དམངས་ཁྲོད་ལས་བྱུང་བའི་ཁབ་མིག་གི་སྒྱུ་རྩལ་དྭངས་མ།
2019.08.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 33

དབྱར་ཟླ་དྲུག་པའི་ཀོས་ནན་རྩྭ་ཐང་ནི་སྔོ་ལྗང་གི་གོས་ལྭ་མནབས་པ་ཇི་བཞིན་མཛེས་སྡུག་ལྡན་ཞིང་། ཀྱ་ཀྱུའི་ཆུ་ཕྲན་གྱི་བཞུར་རྒྱུན་རིང་ལ་བྱ་བྱིའུ་སྣ་ཚོགས་ཀྱི་གྲེ་འགྱུར་སྙན། ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཐང་གི་གཞི་ན་བག་ཡངས་སུ་རྒྱུ་བཞིན་ཡོད།  མཛེས་སྡུག་གི་རྣམ་པ་དེ་ནི་ཀོས་ནན་རྫོང་གིས་ལོ་འདི་དག་གི་རིང་ལ་ལས་རིགས་ཐམས་ཅད་ཀྱི་ཐད་འབད་པ་བྱས་པའི་གྲུབ་འབྲས་ཀྱི་བདེན་དཔང་ཞིག་རེད།

དེ་ཡང་བོད་མི་རིགས་ལ་མཚོན་ན་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་རང་གི་རྔུལ་ཁྲག་དང་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ལག་ཤེས་རིག་གནས་མང་པོ་ཞིག་གསར་བཏོད་བྱས་ཤིང་། ད་ལྟའི་བར་ཁོ་ཚོས་ཕ་མེས་ཡང་མེས་ལས་བྱུང་བའི་དམངས་ཁྲོད་རིག་གནས་འདི་དག་སྲུང་སྐྱོང་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་འོངས་པ་རེད།

བོད་ཀྱི་གཙགས་དྲུབ་ནི་སྤྱི་ལོ་དུས་རབས་དགུ་བའི་སྐབས་སུ་བྱུང་བ་ཡིན་ལ། ཐང་ག་དང་ཚེམ་བུ། གཙགས་དྲུབ་བཅས་ནི་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཆེན་པོ་གསུམ་དུ་གྲུབ་ཡོད། དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད། བོད་ཀྱི་གཙགས་དྲུབ་ཀྱིས་རྒྱའི་རིག་གནས་དང་ཕྱི་རྒྱལ་གྱི་རིག་གནས། བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་གྱི་བྱེད་ཐབས་བསྡུ་ལེན་བྱས་ཏེ། མདོ་དབུས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཏུ་གྲུབ་ཡོད།

ཀོས་ནན་རྫོང་བྱ་མདོ་ཞེས་འབོད་པ་འདི་ཡང་གཙོ་བོ་ཞིང་ལས་ལ་བརྟེན་ནས་འཚོ་བ་རོལ་ཞིང་། ས་འདིའི་བུད་མེད་རྣམས་ལ་གོམས་སྲོལ་ཞིག་ཡོད་པ་ནི་ཁོ་ཚོའི་འདོགས་ཆ་གཙོ་བོ་རུ་གྱུར་བའི་སྐྲ་ལུང་གི་ལག་ཤེས་རིག་གནས་ལ་ཧ་ཅང་དགའ་ཞེན་དང་དུངས་པ་ཆེ་ཞིང་། སོས་དལ་གྱི་སྐབས་སུ་ཁོ་མོ་ཚོས་བློ་སེམས་རྩེ་གཅིག་གིས་ཁབ་མིག་གི་སྒྱུ་རྩལ་ལ་བརྟེན་ནས་རང་ཉིད་ལ་མཁོ་བའི་འདོགས་ཆ་གཙགས་བཞིན་ཡོད།   ང་ཚོ་བཅར་འདྲི་ཚན་ཆུང་ཀོས་ནན་རྫོང་བྱ་མདོ་ཞང་སྡེ་མང་སྡེ་བར་ཡོད་པའི་ཀོས་ནན་རྫོང་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་རུ་ཐོན་པ་དང་། ཀུང་སིའི་སྤྱི་གཉེར་བ་རིན་ཆེན་རྒྱལ་གྱིས་བཤད་རྒྱུར།

