ལྗང་མདོག་གི་ཞིང་ཁམས་ཏེ་རྨ་བྱང་ནགས་ར།
2019.07.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 611

སྙན་སྒྲོན་པ། ཐུན་ཏེ་རྫོང་རྨ་བྱང་ནགས་ར་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཤར་ལྷོའི་གཞོང་ས་དང་། ཤར་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད་ལ། ལྷོ་ཕྱོགས་རྨ་ཆུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ཁ་གཏད་ཡིན། ནུབ་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་རྒྱུད་མགོ་དཀྱིལ་སྙིང་ཁུལ་དུ་འབྲེལ་ཡོད་ལ། བྱང་ནི་ཐུན་ཏེ་རྫོང་གི་རྐ་འབའ་སུམ་མདོ་དང་ཐང་མགོ  ཞོལ་མ་སོགས་སུ་འབྲེལ་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་ཞེ་གཅིག་ཡོད་པ་དང་། ལྷོ་བྱང་གི་རྒྱ་ཁྱོན་ལ་སྤྱི་ལེ་སོ་གཉིས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་གཅིག་དང་ཉིས་བརྒྱ་བརྒྱད་ཅུ་ཡོད། རྨ་བྱང་ནགས་རའི་རྫོང་སྟུག་ལ་ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་རེད། རྨ་བྱང་ནགས་རའི་འགོ་གཙོ་ཧུའུ་མིན་ཀང་གིས་ནགས་ར་སྤྱིའི་གནས་ཚུལ་བརྗོད་བྱུང་།


ང་ཚོའི་རྨ་བྱང་ནགས་རའི་ས་ཆའི་རྒྱ་ཁྱོན་ལ་ཁྲི་དྲུག་ཅུ་རེ་གཉིས་དང་ཚེག་བརྒྱད་ཡོད། ས་ཁུལ་དུ་མང་ཚོགས་སྟོང་བདུན་དང་སྡེ་བ་བཅུ་ཡོད། གོ་བརྒྱད་ལོ་ནས་བཟུང་རང་བྱུང་ནགས་ཚལ་འགོག་སྲུང་མགོ་བརྩམས་ནས་ལོ་ཉི་ཤུ་འགོར། ལོ་ངོ་ཉི་ཤུའི་རིང་ལ། གོང་རིམ་དང་ས་གནས་མང་ཚོགས་ཀྱི་རོགས་རམ་དང་བཀའ་དྲིན་འོག ད་རུང་སྡེ་བ་བཅུའི་ནང་ནས་ནགས་སྲུང་བ་གྱ་དྲུག་བདམས་པ་དང། དེའི་ནང་ནས་ཟླ་གཅིག་ལ་ནགས་སྲུང་བ་གཅིག་གིས་ཐེངས་བཞི་ནས་ལྔ་དང་ཉིན་ཉེར་གཉིས་ཀྱི་རིང་ལ་ནགས་གསེང་དུ་ལྟ་སྐོར་བྱེད་བཞིན་ཡོད། དེར་མ་ཟད་ཟིན་བྲིས་འབྲི་བ་དང་སྐད་འཕྲིན་སོགས་སུ་འདྲ་པར་བསྐུར་ལ་ལས་ཁུངས་སུ་ཆེད་དུ་དེ་དག་ལ་ལྟ་རྟོག་བྱེད་མཁན་ཡོད། ཟླ་རེར་ནགས་སྲུང་བ་རྣམས་ཐེངས་གཅིག་ལ་འཚོགས་བཞིན་ཡོད་ལ། སྐབས་དེར་ནགས་སྲུང་དང་མེ་འགོག བཅའ་ཁྲིམས་སོགས་སྒྲོག་བཞིན་ཡོད། སྔ་དྲོའི་དུས་ཚོད་བརྒྱད་དང་ཕྱེད་ཀ་ནས་ཕྱི་དྲོའི་དུས་ཚོད་གསུམ་ནས་བཞིའི་བར་ཡར་ཞུ་བྱས་ཏེ་ཁ་པར་བཏང་ནས་རང་སྡེ་བའི་གནས་ཚུལ་ཡར་ཞུ་བྱེད་བཞིན་ཡོད་ལ། དེ་ནས་ང་ཚོས་ཁུལ་དང་རྫོང་སོགས་སུ་ཡར་ཞུ་བྱེད་བཞིན་ཡོད། རི་བསང་ཕུད་པ་སོགས་ལས་མེ་སྐྱོན་འབྱུང་བར་སྐྲག་ནས་དུས་ཚོད་ཉེར་བཞིའི་རིང་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། ད་ལྟ་མེ་སྐྱོན་གཅིག་ཀྱང་བྱུང་མ་མྱོང་ལ་བཀག་སྐྱོན་ཡང་ཧ་ཅང་ཉུང་། དེ་བས། ས་གནས་མང་ཚོགས་ཀྱང་ནགས་སྲུང་བྱེད་པར་སྤྲོ་བ་ཆེན་པོ་ཡོད།

