡང་དང་བསྐྱར་དུ་དྲན་ཡོང་བས། ཞག་གང་བོར་ཕར་འཁོར་ཚུར་འཁོར་བྱས་ནས་གཉིད་ཐབས་བྲལ། སྐབས་རེར་ལོ་ན་རྒན་པའི་ཕ་མ་གཉིས་དྲན་འོང་ལ། རྒྱང་རིང་ཡུལ་དུ་ཁོ་ཚོའི་ལུས་པོ་བདེ་ཐང་གི་གནས་ཚུལ་གང་འདྲ་ཡིན་པ་དང་། གདོང་གི་གཉེར་མ་དང་མགོའི་སྐྲ་ལོ་དཀར་པོ་ཇེ་མང་དུ་སོང་ཡོད་དམ། སྐབས་རེར་རང་གི་བྱིས་པ་ཆུང་བ་སེམས་ལ་འཁོར་ཡོང་བ་དང་། ཁོས་ཆེས་ཐོག་མར་ཀྱ་ཙེ་གོམ་ཙེ་དང་སྐད་ཆ་སློབ་བཞིན་ཡོད་ཀྱང་། ད་ལྟ་ཇེ་བཟང་དུ་སོང་ཡོད་དམ། ཟ་མ་ཟ་རྒྱུར་མི་དགའ་བའི་གོམས་སྲོལ་ངན་པ་དེ་བསྒྱུར་ཡོད་དམ། ལས་ཚོགས་ལ་འགྲོ་ཞོར་དུ་ཁྱིམ་ཚང་སྐྱོང་བཞིན་པའི་རྒན་མོའི་བྱ་བ་ཐམས་ཅད་བདེ་ལེགས་ཡིན་ནམ། ཁྱིམ་ཚང་གི་འགན་ཁུར་ལྗིད་མོ་ཁྱེད་ཉིད་གཅིག་པུའི་ཕྲག་སྟེང་དུ་བབས་ཡོད་པས། རང་ཉིད་ཆེས་དགའ་བའི་བྱ་བར་ཤན་ཤུགས་མི་ཉུང་བ་ཞིག་ཐེབས་ཡོད་དམ། ད་དུང་ང་རང་ཆེས་སེམས་ཁུར་ཆེ་བ་ནི་ད་ལོ་དམའ་འབྲིང་གསུམ་པར་སླེབས་པའི་བུ་ཆེ་བ་ཡིན་པ་དང་། དུས་རྒྱུན་བསྐྱར་སྦྱོང་བྱས་ནས་མཚན་གུང་བར་འདུག་དགོས། ཉིན་མ་རེར་དུས་ཚོད་བཅུར་ཀླད་ཤུགས་ངལ་རྩོལ་བྱེད་དགོས་པས། སེམས་གཏིང་ནས་ཁོ་ལ་སེམས་ཁུར་ཞིག་སྐྱེས་ཡོང་།

འདི་དག་དྲན་ཐེངས་རེར་སེམས་སུ་འགྱོད་སྣང་ཞིག་དབང་མེད་དུ་སྐྱེས་ཡོང་། རྒྱང་རིང་གི་ས་མཐའ་རུ་སྡོད་པའི་ངས་ཅི་ཞིག་སྒྲུབ་ཐུབ་བམ། ངས་ཁ་པར་ལས་འཚམས་འདྲི་བྱེད་པ་ཙམ་ལས་ཅི་ཞིག་ཀྱང་བསྒྲུབ་མི་ཕོད། བུ་ཞིག་དང་། སྐྱེས་པ་ཞིག བྱིས་པའི་ཨ་ཕ་ཡིན་པའི་ང་རང་དུས་རྒྱུན་ཁོ་ཚོ་དང་མཉམ་དུ་འདུག་མི་ཐུབ། ལོ་ངོ་གསུམ་གྱི་རིང་ལ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གཟི་བརྗིད་ཀྱི་ལས་འགན་ཡོངས་འགྲུབ་བྱེད་ཆེད། ང་རང་ཉིད་ཀྱིས་དཀའ་ལས་རྒྱག་བཞིན་ཡོད་པར་མ་ཟད། ཁྱིམ་མིས་ཀྱང་རང་དང་མཉམ་དུ་ཡོད་ཚད་ཕུལ་བཞིན་ཡོད་པ་རེད།