བོད་ལུགས་གཙགས་དྲུབ་འདི་ནི་ཁ་སང་དེ་རིང་དར་བ་ཞིག་མ་རེད། ང་ཚོ་བྱ་མདོ་ཡི་མི་རྣམས་གཙགས་དྲུབ་ཀྱི་ལས་སུ་ཇི་ལྟར་ཞུགས་པ་རེད་ཞེ་ན། གཙོ་བོ་འདོགས་ཆའི་རིགས་སྐྲ་ལུང་སོགས་མ་ཉམས་པར་གནས་ཡོད་པས་རེད།

དམངས་ཁྲོད་དུ་དར་སྔ་བའི་སྐྲ་ལུང་གི་ལག་ཤེས་རིག་གནས་འདི་ནི་ཀོས་ནན་དུ་གཙགས་དྲུབ་རིག་གནས་ཀྱི་ཆེས་ཐོག་མའི་འབྱུང་ཁུངས་ཡིན་པར་བཤད་ལ། དེང་སྐབས་སྐྲ་ལུང་ལས་གཞན་ད་དུང་ཐང་ག་དང་ཡུལ་ལྗོངས། སྲོག་ཆགས་སོགས་གཙགས་དྲུབ་ཀྱི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད། ཀུང་སིའི་སྤྱི་གཉེར་བ་རིན་ཆེན་རྒྱལ་གྱིས་ཀོས་ནན་བོད་ཀྱི་གཙགས་དྲུབ་ཀུང་སི་འཛུགས་པའི་དམིགས་ཡུལ་བཤད་བྱུང་།

ང་རང་ཉིད་ལ་མཚོན་ན་ཆུང་དུས་ནས་རིག་གནས་སྦྱངས་པའི་སྐལ་བ་མེད་བྱུང་ལ། དེ་ནས་གཙགས་དྲུབ་ཀྱི་ལས་རིགས་འདི་གཉེར་བ་ཡིན། གཙགས་དྲུབ་ཀྱི་ལས་རིགས་འདི་གཉེར་དོན་ནི་འགྲིམ་འགྲུལ་དང་ཞོར་ལས་སུ་འགྲོ་བར་སྟབས་མི་བདེ་བའི་ཆེད་ཡིན་པ་དང་། ང་ཚོའི་གནས་འདི་རུ་འབུར་དུ་ཐོན་པ་ནི་བྱ་མདོ་གཙགས་དྲུབ་ཞེས་པ་དེ་ཡིན་ལ། བྱ་མདོ་གཙགས་དྲུབ་ནི་མཚོ་སྔོན་ཞིང་ཆེན་དུ་མིང་གྲགས་ཆེ་བ་ཞིག་རེད། ང་ཚོའི་སྐྲ་ལུང་དང་འདོགས་ཆའི་རིགས་ལ་མཚོན་ན་རང་གིས་ལས་ནས་རང་གི་འདོགས་པ་མ་གཏོགས་དར་སྤེལ་དང་ཁྱབ་རྒྱ་ཇེ་ཆེར་འགྲོ་མི་ཐུབ། ང་རང་གིས་གཙགས་དྲུབ་ཀྱི་ཁ་ཕྱོགས་བསྒྱུར་ནས་ཡུལ་ལྗོངས་དང་རི་དྭགས་སོགས་གཙགས་པ་གཙོ་གནད་དུ་བཟུང་ནས་གཙགས་དྲུབ་ཀུང་སི་འདི་ཕྱེས་པ་ཡིན། 2006ལོར་མཚོ་ལྷོ་ཁུལ་ནས་མཚོ་ངོས་བོད་ལུགས་གཙགས་དྲུབ་ཚད་ཡོད་ཀུང་སི་གཉེར་བ་ཡིན། ལོ་དུ་མང་གི་རིང་ལ། རྒྱལ་ཁབ་དང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག ཀུང་སི་ཇེ་རྒྱས་དང་ཇེ་ལེགས། ཇེ་བརྟན་དུ་གྱུར་བ་དང་། 2016ལོར། སྲིད་གཞུང་གི་རྒྱབ་སྐྱོར་གང་མང་འོག མང་ཚོགས་ལ་ཁ་གཏད་དེ་བྱ་མདོ་ཞང་སྡེ་མང་སྡེ་བར་ཡོང་བ་ཡིན། མང་ཚོགས་ལ་ཁ་གཏད་དགོས་དོན་ནི་ཁྱིམ་དུ་ལོ་ལོན་དང་བྱིས་པར་བདག་སྐྱོང་བྱེད་མཁན་མེད་པས། དེ་དག་ལ་ཁ་གཏད་ནས་རང་གི་ཞིང་ལས་གཉེར་བ་དང་ལོ་ལོན་དང་བྱིས་པ་བདག་སྐྱོང་བྱེད་ཞོར་སྒོར་མོ་བཙལ་ཐུབ་པ་དང་། གཅིག་ནས་རང་གི་ས་ཆ་འདིར་མ་འོངས་བ་གཙགས་དྲུབ་ཀྱི་ཕ་སར་གཏོང་ཆེད་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་ཆེད་ཀུང་སི་འདི་བཙུགས་པ་ཡིན། དེང་སྐབས་ལས་བཟོ་བ་ཉི་ཤུ་ལྷག་གིས་གནས་འདི་རུ་རྒྱུན་དུ་ལས་གཉེར་བྱེད་བཞིན་ཡོད།

