མི་དམངས་ཀྱི་སྣེ་ཁྲིད་དེ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་མཁན།
2019.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

“ཉིན་འདི་ཚོར་གསར་འགོད་པ་ཅི་འདྲ་ཞིག་མང་གི”ཁ་པར་གྱི་སྣེ་གཅིག་ཏུ་དེ་ལྟར་ཟེར་བཞིན་ཡེ་ཤེས་མཚོ་ཡི་དྭངས་གསལ་གྱི་དགོད་སྒྲ་དེ་ཉེ་བར་གྲགས་འོངས་ཤིང་། དགོད་སྒྲ་དང་འདྲེས་པའི་སྐད་ཆ་དེ་ལས་བོད་རིགས་བུད་མེད་ཅིག་གི་དྭངས་གཙང་གི་ལྷག་བསམ་དང་ལྷད་མེད་ཀྱི་ཡིད་གཞུང་དེ་ཡང་ངང་གིས་མངོན་ཡོང་།

ཡེ་ཤེས་མཚོ་དང་མོའི་ཁྱིམ་མི་རྣམས་ཞིན་ཧེ་རྫོང་ཆུ་ཁོལ་ཞང་སྒུར་སྐམ་སྡེ་བ་ནས་གནས་སྤར་ཏེ་ཞིན་ཧེ་རྫོང་ཐོག་ཏུ་ཡོང་ཡོད། ཕྱུགས་འཚོ་བ་དང་འདེབས་འཛུགས་སོགས་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་དང་གྱེས་རྗེས། སྔར་ལས་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་རྒྱུ་དེ་ནི་ངེས་པར་དུ་བསམ་བློ་གཏོང་དགོས་པའི་གནད་དོན་འབའ་ཞིག་ཏུ་གྱུར་ཡོད་པ་རེད།

མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་སུ་བསམ་བློའི་སློབ་གསོ་ཡག་པོ་ཞིག་མྱངས་ཡོད་པའི་ཡེ་ཤེས་མཚོ་ཡིས་ནམ་རྒྱུན་དུ་ཕ་ཡུལ་གྱི་ཐོན་ཁུངས་ལེགས་པོ་དེ་བཀོལ་སྤྱོད་བྱས་ཏེ། རང་ཉིད་ལ་དབང་བའི་ལས་ཀ་ཤིག་གསར་སྐྲུན་བྱས་ནས་ཕ་ཡུལ་མི་དམངས་ཀྱི་སྣེ་ཁྲིད་དེ་འབྱོར་ཕྱུག་གི་ལམ་དུ་ཇི་ལྟར་བསྐྱོད་རྒྱུའི་ཐད་ལ་བསམ་བློ་གཏོང་གི་ཡོད།

ཉིས་སྟོང་བརྒྱད་ལོར་སློབ་ཆེན་མཐར་ཕྱིན་རྗེས་སུ། ཡེ་ཤེས་མཚོ་ཡིས་རྨོངས་ཚོད་ཀྱིས་དབྱར་རྩྭ་དགུན་འབུའི་ཚོང་ལས་གཉེར་བ་རེད། སྐབས་དེར་མོའི་བག་ཆགས་ཀྱི་ཁྲོད་དུ་དབྱར་རྩྭ་འགུན་འབུའི་ཚོང་རྒྱག་པ་ནི་སྒོར་མོ་འཚོལ་ཐུབ་པའི་ཚོང་ལས་ཤིག་ཡིན་པར་འདོད་ཡོད།