ཤེས་མེད་ཚོར་མེད་ཀྱི་ངང་ནས་ང་རང་རང་ཉིད་ཀྱི་བྱ་བ་སྒྲུབ་ས་འདིར་བྲེལ་བཞིན་ཡོད། རྨ་ཆུའི་མགོ་ཁུངས་ཀྱི་ཝ་གཞུང་སྐར་འཚོ་དང་། མཚོ་སྐྱ་རེངས། མཚོ་སྔོ་རེངས་སོགས་ནི་དགུ་ཚིགས་འོད་དུ་འཚེར་བ་དང་ཀུན་ནས་མཚུངས་ཤིང་། ས་གཞི་འདིའི་སྟེང་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྟེ་རྨ་ཆུ་ཡོད་ལ། རྨ་ཆུ་ནི་བྱམས་དང་སྙིང་རྗེ་ལྡན་པའི་མ་ཡུམ་ཞིག་དང་འདྲ་བར་ཀྲུང་ཧྭ་མི་རིགས་གསོ་སྐྱོང་གནང་ཡོད། རྔམ་བརྗིད་ལྡན་པའི་རྨ་ཆེན་གངས་རིའི་འདབས་སུ། དད་ལྡན་མང་ཚོགས་ཀྱིས་ལྷག་བསམ་རྣམ་དག་གིས་བསྐོར་བ་བྱེད་བཞིན་འདུག གདོད་མའི་ཆོ་ག་དང་དྭངས་གཙང་གི་གངས་རི་ཡིས་ལྐོག་གྱུར་གྱི་བོད་ཁུལ་སྣང་བརྙན་ཞིག་བཞེངས་བསྐྲུན་བྱས་ཡོད། མགོ་ལོག་གི་གཉེན་པོ་གཡུ་རྩེའི་དྭངས་ཤིང་གཙང་ལ་ཡིད་དབང་འཕྲོག་པ་ཞིག་ཏུ་སྣང་ཡོད་པ་དང་། རྔམ་བརྗིད་ལྡན་པའི་གནས་རི་དེ་ལྷ་འཚོའི་འགྲམ་དུ་ཀྲོང་ངེར་འགྲེང་ཡོད་ཅིང་། སྨུག་སྤྲིན་སྲབ་མོ་ཞིག་གངས་རི་དང་གནས་རིའི་སྐེད་པར་དཀྲིས་ཡོད་ལ། རི་ལུང་ཀུན་ཏུ་སྐལ་བཟང་མེ་ཏོག་རྣམ་པར་བཞད་པ་དང་། རྟ་ཐོག་གི་སྟག་ཤར་ཞིག་གིས་འུར་སྐྱ་ཡར་འཕྱར་བ་ན་ནོར་ནག་རྣམས་ཆུ་བོའི་རྒྱུན་བཞིན་ཞོགས་འགྲོ། དེ་དག་གིས་རྩྭ་ཐང་གི་མཛེས་སྡུག་རྣམ་པ་ཞིག་ལྷུན་གྱིས་གྲུབ་ལ། དེ་ནི་ལྷ་ཡི་སྐྱེད་ཚལ་ཡིན་པར་བཤད་ཀྱང་ཆོག་ཆོག་རེད། རྒྱང་ཐག་རིང་ཞིང་རི་མཐོ་གཡང་གཟར་གྱི་ས་ཆ་འདི་རུ་དམར་དམག་གི་རྐང་རྗེས་ཕབ་མྱོང་བ་དང་། སྐབས་དེར་དམར་དམག་གིས་གངས་རི་དང་རྩྭ་ཐང་བརྒལ་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དུ་ཐོན་ལ། བོད་རིགས་མང་ཚོགས་ཀྱིས་རྟ་དང་གཡག་ལ་འབྲུ་རིགས་བཀལ་ནས་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་ཡོང་། དེ་ནས་ཐག་རིང་མཐའ་ཁུལ་གྱི་བོད་ཁུལ་དུ་གསར་བརྗེའི