སྙན་སྒྲོན་པ། ཉེ་བའི་ལོ་འགའི་རིང་ལ། རྨ་བྱང་ནགས་རས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། ཞང་ཏང་ཨུ་དང་ཞང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ཐོག་མཐའ་བར་གསུམ་དུ་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གཞིར་བཟུང་ནས། ནགས་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་གཙོ་གནད་དུ་བཟུང་བ་དང་། གཅིག་དགུ་གོ་བརྒྱད་ལོའི་ཚུན་ལ་སྔ་རྗེས་སུ་རང་བྱུང་ནགས་ཚལ་སྲུང་སྐྱོབ་བཟོ་སྐྲུན་དང་རྨོ་བསྐྱུར་ནགས་སྐྱོང་བཟོ་སྐྲུན། བྱང་གསུམ་ནགས་ཚལ་འགོག་སྲུང་བཟོ་སྐྲུན། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་གཅིག་བསྡུས་ནགས་ཚལ་བཅོས་སྒྱུར་འཛུགས་སྐྲུན་བཟོ་སྐྲུན་སོགས་ནགས་ལས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས།

ད་ལོ་ལོ་ཞེ་བཞི་ཡིན་པའི་ཆོས་སྐྱོང་རྒྱལ་ནི་ཐུན་ཏེ་རྫོང་རྨ་བྱང་ཞང་གི་མི་ཡིན་ལ། 1993ལོར་བྱ་བར་ཞུགས་པ་ནས་བཟུང་རྨ་བྱང་ནགས་རའི་ནགས་སྲུང་བར་གྱུར། ཁོའི་ལོ་ངོ་ཉེར་དྲུག་གི་རིང་ལ། རྨ་བྱང་ནགས་ར་སྲུང་སྐྱོབ་བྱས་པ་དང་། ད་ལྟ་རྨ་བྱང་ནགས་རའི་འགོ་གཙོ་གཞོན་པར་གྱུར་ཡོད། ཁོའི་ལོ་ངོ་ཉེར་དྲུག་སྔོན་གྱི་ནགས་རའི་གནས་ཚུལ་བརྗོད་བྱུང་།

རྨ་བྱང་ནགས་རའི་འགོ་གཙོ་གཞོན་པ་ཆོས་སྐྱོང་རྒྱལ་གྱིས་གསར་འགོད་པར་ནགས་རའི་གནས་ཚུལ་བརྗོད་བཞིན་པ།

ང་ཚོའི་རྨ་བྱང་ནགས་ར་ནི1956ལོར་བཙུགས་པ་དང་། སྐབས་དེར་ནགས་ཁྲིམས་ཧ་ཅང་ལྷོད་པ་དང་ནགས་གཅོད་པ་དང་ཤིང་ཆའི་འཛུགས་སྐྲུན་ཧ་ཅང་མང་། དགུ་བཅུ་འགའི་ལོར་ནགས་མང་པོ་བཅད་དེ་ནགས་རའི་ནགས་ཧ་ཅང་ཇེ་ཉུང་དུ་སོང་བས་ས་ཆའི་ཐོན་ཁུངས་ཉེན་ཁ་ཆེན་པོར་འཕྲད། 98ལོ་ནས་ནགས་ཁྲིམས་གསར་དུ་བཙུགས་པ་དང་། ས་ཆའི་ཐོན་ཁུངས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པའི་ཐད་སྲིད་ཇུས་རབ་དང་རིམ་པ་ཐོན་ལ་ཐབས་ཡང་སྣ་ཚོགས་འཐེན། སྐབས་དེར་ནགས་རའི་ནང་དུ་ལས་བཟོ་བ་བདུན་བརྒྱད་ཙམ་ལས་མེད་པ་དང། ནགས་རར་ས་མུའུ་ཁྲི་ཉི་ཤུ་ལྷག་ཡོད། སྲུང་སྐྱོབ་བྱེད་པའི་ཐད་དཀའ་ཁག་ཀྱང་མང་པོ་ཡོད། དུས་སྐབས་དེར། ཞོན་པ་ཡང་མེད་པས་ཚང་མ་རྐང་ཐང་དུ་བསྐྱོད་དགོས་པ་དང། ཞིབ་ཏུ་སྐོར་ཞིབ་བྱེད་པར་ཉིན་བཅོ་ལྔ་ནས་ཉི་ཤུ་དགོས་པ་དང་། ས་གནས་གང་དུ་ཐོན་ན་དགོང་མོ་གནས་དེ་ནས་བསྡད་དེ་ཕྱི་ཉིན་མུ་མཐུད་དུ་འགྲོ་དགོས། སྐབས་དེའི་མང་ཚོགས་རྣམས་ཀྱིས་སྐྱེ་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཧ་ཅང་ཞན་པ་དང་། རང་ཉིད་གང་ནས་སྟབས་བདེ་ན་གནས་དེ་ནས་ཁང་པ་ལས་སྤྱད་དང་ལྕགས་ར་འཐེན་སྤྱད་ཀྱི་ཤིང་གཅོད་བཞིན་ཡོད་ལ། རི་སྐྱེས་སྲོག་ཆགས་གསོད་པ་དང་འཛིན་པའི་རྣམ་པ་ཡང་ཧ་ཅང་མང་།

