གཙང་ཞིང་གྲལ་དག་པའི་རྐང་ཚ་རྫོང་མཁར་གྱི་སྤྱི་པའི་གསང་སྤྱོད་ཁང་།
2019.07.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

ཉེ་ལམ་གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་གསེར་མིག་ཉ་མོས་འཁྱུག་རྩལ་ངོམ་ཞིང་བྱ་བྱེའུ་སྣ་ཚོགས་ཀྱིས་གཤོག་རྩལ་ངོམས་པའི་མཚོ་སྔོན་པོའི་བྱང་འགྲམ་དང་། གཙང་པོའི་ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ་མོ་ཡིན་པའི་ངོ་མཚར་ལྟ་ན་སྡུག་པའི་འོམ་ཆུའི་ཁ། མུ་མཐའ་བྲལ་ཞིང་སྔོ་ལྗང་ངེར་གནས་པའི་རྩྭ་ཐང་གི་ཁྱོན།འདུ་ཚོགས་ཀྱི་ཡོ་ལང་རྒྱས་པའི་གྲོང་རྡལ་གྱི་སྲང་ལམ། ཁོད་ཡངས་ལ་ངོས་སྙོམས་པའི་གཞུང་ལམ་གྱི་ངོགས་སོགས་ཡུལ་གང་དུ་སོང་ནའང་གད་སྙིགས་གཅིག་ཀྱང་མེད་པར་གཙང་མར་གནས་པ་མཐོང་།

གསར་འགོད་པ་རྐང་ཚ་རྫོང་མཁར་གྱི་སྤྱི་པའི་གསང་སྤྱོད་ཁང་ཞིག་གི་ནང་དུ་འཛུལ་མ་ཐག གྱང་ངོས་ཡོངས་སུ་རྐང་ཚ་རྫོང་གི་ཡུལ་སྐོར་མཛེས་ལྗོངས་ཀྱི་འདྲ་པར་དང་མེ་ཏོག་གི་ཚོམ་བུ་བཀལ་ཡོད་པ་དང་། གྱང་ངོས་དང་ཐང་གི་རྡོ་གཅལ་ལ་འོད་འཁྱུག་ཅིང་རང་གི་གཟུགས་ཀྱང་དེའི་སྟེང་དུ་འཆར་ལ། ནང་དུ་འབོལ་ཁྲི་དང་ཤེལ་གྱི་མདུན་ཅོག་བཞག་ཡོད་པས། གསང་སྤྱོད་ཁང་གི་སྣོམ་དཀའ་བའི་དྲི་ངན་ཅི་ཡང་མི་ཚོར་བར་རང་ཉིད་ཁྱིམ་ཚང་ངམ་གཞུང་ལས་ཁང་ཞིག་ཏུ་ཐོན་པ་མིན་ནམ་སྙམ་ནས་ཞིབ་ཏུ་ལྟ་དུས། གསང་སྤྱོད་ཁང་ཚང་མར་ཡོད་པའི་ཕོ་མོ་གཉིས་ཀྱི་མཚོན་རྟགས་ཁང་བ་དེའི་ནང་གི་གཡས་གཡོན་གཉིས་སུ་གསལ་བོར་ཡོད་པ་མཐོང་།

དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ལ། གསང་སྤྱོད་ཁང་དེའི་ནང་དུ་འཛུལ་མ་ཐག་གྱང་ངོས་གཡོན་ལོགས་སུ་མཐོང་སྣང་འབྲི་ས་ཞིག་ཡོད་ལ། དེ་རུ“ཀྲུང་གོའི་ཆེས་མཛེས་པའི་གསང་སྤྱོད་ཁང”དང“ང་ཚོ་ནི་ཀོས་ཀྲུའུ་ནས་ཐོན་པའི་ཡུལ་སྐོར་པ་ཡིན་ལ། ཡུལ་ལྗོངས་མཛེས་ལ་གསང་སྤྱོད་ཁང་ཁྱིམ་ལྟར་གཙང་། ”“འདི་ནི་ངས་མཐོང་བའི་ཆེས་བཟང་པའི་གསང་སྤྱོད་ཁང་ཡིན་ལ། ཆེས་མི་སེམས་འགུག་ཐུབ་པའི་ས་ཆའང་ཡིན”ཞེས་ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་ཡུལ་སྐོར་པ་རྣམས་ཀྱིས་གསང་སྤྱོད་ཁང་དེར་ཐོན་པའི་མཐོང་སྣང་སྣ་ཚོགས་བྲིས་འདུག གསང་སྤྱོད་ཁང་གི་བདག་སྐྱོང་པ་ཚའོ་ཀྲེན་ཆིན་ལགས་ཀྱིས་གསང་སྤྱོད་ཁང་དུ་ཐོན་པའི་མགྲོན་པོ་རྣམས་ཀྱིས་བྲིས་པའི་མཐོང་སྣང་ཚང་མ་ཕྱོགས་གཅིག་ཏུ་བསྒྲིགས་ནས་དེབ་ཆུང་ཞིག་ཏུ་བཟོས་ཡོད་པ་དེ་རེ་རེ་བཞིན་ང་ལ་བསྟན་བྱུང་།