་མེ་སྟག་དེ་རྩྭ་ཐང་བསྲེགས་པའི་སྟོབས་ཤུགས་སུ་གྱུར་ཏེ། བློ་སྤོབས་ཅན་གྱི་ན་གཞོན་མང་པོ་དམར་དམག་དང་མཉམ་དུ་འཇར་འགོག་ནང་ཞུགས། རང་ཉིད་ཀྱི་སེམས་ལ་ཆེས་གཡོ་འགུལ་ཐེབས་པའི་དོན་ཞིག་ནི་དཔའ་བོ་མང་པོ་སྐྱེས་མྱོང་བའི་ས་གཞི་ཆེན་པོ་འདིའི་སྟེང་དུ། ད་བར་དུ་འཛམ་གླིང་སྟེང་ཆེས་རིང་བོའི་ལོ་རྒྱུས་སྙན་ངག་གེ་སར་རྒྱལ་བོའི་སྒྲུང་དར་ཡོད་པ་དང་།  གེ་སར་རྒྱལ་བོས་ཁྲབ་རྨོག་དཀར་པོ་མནབས་པ་དང་རྟ་ར་རར་ཞོན་ཏེ་རླུང་འཚུབ་ལ་བཅིབས་ཏེ་རྨ་ཆུའི་ཁུག་མགོ་བཅོ་བརྒྱད་ཡོད་སའི་རི་མཐོན་པོ་འཕྲེད་དུ་བཅད་དེ། ལྷ་འདྲེ་གདོན་བགེགས་ཐམས་ཅད་ལ་ཁྲོ་བའི་སྡང་མིག་བགྲད་པ་དང་ཀུན་ནས་མཚུངས། གེ་སར་རྒྱལ་བོས་ཕོ་བྲང་སེང་འབྲུག་སྟག་རྩེ་ནས་རྨ་ཡུལ་རྩྭ་ཐང་ལ་ཡུན་རིང་ཅེར་ནས་རྨ་ཡུལ་རྩྭ་ཐང་གི་མང་ཚོགས་རྣམས་སེམས་ལ་ཐོགས་ཡོད། མགོ་ལོག་རྩྭ་ཐང་དུ་གེ་སར་སྒྲུང་བ་མང་པོ་ཡོད་པ་དང་། གེ་སར་སྒྲུང་བཤད་མཁན་གྱི་སྒྱུ་རྩལ་པ་འདི་དག་ནི་ཚན་རིག་གིས་ཀྱང་འགྲེལ་བཤད་རྒྱག་དཀའ་བའི་ལྐོག་གྱུར་ཞིག་ཡིན་པ་དང་། ཁོ་ཚོས་གེ་སར་རྒྱལ་བོའི་དཔའ་བོའི་གཏམ་རྒྱུད་བརྒྱུད་སྒྲོག་བྱེད་བཞིན་འདུག

ངས་སྡེར་བུན་ལོ་རྒྱུས་སྙན་ངག་སྡེ་བའི་གེ་སར་སྒྲུང་བ་མཐོང་མྱོང་། ཁོ་ཚོས་སྒྲུང་བཤད་པའི་སྐབས་སུ། རང་ཉིད་ཀྱི་སེམས་ནང་གི་དཔའ་རྒོད་མཐོང་བ་དང་འདྲ་བར་ལག་པ་གཡུག་བཞིན་རྐང་བ་བརྡབས་པ་དང་། མི་དང་ལྷའི་དབྱེ་བ་ཡང་མི་འབྱེད་པར་སྨྱོས་པ་ལྟར་སྣང་།

མགོ་ལོག་རྩྭ་ཐང་ནི་ས་ཆ་འདི་འདྲ་ཞིག་ཡིན་ཞིང་། རྨ་ཡུལ་བུ་མོའི་སྙན་འཇེབས་ཀྱི་གླུ་སྐད་དེ་རྔམ་བརྗིད་ཀྱི་གངས་རིའི་ཁོང་གསེང་དང་། མུ་མཐའ་མེད་པའི་རྩྭ་ཐང་། ངའི་སེམས་ནང་དལ་བུར་སིམ་ཞིང་། དེས་ང་རང་རྨི་ལམ་གྱི་ཞིང་ཁམས་སུ་ཡུན་རིང་ཁྲིད་འགྲོ