ལོ་འདི་འགའི་ནང་། ནགས་ཁུལ་དུ་བསྡོམས་པས་ས་མུའུ་སུམ་བརྒྱ་ནགས་སྐྲུན་བྱས་པ་དང་། ས་མུའུ་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་ལ་རི་བཀག་ནགས་གསོ་བྱས་པ། རི་རྒོད་ས་མུའུ་ཁྲི་གསུམ་ལ་རྩྭ་བཏབ། མངའ་ཁོངས་ཡོངས་ཀྱི་ནགས་ཁུལ་ནགས་ཀྱི་ཁེབས་ཚད་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་སྐབས་ཀྱི་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་ལྔ་ནས་བརྒྱ་ཆའི་དགུ་དང་གྲངས་ཆུང་བརྒྱད་ལ་འཕར་ཡོད། ནགས་རའི་ནགས་ཚལ་གྱི་ཐོན་ཁུངས་ལ་ཕན་ནུས་ཡོད་པའི་སྲུང་སྐྱོབ་དང་སླར་གསོ་བྱུང་བ་དང་། ནགས་ལས་སྐྱེ་ཁམས་ཁོར་ཡུག་ཞན་འགྱུར་གྱི་གནས་བབ་ལ་རྩ་བ་ནས་བཀག་འགོག་ཐོབ་པས། ལྗང་མདོག་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཞིག་ཧུར་ཐག་གིས་བསྐྲུན་བཞིན་མཆིས།  རྨ་བྱང་ནགས་རའི་འགོ་གཙོ་གཞོན་པ་ཆོས་སྐྱོང་རྒྱལ་གྱིས་མུ་མཐུད་དུ་བཤད་རྒྱུར།