མཐོ་སྒང་གྲང་འཁྱགས་ཀྱི་ཡུལ་ཞིག་ཏུ་གསང་སྤྱོད་ཁང་འདི་འདྲ་གཙང་ཞིང་གྲལ་དག་པ་ཞིག་ཡོད་པར་ཡིད་སྨོན་འཆོར་བ་དང་།ངོ་མཚར་དང་བཅས་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་གཏུག་བྱས་ཏེ་རྐང་ཚ་རྫོང་གི་གྲོང་ཁྱེར་དོ་དམ་ཅུས་སུ་གནས་ཚུལ་འདིར་རྒྱུས་ལོན་བྱེད་དུ་སོང་།

“ལོ་ངོ་གཉིས་གསུམ་ཙམ་གྱི་རིང་ལ། རྐང་ཚ་རྫོང་གིས་མ་དངུལ་སྒོར་ཁྲི་བདུན་བརྒྱ་ལྷག་བཏང་སྟེ་རྫོང་མཁར་ནས་ཆེ་ཆུང་ལ་སྨི་གྲུ་བཞི་མ་བདུན་བཅུ་ནས་བརྒྱ་དང་ལྔ་བཅུ་ཡོད་པའི་སྤྱི་པའི་གསང་སྤྱོད་ཁང་ཉེར་བཞི་བསྐྱར་ལས་དང་གསར་སྐྲུན་བྱས། གསང་སྤྱོད་ཁང་དེ་དག་གི་ཆེ་ཆུང་ལ་རིགས་སྣ་ཚོགས་ཡོད་ཀྱང་དོ་དམ་དང་ཚད་གཞི་ཚང་མ་འདྲ་མཉམ་ཡིན”ཞེས་རྐང་ཚ་རྫོང་གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་ཕན་ཧའེ་ཕུན་ལགས་ཀྱིས་གསལ་ཆ་ལྡན་པའི་སྒོ་ནས་བཤད་སོང་།

གསང་སྤྱོད་ཁང་དུ“བདེ་འཇགས་སྨན་སྒམ”ཞེས་བྲིས་ཡོད་པའི་ཤེལ་སྒམ་ཞིག་གི་ནང་དུ་སྲོ་ལོ་དམར་པོ་དང་དབྱངས་དབུགས་སྒམ། རྨ་ཁའི་སྦྱོར་སྨན་སོགས་ཡོད་ལ། གསར་འགོད་པས་སྨན་སྒམ་འདིའི་ནང་གི་སྨན་རྣམས་གླ་རིན་མ་བྱིན་པར་བེད་སྤྱོད་བྱས་ན་ཆོག་གམ་ཞེས་ཅུས་ཀྲང་ཕན་ལགས་ལ་འདྲི་དུས། ཁོས“རབ་མཛེས་མཚོ་སྔོན་གྱི་སྙན་གྲགས་ཕྱོགས་བཞིར་རྒྱས་པ་དང་། ང་ཚོའི་རྫོང་ནི་མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་བྱང་ངོགས་སུ་ཆགས་ཡོད་ལ།རྒྱལ་ཁབ་ཀྱིA4རིམ་པའི་ལྗོངས་ཁུལ་ཡང་ཡིན་པས་རྐང་ཚ་རྫོང་དུ་ཡུལ་སྐོར་དུ་ཡོང་མཁན་ཤིན་ཏུ་མང་། གཅིག་ནས་ཡུལ་སྐོར་པ་རྣམས་ལ་རྐང་ཚའི་སྣང་བརྙན་བཟང་པོ་འཇོག་པ་དང་། གཉིས་ནས་རང་རྫོང་གི་མང་ཚོགས་ལ་ཁོར་ཡུག་གཙང་སྦྲའི་ཐད་སྣེ་ཁྲིད་བྱེད་ཆེད་རྫོང་མཁར་དུ་ཡོད་པའི་སྤྱི་པའི་གསང་སྤྱོད་ཁང་གི་སྒྲིག་ཆས་ཆ་ཚང་དུ་བསྒྲིགས་ཤིང་གཙང་སྦྲ་ལ་ཤུགས་སྣོན་བྱས་པ་ཡིན”ཟེར།