བྱ་བ་ཀུན་གྱི་མགོ་རྩོམ་རྒྱུ་ནི་ཤིན་ཏུ་དཀའ་ཞེས་པ་ནང་བཞིན། ཡེ་ཤེས་མཚོ་ཚོང་ལས་ཀྱི་ལམ་དུ་ཞུགས་ནས་ཅུང་ཙམ་ལས་མ་འགོར་བར་དབྱར་རྩྭ་དགུན་འབུའི་རིན་གོང་དེ་གློ་བུར་དུ་མར་ལྷུང་བས། ཡོང་འབབ་ཧ་ཅང་མི་བརྟན་པར་གྱུར། དེ་བས་ཁོ་མོས་མིག་ཟུང་དེ་བོད་ཀྱི་གཙགས་དྲུབ་སྒྱུ་རྩལ་ལས་རིགས་ཀྱི་སྟེང་དུ་ཕྱོགས་ཤིང་། རྒྱུ་མཚན་ནི་ཁོ་མོ་སློབ་ཆེན་འགྲིམ་པའི་སྐབས་སུ་ཕྱི་ཕྱོགས་ནས་ཡོང་བའི་སློབ་གྲོགས་མང་པོ་ཞིག་གིས་བོད་ཀྱི་གཙགས་དྲུབ་སོགས་ལག་ཤེས་སྒྱུ་རྩལ་གྱི་ཕྱོགས་ལ་དགའ་མོས་ཆེན་པོ་བྱེད་བཞིན་པ་ཁོ་མོས་གསལ་བོར་རྟོགས་ཡོད།

ཉིས་སྟོང་བཅུ་གཉིས་ལོར། ཡེ་ཤེས་མཚོ་ཧྲིན་ཀྲིན་གྲོང་ཁྱེར་དུ་ལྟ་སྐོར་དུ་སོང་བར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཙགས་དྲུབ་ལ་ཚོང་ར་རྒྱ་ཆེན་པོ་ཞིག་ཡོད་པ་གཞི་ནས་རྟོགས། དེ་ནས་བཟུང་མོས་གཙགས་དྲུབ་ལ་བརྟེན་ནས་ཕ་ཡུལ་མི་དམངས་ཀྱི་སྣེ་ཁྲིད་ཏེ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་རྒྱུའི་སེམས་ཐག་བཅད།

ཧྲིན་ཀྲིན་ནས་ཕྱིར་ཕ་ཡུལ་དུ་ལོག་རྗེས། ཡེ་ཤེས་མཚོ་ཐོག་མར་གཙགས་དྲུབ་རིག་གནས་ཀྱི་ལམ་ཁར་ཞུགས་མགོ་བརྩམས། གཙགས་དྲུབ་ནི་གཙོ་བོ་ལག་བཟོའི་སྒྱུ་རྩལ་ལ་བརྟེན་དགོས་པས་དཀའ་ངལ་ཆེ་བར་མ་ཟད་མ་རྩ་ཡང་ཤིན་ཏུ་མཐོ། དེ་བས་ཡེ་ཤེས་མཚོ་ཡིས་འཕྲུལ་ཆས་ལ་བརྟེན་ནས་གཙགས་དྲུབ་མང་པོ་ཐོན་སྐྱེད་བྱེད་པར་སེམས་ཐག་བཅད།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་བར། ཡེ་ཤེས་མཚོ་ཡིས་ཧྲིན་ཀྲིན་ནས་རྩིས་འཁོར་ལ་མཁས་པའི་དགེ་རྒན་གསུམ་གདན་འདྲེན་བྱས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་སེང་ལྡང་ལམ་གྱི་ཉེ་འགྲམ་དུ་འཁོར་ཁང་ཞིག་གླས་ཏེ།  ལས་བཟོ་བ་ཉེར་བདུན་དང་མཉམ་དུ་གཙགས་དྲུབ་ཀྱི་ལས་རིགས་གསར་སྐྲུན་བྱེད་པའི་ལམ་དུ་ཞུགས། 

ཟླ་བ་གསུམ་གྱི་དུས་ཚོད་ཐུང་ངུའི་ནང་དུ་ཀུང་ཟི་དེའི་བདག་གཉེར་དངུལ་གྲངས་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བདུན་ལ་བུད་ཅིང་།  ཀུང་ཟི་དེར་ཞུགས་པའི་ལས་བཟོ་བ་ཡང་མང་དུ་བྱུང་བས་ཡེ་ཤེས་མཚོའི་སེམས་སུ་དགའ་སྤྲོའི་མེ་ཏོག་ལྷུག་པོར་བཞད།

