ལག་རྩལ་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་སྙེག་བཞིན་པའི་གསེར་འོད་སྡེ་བ།
2019.08.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 75

ཆར་བ་ཟམ་ཟིམ་འབབ་པའི་ཞོགས་པ་ཞིག་ལ། ང་ཚོ་ལྷན་འབྲེལ་བཅར་འདྲི་ཚོགས་པ་ཐུན་ཏེ་རྫོང་ནས་ལམ་ལ་ཆས་ཏེ་རྨ་བྱང་ཞང་གི་ཕྱོགས་སུ་ཆས་པ་ཡིན། ལམ་བར་གྱི་མུ་མཐའ་བྲལ་བའི་རྩྭ་ཐང་དང་སྐར་ཚོགས་བཞིན་བཀྲ་བའི་རྟ་ནོར་ལུག་གསུམ་གྱིས་མི་སེམས་འགུལ་བར་བྱེད་ལ། རླངས་འཁོར་དུས་ཚོད་གཉིས་རིང་ལ་སོང་རྗེས། རྨ་བྱང་ཞང་གསེར་འོད་སྡེ་བར་ཐོན།

ཐུན་ཏེ་རྫོང་རྨ་བྱང་ཞང་གསེར་འོད་སྡེ་བ་ནི་ཕྱུགས་ལས་གཙོ་བོ་གཉེར་བའི་སྡེ་བ་ཞིག་ཡིན་ལ།  དཔལ་འབྱོར་གྱི་ཡོང་སྒོ་མཐའ་དག་ཀྱང་ཕྱུགས་ཟོག་ལ་མི་བརྟེན་རང་བརྟེན་དུ་ཆགས་ཡོད། ནོར་ཁུལ་སོགས་ཁྱད་ཐོན་ཐོན་ཁུངས་དེང་རབས་དང་སྲོལ་རྒྱུན་ལག་རྩལ་ཟུང་འབྲེལ་གྱིས་ལས་སྣོན་ལ་བརྟེན་ནས་སྡེ་བའི་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏང་རྒྱུ་ནི་ཕྱུགས་ལས་ས་ཁུལ་འདིའི་དཔལ་འབྱོར་སྒྲུབ་སྟངས་དང་ཤིན་ཏུ་འཚམ་པ་རེད། གསེར་འོད་སྡེ་བའི་སྡེ་སྡོད་ལས་བྱེད་མི་སྣ་དཔལ་སྐྱབས་རྒྱལ་གྱིས་བཤད་རྒྱུར།

ང་ཚོའི་སྡེ་བ་འདི་ལ་ཁྱིམ་ཚང་བརྒྱ་དང་སོ་གཉིས་དང་མི་གྲངས་བཞི་བརྒྱ་ཞེ་གསུམ་ཡོད། ང་ཚོ་སྡེ་བའི་ཐོན་ལས་དབུལ་སྐྱོར་གྱི་གཞི་རྐང་གཙོ་བོ་འབའ་རྫོང་འབྲོག་མི་དམངས་སྲོལ་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་གི་ལས་རིགས་འདི་ཡིན། 2018ལོའི་ལོ་མཇུག་ཏུ་ང་ཚོའི་སྡེ་བའི་ཨུ་ཡོན་ལྷན་ཁང་དང་མང་ཚོགས་རྣམས་ཀྱིས་མཉམ་དུ་བཙུགས་པའི་ལས་རིགས་ཞིག་ཡིན། ལས་རིགས་འདིར་འབྲོག་ཁུལ་གྱི་ཐོན་ལས་སྣམ་བུ་དང་ཁལ་འཐག་གི་ཕྱོགས་གཙོར་བཟུང་ནས་དེང་རབས་ཅན་གྱི་དགོས་མཁོ་དང་བསྟུན་ནས་འཛད་སྤྱོད་པ་རྣམས་ལ་མཁོ་འདོན་བྱེད་པའི་ལས་རིགས་ལེགས་པོ་ཞིག་ཡིན། ལས་རིགས་འདིས་ང་ཚོའི་སྡེ་བའི་མང་ཚོགས་རྣམས་ལ་ཞབས་ཞུ་མི་ཉུང་བ་སྒྲུབ་བཞིན་ཡོད། དཔེར་ན། ལས་ཞུགས་ཀྱི་ཐད་དང་སྡེ་མིའི་ཡོང་སྒོ་འཕར་སྣོན་གྱི་ཐད་ཕན་ཁེ་ཆེན་པོ་ཐོན་བཞིན་ཡོད།