དེ་ནས་རིམ་བཞིན་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་རྣམ་པ་ཡང་ཇེ་ལེགས་སུ་སོང་བས། དེ་དང་བསྟུན་ནས་ལས་ཁུངས་སོགས་ཀྱི་སྒྲིག་ཆས་ཀྱང་ཇེ་བཟང་དུ་སོང་ལ། ནགས་ར་ཞིག་ལ་འཕྲུལ་རྟ་འགའ་རེ་བྱིན་པ་དང་དུས་དེ་ནས་བཟུང་འཕྲུལ་རྟ་ཞོན་ནས་སྐོར་ཞིབ་བྱེད་པའི་རྣམ་པ་བྱུང། 2002ལོ་ནས་བཟུང་སྟེ། ས་གནས་མང་ཚོགས་ཀྱི་ཁྲོད་དུ་གནས་སྐབས་ནགས་སྲུང་པ་གང་ལ་གང་འཚམ་སྒོས་བདམས་ཏེ་གླ་ཕོགས་འགའ་བྱིན་པ་དང་། ས་གནས་རེར་གཏན་འཁེལ་བྱས་ཏེ། ནགས་རའི་གནས་བབ་ཇེ་རྒྱས་ཇེ་ལེགས་དང་འཐུས་ཇེ་ཚང་དུ་གྱུར། 2010ལོ་ནས་བཟུང། ས་གནས་ཀྱི་མང་ཚོགས་ཁྲོད་ནགས་སྲུང་པ་འདེམས་པའི་གྲངས་ཀ་ཇེ་མང་དང་གླ་ཕོགས་ཇེ་མཐོར་གྱུར་པ་དང་། མང་ཚོགས་ལ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གྱུར་པས། མང་ཚོགས་ཀྱིས་ཀྱང་སྲུང་སྐྱོབ་བྱེད་པའི་ཐད་འདུ་ཤེས་ཇེ་མཐོར་གྱུར་ཡོད། དེ་དང་བསྟུན་ནས། ཐོན་ཁུངས་ལ་སྲུང་སྐྱོབ་དང་སྐྱེ་ཁམས་ལ་སྲུང་སྐྱོབ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་འདི་དག་ཐམས་ཅད་ཇེ་རྒྱས་ཇེ་ལེགས་སུ་གྱུར་པ་དང། 2008ལོ་ནས་བཟུང། ས་མཐོ་ས་དང་མཐོང་རྒྱ་ཡངས་སའི་གནས་སུ་རྒྱང་ལྟའི་ཐོག་ཁང་རེ་ལས། དེ་ནས་2014ལོ་ནས2015ལོའི་བར་དུ་ས་གནས་མང་ཚོགས་ཀྱི་ཁྲོད་དུ་ཆ་རྐྱེན་ཆེས་ཞན་པ་དང་། ནགས་ཚལ་གྱི་འགྲམ་རྒྱུད་དུ་གནས་ཡོད་པའི་སྐོར་ནགས་སྲུང་བར་བཞག་ནས། དཔལ་འབྱོར་གྱི་དགོས་མཁོ་ཆེ་བ་དང་ཡོང་སྒོའི་ཆ་ནས་ཀྱང་བཟང་ཆ་ཡོད། ནགས་སྲུང་བ་གྱ་དྲུག་གི་ཁྲོད་ནས་ནགས་སྲུང་བ་ང་བརྒྱད་ནི་སྡེ་བའི་ནང་གི་ཆེས་དམའ་བའི་ཁ་གསབ་ནང་ཡོད་པ་ཡིན་ལ། 2018ལོ་ནས་བཟུང། གོང་རིམ་ནས་བརྙན་མིག་བཙུགས་ཏེ་ལྟ་ཞིབ་བྱེད་པའི་རྣམ་གྲངས་ཐོན་ཏེ་ནགས་ཁུལ་གྱི་ས་གནས་དྲུག་ལ་བརྙན་མིག་བཙུགས། ད་ལོ་ཉིས་སྟོང་བཅུ་དགུ་ལོར་ཡང་བརྙན་མིག་དྲུག་བརྩོན་ལེན་བྱས་ཏེ་ལས་བཞིན་པའི་སྒང་ཡིན། བརྙན་མིག་དྲུག་ད་ལྟ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། ལས་ཁུངས་ཀྱི་ཁང་པ་གཅིག་གི་ནང་དུ་ས་གནས་སོ་སོར་ལྟ་ཞིབ་བྱེད་ཐུབ་པ་དང་། བརྙན་མིག་ཕྱོགས་ཡོངས་ལ་འཁོར་ཐུབ་ལ་ནུས་པ་ཧ་ཅང་མཐོ།

སྐྱེ་ཁམས་ལ་བརྟེན་ནས་ཞང་འཛུགས་སྐྲུན་བྱེད་ཆེད། སྐྱེ་ཁམས་སྲུང་སྐྱོབ་དྲིལ་སྒྲོག་སློབ་གསོའི་བྱ་བ་དམ་འཛིན་བྱེད་པ་དང་། ནགས་ལས་སྐྱེ་ཁམས་བཅའ་ཁྲིམས་གཟབ་ནན་སྒོས་ལག་བསྟར་བྱས་པ། ནགས་ཁུལ་གི་མེ་འགོག་འགན་ཁུར་དངོས་འབེབས་བྱས་པ། ནགས་ལས་སྐྱེ་ཁམས་དོ་དམ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། མཛེས་སྡུག་གི་རྨ་བྱང་ལ་ལྗང་མདོག་བསྐྲུན་མཁན་དང་སྲུང་སྐྱོབ་བྱེད་མཁན་བྱས་ཏེ། དབུལ་སྐྱོར་མཁྲེགས་གཏོར་ལས་དོན་ལ་རོགས་སྐྱོར་ཆེན་པོ་བྱས། རྨ་བྱང་ནགས་རའི་འགོ་གཙོ་གཞོན་པ་ཆོས་སྐྱོང་རྒྱལ་གྱིས་མ་འོངས་པའི་འཆར་གཞིའི་སྐོར་ནས་བཤད་རྒྱུར།