དེའི་རྗེས་སུ་ཡེ་ཤེས་མཚོ་ཡིས་ཕྱི་རྒྱལ་ནས་ཀྱང་བོད་ཀྱི་གཙགས་དྲུབ་སྐོར་གྱི་ལག་ཤེས་སྒྱུ་རྩལ་གྱི་ཡན་ལག་ཀུང་ཟི་ཕྱེས་པ་དང་། དེ་ཡིས་ཕ་ཡུལ་གྱི་ཁྱིམ་ཚང་བཞི་བཅུ་ལྷག་གི་རོང་འབྲོག་མང་ཚོགས་ཀྱི་ལས་གནས་ཀྱང་ཞོར་དུ་ཐག་གཅོད་བྱས།

ཀུང་ཟི་དེའི་ལག་རྩལ་དང་ཇུས་འགོད། ཐོན་སྐྱེད་སོགས་བྱ་བ་གང་ཡིན་ཡང་ཁོ་མོ་དང་འབྲལ་ཐབས་ཡེ་ནས་མེད། དེའི་སྟབས་ཀྱིས་ཀུང་ཟིའི་དོན་དག་སྣ་ཚོགས་ཀྱི་ཕྱིར་དུ་ཁོ་མོ་ལ་ནམ་ཡང་ཁོམ་ལོང་ཅུང་ཙམ་ཡང་མེད།

ཡིན་ནའང་ཡེ་ཤེས་མཚོ་ལ་མཚོན་ན་ཆེས་ཆེ་བའི་དཀའ་ཁག་ནི་ཀུང་ཟི་གསར་དུ་བཙུགས་པས། འཛད་སྤྱོད་ཀྱི་ལམ་རྒྱ་ཆེར་མེད་ཅིང་དེའི་ཁར་ཟླ་རེ་ལ་དངུལ་ཁང་དུ་སྒོར་མོ་ཁྲི་བཅུ་ལྷག་གི་དངུལ་བུན་སྤྲོད་དགོས་པ་དེ་རེད།

དེ་ལྟར་དངུལ་ཁང་ལ་དུས་ཐོག་ཏུ་དངུལ་བུན་སྤྲོད་དགོས་པའི་དཀའ་ཁག་གི་འོག་ཏུ  ཁོ་མོ་ཕྱོགས་བཞི་མཚམས་བརྒྱད་དུ་ཉུལ་ནས་མ་དངུལ་བསྡུ་རུབ་བྱེད་བཞིན་ཡོད། ཁོ་མོས་བཤད་རྒྱུར། “རང་གིས་འདེམ་པའི་ལམ་དེར་ནུར་ནས་ཡིན་ཀྱང་འགྲོ་དགོས”ཟེར།

ཡེ་ཤེས་མཚོ་ཡིས་ལོ་ངོ་བཞི་ལ་རྒྱུན་འཁྱོངས་བྱས་ཏེ། ཕ་ཡུལ་གྱི་རོང་འབྲོག་ཁྱིམ་ཚང་བཞི་བཅུ་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱས། ད་ལྟ་ཁོ་མོ་ཡོད་པའི་སྡེ་བ་དེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོའི་ཐད་ཕར་སྣོན་ཆེན་པོ་བྱུང་ཡོད། 