གསེར་འོད་སྡེ་བས2012ལོར་སྡེ་དམངས་སྣ་འཛོམས་ཞབས་ཞུ་ལྟེ་གནས་དང་བྱིས་སྐྱོང་ཁང་། ཐང་ཆེན་བཅས་འཛུགས་སྐྲུན་བྱས་པ་དང་།  2018ལོར་སྡེ་བའི་འབྲོག་དམངས་རྣམས་ཀྱི་དཔལ་འབྱོར་ཡོང་སྒོ་འཕེལ་རྒྱས་སུ་གཏོང་ཆེད། སྡེ་བའི་ཧྲུའུ་ཅི་དང་ཨུ་ཡོན་ཚན་ཁག་གཉིས་སྔ་གཞུག་ཏུ་ཧྲན་ཏུང་དང་ཧྲིན་ཀྲིན། ཀོང་ཀྲུག་སོགས་ཞིང་ཆེན་ཕྱི་དང་། དེ་མིན་མཚོ་ནུབ་དང་མཚོ་ཤར་བཅས་སུ་སོང་སྟེ་ཡུལ་དངོས་ནས་བརྟག་དཔྱད་དང་བསམ་གཞིགས་མང་པོ་བཏང་རྗེས་སྡེ་བའི་ནང་ཚོགས་འདུ་བསྡུས་ནས་མཐའ་མཇུག་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་། སྔོན་ཐོན་འཕྲུལ་ཆས་ཀྱི་ལམ་ནས་ཕྱུགས་ཟོག་གི་ཐོན་ཁུངས་མང་པོ་ལས་སྣོན་བྱེད་པར་ཐག་བཅད་གཏན་འབེབ་བྱས། དེ་ནས་སྡེ་བའི་འགོ་ཁྲིད་རྣམས་ཀྱིས་ང་ཚོ་འབའ་རྫོང་འབྲོག་མི་དམངས་སྲོལ་ཚད་ཡོད་སྤྱི་གཉེར་ཁང་དུ་ཁྲིད་པ་དང་། གསེར་འོད་སྡེ་བའི་སྡེ་དཔོན་ནམ་སྤྱི་གཉེར་ཁང་གི་འགོ་བ་འོད་ཟེར་བཟང་བོས་ང་ཚོ་ཐོན་སྐྱེད་འཁོར་ཁང་དུ་ཁྲིད་ནས་མཚམས་སྦྱོར་ཞིབ་མོ་བྱས་པ་དང་དེ་ནས་ཐོན་རྫས་བཤམ་སྟོན་ཁང་དུ་ཡོང་ནས་ཐོན་རྫས་རེ་རེ་བཞིན་ངོ་སྤྲོད་བྱས་བྱུང་།