མ་འོངས་པ་ན་ང་ཚོའི་བརྙན་མིག་བཅུ་གཉིས་ཀྱི་སྟེང་ད་དུང་འགའ་ལས་ན་ཕལ་ཆེར་རྨ་བྱང་ཡོངས་ཀྱི་ས་གནས་ཀྱི་ཐོན་ཁུངས་ཡོད་ཚད་ཁང་བ་གཅིག་གི་ནང་ལྟ་ཞིབ་བྱེད་ཐུབ་ལ། གནས་གང་དུ་དོན་དག་བྱུང་ཚེ་བརྙན་མིག་ལས་མཐོང་ཐུབ། ལོ་ངོ་ཉི་ཤུའི་རིང་ལ། གོང་རིམ་གྱི་འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱི་འགོ་ཁྲིད། ས་གནས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་རང་ནགས་རའི་ལས་བཟོ་བ་ཐམས་ཅད་ཀྱི་འབད་འབུངས་བཅས་ལ་བརྟེན་ནས། ད་ལྟ་ལོ་ངོ་ཉི་ཤུའི་སྔོན་དང་བསྡུར་ན་ཧ་ཅང་འཕེལ་རྒྱས་སུ་སོང་ཡོད་པ་རེད།

ཁོའི་ནགས་རའི་འཕོ་འགྱུར་ཐེངས་མང་པོར་བརྒྱུད་མྱོང་བ་དང་། ནགས་རའི་སྐྱེ་ཁམས་སྲུང་སྐྱོང་གི་བརྒྱུད་རིམ་ཡང་བདེན་དཔང་བྱས་ཡོད། ནགས་ལས་ཀྱི་འཕོ་འགྱུར་གླེང་སྐབས་ཆོས་སྐྱོང་རྒྱལ་ལ་ཚོར་སྣང་ཟབ་མོ་ཡོད་པ་དང་། རི་དང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པར་དཀའ་ཁག་དང་དཀའ་སྡུག་མང་པོ་བརྒྱུད་དགོས། ནགས་ར་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་ནགས་སྲུང་བ་བྱས་པའི་མི་སྣ་ཚེ་རིང་དོན་འགྲུབ་ཀྱིས་གནའ་དེང་གི་འགྱུར་ལྡོག་བརྗོད་བྱུང་།

ང་རང་ཉིད་ནི1998ལོར་ནགས་སྲུང་དུ་བསྡད་པ་ཡིན། རི་ཆུ་ནགས་གསུམ་འཛོམས་པའི་གནས་འདི་འདྲ་ཞིག་ལ་སྲུང་སྐྱོབ་བྱེད་པའི་འདུན་པ་ཡང་ཡོད། སྐབས་དེར་ས་ཁུལ་རེ་རེར་སོང་ནས་སྐོར་ཞིབ་བྱས་པ་ཡིན་ལ། ད་ལྟ་རྨ་བྱང་ནགས་རར་མཚོན་ན། ཁོར་ཡུག་སྲུང་སྐྱོབ་དང་རི་ཆུ་ནགས་གསུམ་ཇེ་མཛེས་སུ་གྱུར་ཡོད་ལ། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

རྨ་བྱང་ནགས་རའི་ཁྲོད་དུ་རང་ཉིད་ཀྱི་རྔུལ་ཁྲག་ལ་བརྟེན་ནས་སྲུང་སྐྱོབ་བྱེད་བཞིན་པའི་མི་སྣ་ཆོས་སྐྱོང་རྒྱལ་དང་ཚེ་རིང་དོན་འགྲུབ་ལྟ་བུ་ཧ་ཅང་མང་ལ། ཁོ་ཚོ་ནི་ནགས་ལས་འཛུགས་སྐྲུན་མཁན་དང་དོ་དམ་མཁན་དུ་གྱུར་པས། རྨ་བྱང་ནགས་ར་དང་ས་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་བྱས་རྗེས་རླབས་ཆེན་བཞག་ཡོད།

ཚང་ཚིང་གཡུ་ལོ་སྟུག་པོའི་རྨ་བྱང་ནགས་ར།

ནགས་སྲུང་བ་སྐོར་སྐྱོད་དུ་འགྲོ་བཞིན་པ།

ནགས་སྲུང་པས་རྨས་སྐྱོག་ཕོག་པའི་དགོ་ཕྲུག་ལ་འོ་མ་ལྡུད་བཞིན་པ།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།