གཙགས་དྲུབ་རིག་གནས་ཡུན་གྱིས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ཕུལ་དུ་བྱུང་བའི་བོད་རིགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་དར་ཁྱབ་ཇེ་ཆེ་རུ་གྱུར། བོད་ལུགས་གཙགས་དྲུབ་ཀྱི་རི་མོའི་ཚོན་མདངས་རྣམ་པར་བཀྲ་ཞིང་། ཐིག་རིས་ལ་མཛེས་ཆ་དང་གསོན་ཉམས་ལྡན་པས། ལག་རྩལ་གྱི་ངོས་ནས་བཤད་ན་ཉར་ཚགས་ཀྱི་རིན་ཐང་ཡང་ཆེན་པོ་ལྡན།

བཤད་སྲོལ་ལྟར་ན། ཀོས་ནན་གཙགས་དྲུབ་ལ་ལོ་ངོ1500ཡི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལྡན་ཞིང་། མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་ཀྱི་ལག་ཤེས་སྒྱུ་རྩལ་ཁྱད་པར་བ་ཞིག་ཀྱང་རེད། འདིའི་རིན་ཐང་གཙོ་བོའང་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་གཙགས་པ་མ་ཡིན་པར་ས་འདིའི་བུད་མེད་རྣམས་ཀྱིས་རང་གི་ལག་བཟོ་རྐྱང་རྐྱང་ལ་བརྟེན་ནས་གྲུབ་པ་དང་། བཟོ་རྩལ་གྱི་ངོས་ནས་ཧ་ཅང་ཞིབ་ཚགས་ལྡན་པ་ཞིག་རེད། ཀུང་སིའི་སྤྱི་གཉེར་བ་རིན་ཆེན་རྒྱལ་གྱིས་ལོ་འདི་དག་གི་རིང་ལ་བྱ་བའི་ཁ་ཕྱོགས་གང་དག་ལ་འབད་བཞིན་པ་དང་མ་འོངས་བའི་བསམ་ཚུལ་ག་འདྲ་ཞིག་ཡོད་པའི་ཐད་ནས་བཤད་རྒྱུར།