༼    ཡུལ་དངོས་ཀྱི་སྒྲ་ཐོན་པ།༽    


སྤྱི་གཉེར་ཁང་འདི་མ་དངུལ་སྒོར་ཁྲི་བདུན་ཅུ་ལྷག་བཏང་ནས་བཙུགས་པ་ཡིན། སྔོན་ཆད་འབྲོག་ཕྱོགས་སུ་ནོར་ལུག་གི་ཀོ་དང་བལ་ཁུལ། མར་ཆུར་འཇུག་སའི་སྣོད། གོན་པ། ཅ་ལག་སོགས་ནི་བལ་ཁུལ་གྱི་ཐོན་རྫས་རྐྱང་རྐྱང་རེད། ད་ལྟ་དེ་དག་ཉམས་ནས་མང་པོ་ཞིག་དེ་དག་ལ་དགའ་རུང་ལས་ཤེས་ཀྱིན་མེད། ང་ཚོའི་སྡེ་བར་མཚོན་ན་དེའི་སྐོར་གྱི་ལག་ཤེས་པ་མང་པོ་ཡོད། དེང་སྐབས་ཀོ་པགས་ཀྱི་རིན་གོང་ཧ་ཅང་དམའ། པགས་པ་གཅིག་ལ་སྒོར་ལྔ་དང་ཀོ་གཅིག་ལ་སྒོར་བཞི་བཅུ་ནས་ལྔ་བཅུ་རེད། དེ་དག་ཐོན་རྫས་སུ་འགྱུར་མ་ཐུབ་པར་དེང་སྐབས་པགས་པ་མར་འཕེན་དགོས་པའི་གནས་སུ་ལྷུང་ཡོད། དེ་བས། ས་གནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ལག་ཤེས་པ་སྐྱེད་སྲིང་བྱེད་པ། རང་གི་ཐོན་རྫས་ཚོང་རར་བཀྲམ་པར་དམིགས་ནས། སྣམ་བུའི་སྐོར་གྱི་ཐོན་རྫས་ཐོན་སྐྱེད་བྱས་པ་དང་། ཐོན་རྫས་སྣ་ཁ་བཞི་བཅུ་ལྷག་ཡོད།

སྤྱི་གཉེར་ཁང་གི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་སྟོང་གཅིག་དང་ཉིས་བརྒྱ་ཡོད་ལ། མིག་སྔར་ལས་བཟོ་བ་བདུན་ཡོད། གཙོ་བོ་མཐོ་སྒང་འབྲོག་པའི་དམངས་ཁྲོད་སྲོལ་རྒྱུན་ལག་རྩལ་གྱི་རྨང་གཞིའི་སྟེང་དུ། རྣམ་པ་གསར་བའི་ཇུས་འགོད་དང་ལས་སྣོན་བྱེད་ཀྱིན་ཡོད་པས། ཞིང་ཆེན་ཕྱི་ནང་གི་འཛད་སྤྱོད་པས་གདེང་འཇོག་ཐོབ་ཡོད། སྤྱི་གཉེར་ཁང་གི་འགོ་བ་འོད་ཟེར་བཟང་བོ་ཡིས་མ་འོངས་པའི་འཆར་གཞིའི་སྐོར་ནས་མུ་མཐུད་དུ་བཤད་རྒྱུར།

ཟི་ལིང་དང་ལྷ་ས། ཡུལ་སྐོར་ལྗོངས་རྒྱུའི་ལྟེ་གནས་སོགས་སུ་ཡང་ང་ཚོའི་ཐོན་རྫས་ཡོད། རྗེས་ཕྱོགས་ང་ཚོར་དྲ་ཐོག་ནས་ཕྱིར་འཚོང་བྱེད་པའི་འཆར་གཞི་ཡོད་པ་དང་། ད་ལྟ་འཛད་སྤྱོད་པ་མང་པོ་ཞིག་གིས་ཀྱང་དགའ་བསུ་ཐོབ་བཞིན་ཡོད། མ་འོངས་པ་ན་རང་སྡེ་བའི་ནང་རིན་མེད་གསབ་སྦྱོང་བྱས་ཏེ་ལག་ཤེས་འདི་ཚང་མར་ཤེས་སུ་བཅུག་ནས། མི་རྣམས་ཀྱིས་རང་གི་ཁྱིམ་དུ་ཐོན་རྫས་ལས་ཏེ་ལས་འགྲུབ་བྱུང་རྗེས་སྤྱི་གཉེར་ཁང་དུ་འཁྱེར་ཡོང་ཆོག སྡེ་བ་འདི་ལག་ཤེས་ཀྱི་ལྟེ་གནས་ཞིག་ཏུ་འགྱུར་ཐུབ་པར་བརྩོན་ཏེ་ཡོང་སྒོ་འཕར་སྣོན་བྱེད་པར་བརྩོན་བཞིན་ཡོད། གཉིས་ནས་རང་གི་སྲོལ་རྒྱུན་གྱི་ཐག་འཐག་འདི་འཛམ་བུ་གླིང་དུ་ཁྱབ་པར་བརྩོན་ཏེ། རྒྱུ་སྤུས་དང་ཞབས་ཞུ་སོགས་ཕྱོགས་གང་ཐད་ནས་འབད་པ་བྱེད་པའི་འཆར་གཞི་ཡོད།