རྐང་ཚ་རྫོང་གིས་ལོ་རེར་རྫོང་མཁར་གྱི་གསང་སྤྱོད་ཁང་ཉེར་བཞི་པོར་གྲོན་དངུལ་སྒོར་ཁྲི་བདུན་བཅུ་རེ་བཏང་སྟེ། ཡུལ་སྐོར་པ་དང་ས་གནས་ཀྱི་མང་ཚོགས་ལ་བདེ་འཇགས་སྨན་སྒམ་ནང་གི་སྨན་དང་གཙང་ཤོག ཆུ་ཁོལ་སོགས་གླ་རིན་མེད་པར་འདོན་སྤྲོད་བྱས་པར་མ་ཟད། གསང་སྤྱོད་ཁང་གི་སྒྲིག་ཆས་གང་ཞིག་ལ་ཆག་སྐྱོན་བྱུང་ན་དུས་ཚོད་ཉེར་བཞིའི་རིང་ལ་ངེས་པར་ཞིག་གསོ་བྱེད་བཞིན་ཡོད།

གསར་འགོད་པ་ཅུས་ཀྲང་ཕན་ལགས་ཀྱི་རྗེས་འབྲངས་ནས་རྫོང་མཁར་གྱི་གསང་སྤྱོད་ཁང་གང་མང་ལ་བལྟ་རུ་སོང་། ཁོ་རང་གསང་སྤྱོད་ཁང་གང་དུ་ཐོན་ནའང་། ལག་པ་གཡས་པའི་མཛུབ་གུས་གསང་སྤྱོད་ཁང་གི་སྒོ་མགོའི་ཐད་ཤིང་དང་རྩིག་པའི་སྲུབས། བར་ཆོད་ཀྱི་ཤུར། ཆབ་དོང་གི་ཀླད་སོགས་གང་སར་ལག་པས་རེག་ནས་མཛུབ་མགོར་རྡུལ་དང་མི་གཙང་བ་འགོས་མིན་ལ་བལྟས་རྗེས། གསར་འགོད་པའི་ཕྱོགས་སུ་འཁོར་ཏེ་ཡིད་ཚིམས་པའི་སྒོ་ནས། “མཛུབ་མགོར་རྡུལ་དང་མི་གཙང་བ་འགོས་ན་གཙང་སྦྲ་མི་བཟང་བའི་གྲས་ཡིན”ཟེར།