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པར། ཡེ་ཤེས་མཚོ་ཡིས་བལ་བོ་ནས་གཙགས་དྲུབ་སྒྱུ་རྩལ་གྱི་ཡན་ལག་ཀུང་ཟི་ཕྱེས་པའི་སྐབས་སུ། མོའི་ཕ་རྒན་གྱིས་མོ་ལ་ཁ་པར་བཏང་ནས་བཤད་རྒྱུར། “ཁྱོད་ཀྱི་ལས་ཞུགས་གསར་སྐྲུན་གྱི་བྱ་བ་དེ་ད་ལྟ་མཚམས་འདི་འདྲར་བསླེབས་ཡོད་པས། རྗེས་ཕྱོགས་སུ་མུ་མཐུད་དུ་ཤུགས་སྣོན་བྱོས”ཟེར། བབ་ཆགས་པའི་སྐད་ཆ་དེས་ཡེ་ཤེས་མཚོ་ལ་སེམས་འགུལ་ཚད་མེད་ཐེབས། ཁོ་མོར་མཚོན་ན་ཁྱིམ་མིའི་སྣེ་ཁྲིད་ནི་ཆེས་ལེགས་པའི་སྐུལ་ལྕག་ཡིན།

ཀུང་ཟི་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ཡེ་ཤེས་མཚོ་བཙལ་ནས་མཉམ་འབྲེལ་བྱེད་མཁན་གྱི་མི་ཡང་ཇེ་མང་ནས་ཇེ་མང་རེད། དེ་དང་མཉམ་དུ། བལ་བོ་ནས་ཡན་ལག་ཀུང་ཟི་བཙུགས་ཡོད་པས་ཁོ་མོའི་དུས་ཚོད་མང་པོ་ཞིག་ཀྲུང་གོ་དང་བལ་བོ་གཉིས་ཀྱི་བར་ནས་ཕར་འགྲོ་ཚུར་འོང་བྱས་ནས་ཟད་བཞིན་ཡོད།

ཡེ་ཤེས་མཚོ་ཡིས་བཤད་རྒྱུར། ད་ལྟ་ཁོ་མོའི་རེ་འདུན་ནི་ཕ་ཡུལ་གྱི་མི་རིགས་རིག་གནས་ཀྱི་ཐོན་རྫས་སྣ་ཚོགས་ཕྱི་རྒྱལ་གྱི་ས་གནས་སོ་སོར་ཁྱབ་ཏུ་འཇུག་རྒྱུ་དེ་ཡིན་ཞིང་། དེའི་ཞོར་དུ་ཡུལ་མི་རྣམས་ལ་སྔར་ལས་མང་པོའི་ལས་གནས་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་ཟེར། མིག་སྔར་ཁོ་མོས་དབྱིན་ཇི་དང་ཧྥ་རན་སི་ནས་ཡན་ལག་ཀུང་ཟི་འཛུགས་པར་ཇུས་འགོད་བྱེད་བཞིན་ཡོད།

“ཉིན་འདི་ཚོར་གསར་འགོད་པ་ཅི་འདྲ་ཞིག་མང་གི”ཡེ་ཤེས་མཚོ་ཡིས་འབད་བརྩོན་ཆེན་པོས་ཕུགས་འདུན་འཚོལ་སྙེག་བྱས་པ་དེས་མི་མང་པོ་ཞིག་ལ་བག་ཆགས་ཟབ་མོ་བཞག་པར་མ་ཟད། སྨྱན་བྱད་སྡེ་ཁག་མང་པོ་ཞིག་གིས་ཀྱང་དེའི་སྐོར་ལ་བཅར་འདྲི་བྱས་པར། ཁོ་མོས་ད་གཟོད་དྲི་བ་དེ་འདྲ་བཏོན་པ་རེད།

“གསར་འགོད་པ་འདི་འདྲ་མང་པ་ནི་ཁྱོད་ལ་མྱུར་དུ་སྙན་གྲགས་ཆེན་པོ་རྒྱས་རྒྱུ་ཡིན་པས་རེད། ”གསར་འགོད་པས་དེ་ལྟར་བཤད་པར།  ཡེ་ཤེས་མཚོ་གད་མོ་ཆེན་པོ་བགད་བྱུང་།

                                                                        ལོ་ཙཱ་བ། གཡང་འབུམ་རྒྱལ།