འབའ་རྫོང་འབྲོག་མི་དམངས་སྲོལ་ཚད་ཡོད་སྤྱི་གཉེར་ཁང་གིས་ཕུལ་དུ་བྱུང་བའི་དམངས་ཁྲོད་སྲོལ་རྒྱུན་ལག་རྩལ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་སྟེ། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འབད་པ་བྱེད་བཞིན་ཡོད་ལ། དེ་ནས་ཁོ་ཚོས་བོད་ཀྱི་རྒྱབ་ཁུག་དང་ས་གདན། རྒྱབ་བསྙེས། དཔྱངས་ཁུག ཡིག་ཚགས་ཁུག་མ། ལག་ཁུག་སོགས་བོད་རང་གི་ཁྱད་ཆོས་ལྡན་ལ་དེང་རབས་ཀྱི་འཚོ་བའི་དགོས་མཁོ་དང་བསྟུན་ནས་ཐོན་རྫས་གསར་བཟོ་བྱེད་བཞིན་ཡོད། ཀུང་ཟིས་ལས་བཟོ་བ་ཚེ་རིང་དབང་མོ་ཡིས་རང་ཉིད་ཀྱི་བསམ་ཚུལ་ཙམ་བརྗོད་བྱུང་།


སྤྱི་གཉེར་ཁང་འདི2018ལོའི་ཟླ་བཅུ་གཅིག་པར་བཙུགས་པ་རེད། དེའི་སྔོན་དུ་ང་ཚོ་མཚོ་བྱང་དུ་སོང་ནས་ཟླ་གཅིག་གི་རིང་ལ་སློབ་སྦྱོང་བྱས་པ་ཡིན། དེ་ནས་ཕྱིར་ཡོང་སྟེ་ད་བར་དུ་རང་ཉིད་ཀྱི་ལས་ཀ་ལས་འདི་ལས་པ་ཡིན། འགོ་ཁྲིད་དང་མང་ཚོགས་ཚང་མས་མཉམ་དུ་སྤྱི་གཉེར་ཁང་འདི་བཙུགས་ནས་ལེགས་འགྲུབ་བྱུང་བས་རང་ཉིད་དང་སྡེ་བ་ཚང་མར་ཕན་པ་ཡོད། ཟླ་རེར་གླ་ཕོགས་ཀྱང་ཡོད་པས་རང་ཉིད་ཀྱི་ལག་ཤེས་ཤེས་ན་དཀའ་ཁག་ཆེན་པོ་མེད་ལ། སྔོན་ཆད་ལས་ད་ལྟ་ཧ་ཅང་སྐྱིད། ཧ་ཅང་བཟང་།

འཆར་གཞི་ལྟར་ན། འབའ་རྫོང་འབྲོག་མི་དམངས་སྲོལ་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་གིས་ཟི་ལིང་ཐང་ཏའོ་ཚོང་དཔོན་ནོར་བཟང་རིག་གནས་ངོས་འཛིན་ཁང་དུ་ཕྱིར་ཚོང་བྱེད་རྩིས་ཡོད་པ་དང་།  སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ལས་འཛིན་གྱི་མིང་ཐོག་ནས་ཐོན་རྫས་ཕྱིར་ཚོང་བྱེད་པར་ཤུགས་སྣོན་དང་། རྐང་ཚ་རྫོང་ལུང་ཧྥིན་ཁྲིན་དམངས་སྲོལ་རིག་གནས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟི་དང་ཉོ་ཚོང་གྲོས་ཆིངས་བཞག་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་ཇེ་མང་དུ་གཏོང་བཞིན་ཡོད།

སྤྱི་གཉེར་ཁང་གི་ཐོན་སྐྱེད་འཁོར་ཁང་།

ལས་བཟོ་བས་ཐོན་རྫས་ལས་སྣོན་བྱེད་བཞིན་པ།

མཉམ་ལས་ཁང་གི་ཐོན་རྫས་སྣ་ཚོགས།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།