ང་རང་མགོ་ལོག་ཏུ་ཡོང་བའི་འགན་འཁྲི་དྲན་པ་ན། ཀླད་པ་གསལ་བོར་གྱུར་ཏེ། གཉིད་འདོད་ཅི་ཡང་མེད་པར་གྱུར། དེང་སྐབས། རྒྱལ་ཁབ་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གནད་འགག་གི་དུས་སྐབས་སུ་ཡོད་པ་དང་། ལོ་ངོ་གསུམ་གྱི་རིང་ལ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་དང་། ང་ཚོ་ནི་རྒྱལ་ཁབ་དབུལ་སྐྱོར་མཁྲེགས་གཏོར་གྱི་འཐབ་ཕྱོགས་དང་པོའི་ལག་ལེན་མཁན་དང་། དེའི་ནང་ཞུགས་མཁན་དང་། བདེན་དཔང་བྱེད་མཁན་ཡིན། ང་ཚོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། མཚོ་སྔོན་དུ་སྡོད་པའི་སྐབས་སུ་ཅི་ཞིག་བསྒྲུབ་དགོས་སམ། མཚོ་སྔོན་དང་ཁ་འབྲལ་བའི་སྐབས་སུ་ཅི་ཞིག་བསྐྱུར་དགོས་སམ། ངས་དུས་རྒྱུན་དུ་དྲི་བ་འདི་གསུམ་པོ་རང་ཉིད་ལ་འདྲི་བཞིན་ཡོད། ངས་དྲི་བ་འདི་གསུམ་པོའི་དྲིས་ལན་ཡོངས་འགྲུབ་བྱེད་དགོས་ན། སེམས་གཏིང་ནས་གནས་འདིར་དགའ་ཞེན་དང་རང་ནུས་ཡོད་ཚད་ཀྱིས་དོན་དངོས་བསྒྲུབ་སྟེ། མགོ་ལོག་གི་དབུལ་སྐྱོར་མཁྲེགས་གཏོར་ཐད་རང་གི་བློ་གྲོས་དང་། རྔུལ་ཁྲག་ཕུལ་དགོས་པ་དང་། དུས་མཚུངས་སུ་དཀའ་སྡུག་ཆེ་བའི་མཐའ་མཚམས་ས་ཁུལ་དུ་ཏང་གཤིས་དང་རང་གཤིས་སྦྱོང་བརྡར་དང་། ནུས་པ་ཇེ་མཐོར་གཏོང་བ། མི་ཚེ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རང་ཉིད་མཐོར་འདེགས་གཏོང་བ་བཅས་བྱས་ན། ད་གཟོད་རྩ་འཛུགས་ཀྱི་ཡིད་ཆེས་དང་། འགོ་ཁྲིད་ཀྱི་སེམས་ཁུར། གྲོགས་པོའི་རེ་བ། ཁྱིམ་མིས་ཡོད་ཚད་ཕུལ་བའི་ཆེས་བཟང་པོའི་ལེགས་སྐྱེས་ཡིན། ཟླ་གསུམ་པར། མགོ་ལོག་གི་གཉིད་མི་ཁུགས་པའི་མཚན་མོ་རེ་རེར་ངས་རང་ཉིད་ཀྱི་མི་ཚེའི་དོན་དག་མང་པོར་བསམ་གཞིགས་གང་མང་བྱས་མྱོང་།

                                                                                                                   ལོ་ཙཱ། ཚེ་རིང་སྒྲོལ་མ།