གསར་འགོད་པས་གསང་སྤྱོད་ཁང་ཞིག་ཏུ་ལག་ཕྱིས་བཟུང་སྟེ་གྱང་ངོས་འབྱིད་བཞིན་པའི་གནམ་མཚོ་ལགས་ལ་ཀུ་རེའི་ཚུལ་དུ་གསང་སྤྱོད་ཁང་འདི་ལྟར་གཙང་མ་ཡིན་ན་ཁྱེད་ཚང་གི་ཁྱིམ་ཚང་ཅི་འདྲ་ཡིན་ཞེས་འདྲི་དུས། ཁོ་མོས“གསང་སྤྱོད་ཁང་འདི་ནི་ང་ཚོའི་ཁྱིམ་ལས་ཀྱང་ཤིན་ཏུ་གཙང་། ངེད་ཚང་ལ་མཚོན་ན་ཉིན་བདུན་བརྒྱད་རིང་ལ་འདི་ལྟར་ཐེངས་གཅིག་གཙང་དག་བྱེད་པ་ཡིན་ལ། གསང་སྤྱོད་ཁང་ལ་མཚོན་ན། ཉིན་རེར་ཐེངས་བདུན་བརྒྱད་ལ་དབྱི་དགོས་པའང་ཡོད”ཟེར། རྐང་ཚ་རྫོང་ནི་མཚོ་སྔོན་པའི་འགྲམ་ངོགས་སུ་ཆགས་ཡོད་པས། རླུང་གཡུག་པའི་དུས་སྐབས་ཅུང་མང་། རླུང་གཡུག་ཚེ་ཉིན་གཅིག་ལ་གསང་སྤྱོད་ཁང་གི་གྲུ་ག་དང་སྲུབས་ཀ་གང་ཡང་མ་ལུས་པར་ཐེངས་བདུན་ནས་བརྒྱད་དུ་དབྱི་དགོས་ལ། གནམ་ངོ་ཤིན་ཏུ་ཐང་བའི་སྐབས་སུ་ཉིན་གཅིག་ལ་ཐེངས་གསུམ་རེ་ཕྱིས་ན་ཆོག དེ་ལྟར་མ་བྱས་ཚེ་དོ་དམ་པ་དུས་ངེས་མེད་དུ་ཡོང་སྟེ་མཛུབ་མོས་གང་སར་མྱངས་ནས་མཛུབ་མགོར་རྡུལ་དང་མི་གཙང་བ་འགོས་ཚེ་གཙང་སྦྲ་བྱས་པ་མི་བཟང་པའི་གྲས་སུ་འཇོག་པ་རེད།

གསར་འགོད་པས་ཅུས་ཀྲང་ཕན་ལགས་ལ་རྐང་ཚ་རྫོང་གི་གསང་སྤྱོད་ཁང་བཅོས་བསྒྱུར་མ་བྱས་སྔོན་གྱི་གནས་ཚུལ་འདྲི་དུས། ཁོས་དགོད་གཏམ་གྱི་ཚུལ་དུ་ང་ཚོར། “དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་ནང་དུ་ང་ཚོའི་རྫོང་མཁར་དུ་སྤྱི་པའི་གསང་སྤྱོད་ཁང་གཅིག་མ་གཏོགས་མེད་ལ། ཉིན་ཞིག་སྐབས་དེའི་ཁོར་ཡུག་གཙང་སྦྲ་རུ་ཁག་གི་རུ་དཔོན་ཀན་ཞིན་པང་ལགས་ལས་ཚོགས་གྲོལ་ནས་ཡུལ་ལ་འགྲོ་ཁར། གྱང་ཟུར་ཞིག་ཏུ་འབྲོག་པ་རྒད་པོ་ཞིག་གིས་གཅིན་གཏོང་བ་དང་འཕྲད། ཁོས་འབྲོག་པ་དེར་གཅིན་གང་སར་གཏོང་མི་རུང་། བཏང་ན་ཆད་པ་ཡོད་ཟེར་བ་ན། འབྲོག་པ་དེས་ཁུག་མའི་ནང་ནས་སྒོར་བཅུ་ཤོག་ཅན་གཅིག་བླངས་ནས་ཆད་པ་ངས་ཁྱེད་ལ་སྟེར། ངས་གཅིན་འདི་ལ་མི་གཏོང་གང་ལ་གཏོང་ཟེར་ནས་བུད་སོང་། རུ་དཔོན་ཁོ་ལ་འབྲོག་པ་དེར་ལན་སློག་པའི་སྨྲ་བ་ཅི་ཡང་མེད་པར་གྱུར”ཞེས་ཉན་ན་ངུ་མ་དགོད་ཀྱི་བྲོ་བ་སྟེར་བའི་གཏམ་རྒྱུད་ཅིག་བཤད་སོང་ལ། མཐོ་སྒང་གི་རྫོང་མཁར་ཆུང་ཆུང་འདིའི་འཕོ་འགྱུར་ཡང་གཏམ་རྒྱུད་ཐུང་ཐུང་འདི་ལས་མཚོན་ཐུབ་པར་སྙམ།
                                                                                                                      རྩོམ་སྒྲིག་པ།  སྐར་མ་མཚོ།