ཀ་རིང་ཞང་དུ་བར་འདུམ་པ་བཟང་པོ་ཞིག་ཡོད།
2019.07.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཞོང་ཧྭ་རྫོང་ཀ་རིང་བོད་རིགས་ཞང་དུ་ས་དེའི་མི་ཚང་མས་ངོ་ཤེས་པའི་དམངས་ཁྲོད་ཀྱི་བར་འདུམ་པ་ཞིག་ཡོད་དེ། ལོ་ངོ་མང་པོའི་རིང་ལ། ཁོ་རང་ས་དེའི་བར་འདུམ་པ་ཞིག་བྱས་ཏེ། ས་གནས་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ལ་རང་ཉིད་ཀྱི་བྱས་རྗེས་བཞག་ཏེ། གུང་ཁྲན་ཏང་ཡོན་ཞིག་གི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས།

ཁོའི་མིང་ལ་སྐལ་བཟང་ཚེ་རིང་ཟེར་ཞིང་། ལས་འགན་ཁུར་མཚམས་བཞག་མ་ཐག་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པ་དང་། ཁོ་གླེང་སྐབས། ཀ་རིང་ཞང་ཏང་ཨུ་ཧྲུའུ་ཅི་རྡོ་བྷ་ཡི་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། ཁོ་ནི་ཀ་རིང་ཞང་དུ་མིང་དུ་གྲགས་པའི་བར་འདུམ་པ་ཞིག་ཡིན། སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་ཀྱང་། སྡེ་བའི་ནང་གི་དོན་དག་ཡོད་ཚད་ལ་ཁོས་སེམས་ཁུར་བྱེད་བཞིན་ཡོད་ལ། སྤྱིར་བཏང་སྡེ་བའི་ནང་གི་འགལ་བ་དང་རྩོད་གླེང་མང་པོ་ཞིག་ཕལ་ཆེར་ཁོ་རང་གདོང་ལ་བུད་དེ་འདུམ་འགྲིག་བྱེད་བཞིན་ཡོད་ཟེར།

རྡོ་བྷ་ཡིས་གསར་འགོད་པར་བཤད་རྒྱུར། སྔོན་ཆད། བུས་ཐང་སྡེ་བ་དང་ཁྱིམ་མཚེས་སྡེ་བའི་བར་དུ་རྩྭ་ས་རྩོད་གླེང་རྒྱུན་དུ་འབྱུང་བཞིན་ཡོད་པ་དང་། ཞང་སྡེའི་ལས་བྱེད་པ་སྔོན་ལ་བུད་དེ་མིག་མདུན་གྱི་གནད་དོན་རེ་ཞིག་ཐག་གཅོད་བྱེད་ཐུབ་ཀྱང་། ལོ་གཅིག་གཉིས་ཞིག་མ་འགོར་བར་ཡང་བསྐྱར་འགལ་བ་འབྱུང་བཞིན་ཡོད་པས། ཞང་གི་འབྲེལ་ཡོད་མི་སྣས་སྐལ་བཟང་ཚེ་རིང་བཙལ་ཏེ། ཁོ་རང་འདུམ་འགྲིག་པ་བྱེད་དུ་བཅུག་ནས་འགལ་བ་དེ་ཞི་འཇགས་སུ་གཏོང་བཞིན་ཡོད།

སྐལ་བཟང་ཚེ་རིང་གིས་བཤད་རྒྱུར། ང་དང་ཏཱ་ཀྲོང་སྡེ་བའི་བར་ལ་རྒྱུན་དུ་འགྲོ་འོང་ཡོད་པ་དང་། ངས་སྡེ་བ་གཉིས་ཀྱི་འགན་ཁུར་མི་སྣ་བཙལ་ཏེ། སེམས་ཞིབ་མོས་ཁོ་ཚོར་བསླབ་བྱ་བཏང་བར་མ་ཟད། དེ་དང་ཆབས་ཅིག་ཏུ། མང་ཚོགས་ལ་ཏང་གི་སྲིད་ཇུས་འགྲེལ་བརྗོད་དང་དྲིལ་སྒྲོག་བྱས་ནས། ཁོ་ཚོ་མཐུན་སྒྲིལ་དང་འགྲིག་མཐུན་ཡོང་བར་སྣེ་ཁྲིད་བྱས་ཟེར། མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་ཁོའི་འབད་བརྩོན་གྱི་འོག་ཏུ། ལོ་བཅོ་ལྔའི་རིང་གི་ཏཱ་ཀྲོང་སྡེ་བ་དང་བུས་ཐང་སྡེ་བ་གཉིས་ཀྱི་རྩོད་གླེང་དེ་མཐའ་མཇུག་ཞི་འཇགས་ཀྱིས་ཐག་གཅོད་བྱས་པ་དང་། སྡེ་བ་གཉིས་ཀྱི་སྡེ་མིའི་འགྲོ་འོང་ཡང་ཉིན་རེར་ཇེ་ཟབ་ཏུ་གྱུར་ཏེ། སྡེ་བ་གཉིས་ཀྱི་རྗེས་ཕྱོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་། ད་ལྟའི་བར་སྡེ་བ་གཉིས་ཀྱི་བར་དུ་ཡང་བསྐྱར་འགལ་བ་བྱུང་མེད་པ་དང་། སྡེ་མི་རྣམས་ཀྱི་བར་དུའང་འགྲོ་འོང་བྱེད་བཞིན་ཡོད་ལ། བོད་རིགས་དང་ཟ་ལར་རིགས་གཉིས་ཀྱི་བར་དུའང་མི་རིགས་ཀྱི་བརྩེ་བ་ཟབ་མོ་རིམ་བཞིན་ཆགས་བཞིན་ཡོད།

ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། ཁོའི་བྱས་རྗེས་དེ་ཀ་རིང་ཞང་གི་ཁྱིམ་ཚང་ཚང་མས་ཤེས་ཡོད། ལོ་འདི་དག་གི་རིང་ལ། སྡེ་བ་སོ་སོ་ནས་བྱུང་བའི་ཆུ་ཁུངས་རྩོད་པ་དང་། ས་རྩོད་པ། སྡེ་བའི་ཁྱིམ་མཚེས་བར་དུ་རྩོད་པ་བྱུང་བ། ཨ་ནེ་དང་མནའ་མའི་བར་དུ་འགྲིག་མཐུན་མེད་པ་སོགས་དོན་དག་གང་ཡིན་ཡང་སྐལ་བཟང་ཚེ་རིང་ཐོན་མི་དགོས་ས་གཅིག་ཀྱང་མེད་ལ། ཁོ་རང་ལ་ཆད་སྣང་དང་སུན་སྣང་ཡང་གཏན་ནས་བྱུང་མྱོང་མེད། ཁོ་རང་ནམ་ཡང་འདུམ་འགྲིག་བྱེད་པར་བྲེལ་བའི་ལམ་དུ་ཡོད་པས། མི་རྣམས་ཀྱིས་ཁོ་ལ་བར་འདུམ་པ་ཞེས་པའི་མིང་ཞིག་ཀྱང་བཏགས་འདུག

ཐེངས་ཤིག་ལ། སྡེ་བའི་ནང་གི་ཁྱིམ་ཚང་གཉིས་ཀྱིས་སྒོ་ཁའི་ས་ལག་མཐིལ་ཙམ་ཞིག་གི་ཆེད་དུ་རྩོད་གླེང་བྱུང་བ་ལ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྐལ་བཟང་ཚེ་རིང་བོས་ཏེ་འདུམ་འགྲིག་བྱེད་དུ་བཅུག ཁོ་རང་འདུམ་འགྲིག་བྱེད་དུ་སོང་དུས། ཁོང་ཁྲོ་ལངས་་ཡོད་པའི་ཁྱིམ་ཚང་གཉིས་ཀྱིས་སྐལ་བཟང་ཚེ་རིང་སྒོ་ཕྱི་ལ་ཕུད།   གནས་ཚུལ་འདི་འདྲར་འཕྲད་པ་ཤིན་ཏུ་ཉུང་ཡང་། སྐལ་བཟང་ཚེ་རིང་ཁོ་ཚོའི་ཁོང་ཁྲོ་ཡིས་ཡིད་ཕམ་དུ་མ་བཅུག་པར། ཐེངས་མང་པོར་ཁྱིམ་ཁ་དེ་གཉིས་ལ་བྱིན་པ་དང་། ཐ་ན་ཁྱིམ་ཁ་དེ་གཉིས་ཀའི་སྒོ་ཁ་ནས་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་སྒོ་ནས་གནས་ལུགས་གང་མང་བཤད་པས། ཁྱིམ་ཚང་དེ་གཉིས་ཀ་ཁོའི་རྒྱུན་འཁྱོངས་དང་ནན་ཏན་གྱི་རྣམ་འགྱུར་ལ་ཡིད་འགུལ་ཐེབས་ཏེ། རང་རང་ས་ནས་འགལ་བ་འདུམ་འགྲིག་བྱས།

ལོ་ངོ་ཉི་ཤུའི་རིང་ལ། ཁོས་བར་འདུམ་པའི་ལས་འགན་ཕྲག་ཏུ་བླངས་པར་མ་ཟད། འགལ་བ་དང་རྩོད་གླེང་བཞི་བཅུ་ལྷག་བདེ་བླག་གིས་ཐག་གཅོད་བྱས་པས། ཀ་རིང་ཞང་གི་སྤྱི་ཚོགས་བརྟན་འཇགས་དང་མི་རིགས་མཐུན་སྒྲིལ་ཡོང་བར་བྱས།  ད་ལྟ་ཀ་རིང་ཞང་དུ་འགལ་བ་དང་རྩོད་གཞི་སྣ་ཚོགས་སྔར་ལས་མངོན་སུམ་གྱིས་ཇེ་ཉུང་དུ་སོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་སྒྲིལ་གཅིག་སྒྲིལ་སྒོས་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བར་བརྩོན་བཞིན་མཆིས།

སྐལ་བཟང་ཚེ་རིང་གིས་དགོད་ཞོར་དུ་བཤད་རྒྱུར། ཏང་གི་སྲིད་ཇུས་སྔར་ལས་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། མང་ཚོགས་ཀྱི་འཚོ་བ་ཡང་སྔར་ལས་ཇེ་སྐྱིད་ནས་ཇེ་སྐྱིད་ཡིན་ལ། རྗེས་ཕྱོགས་ཀྱི་འཚོ་བའི་ནང་འགལ་བ་དང་རྩོད་གཞི་ཇེ་ཉུང་ནས་ཇེ་ཉུང་དུ་སོང་སྟེ། བར་འདུམ་པ་ཁོ་རང་ལས་འཁྱུར་ངལ་གསོ་བྱེད་ཐུབ་རྒྱུ་ནི་རེ་བ་ཡིན་ཞེས་བཤད།

                                                                                                                    ལོ་ཙཱ། ཚེ་རིང་སྒྲོལ་མ།