ལོ་བཅུ་བཞི་བཅོ་ལྔའི་རིང་ལ། གཙགས་དྲུབ་ཀྱི་ཕྱོགས་ནས་གཙོ་བོ་ཡུལ་ལྗོངས་དང་རི་དྭགས། ཐང་ཀ་གཙོར་བཟུང་ནས་ལས་བཞིན་ཡོད་ལ། ད་སྐབས་ཞིང་ཆེན་ཕྱི་ནང་དུ་དོ་སྣང་བྱེད་བཞིན་པའི་གཙགས་དྲུབ་ཏུ་གྱུར་ཡོད། ང་རང་གིས་བསམ་ན་གཙགས་དྲུབ་འདི་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་ན་ད་ལྟའི་གནས་བབ་འདི་ལྟ་བུ་ཙམ་གྱིས་མི་འདང་བར་འདོད། 2017ལོའི་ལོ་མཇུག་དང2018ལོའི་ལོ་འགོར་མང་རྫོང་དང་ཟི་ལིང་སོགས་ནས་ཐེངས་མང་པོར་ཚོགས་འདུ་འཚོག་པ་དང་། དེའི་སྐབས་རྒྱལ་ཡོངས་ཀྱི་གེ་སར་ཞིབ་འཇུག་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན། ཞིང་ཆེན་གྱི་གེ་སར་ཞིབ་འཇུག་ཁང་གི་སྙིང་བོ་ཚེ་རིང་སོགས་གེ་སར་ཞིབ་འཇུག་ཕྱོགས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ཏེ། གེ་སར་རིག་གནས་ཞལ་ཐང་ཆེན་མོ་ཞིག་གི་མགོ་བརྩམས་པ་ཡིན་ལ། ད་ལོའི་ལོ་མཇུག་ཏུ་སྐྱ་ཐིག་ཕབ་ཚར་སྲིད། རིང་ཐུང་ལ་མུས་སུམ་བརྒྱ་ལྷག་གི་འཆར་གཞི་ཡོད། འདི་ལས་པའི་དམིགས་ཡུལ་ནི་གཙགས་དྲུབ་ཀྱི་ལས་རིགས་འདི་ཇེ་རྒྱས་དང་ཇེ་བརྟན་དུ་འགྲོ་རྒྱུའི་ཆེད་ཡིན།

ལག་ཤེས་བརྩམས་ཆོས་བཟང་བོ་ཞིག་འགྲུབ་པར་ཕལ་ཆེར་ལོ་ཕྱེད་ཙམ་གྱི་དུས་ཡུན་དགོས་པ་དང་། གལ་ཏེ་ཁྱིམ་ཚང་རེ་རེར་སོང་ནས་དྲིས་པ་ཡིན་ན། གཙགས་དྲུབ་བཟོ་མི་ཤེས་པའི་བུད་མེད་ཧ་ལམ་མེད་པ་རེད། དེ་བས་ཡུལ་འདི་ལ་གཙགས་དྲུབ་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཡང་གསོལ་བ་རེད། ཀུང་སིས་ལས་བཟོ་བ་ཆོས་སྐྱིད་སྒྲོལ་མས་བཤད་རྒྱུར།

དེ་སྔོན་ཞོར་ལས་སུ་སོང་ནས་ཡོང་སྒོ་བཙལ་བ་ཡིན། དུས་རྒྱུན་དབྱར་རྩྭ་བརྐོ་རུ་སོང་བ་ཡིན་ལ། དེ་ནས་རང་ཁྱིམ་གྱི་ཞིང་ལས་ལས་ཚར་རྗེས་མུ་མཐུད་དུ་ཞོར་ལས་བྱེད་དུ་སོང་བ་ཡིན། ཀུང་སི་རུ་ཡོང་རྗེས་ཞོར་ལས་སུ་སོང་མ་མྱོང་། འདིར་ཡོང་ན་གཅིག་ནས་ལག་རྩལ་ཞིག་སྦྱངས་ཐུབ་པ་དང་། གཉིས་ནས་ལོ་ལོན་དང་བྱིས་པ་བདག་སྐྱོང་བྱེད་ཐུབ། ཞོར་ལས་སུ་སོང་ནས་གཙགས་དྲུབ་ཀྱི་ཡོང་སྒོ་འདི་འདྲ་ཞིག་བཙལ་མི་ཐུབ་ལ། ཚ་བ་ཆེ་བ་དང་གྲང་ངར་ཆེ་བ། ཆར་བ་འབབ་པ་་སོགས་ཀྱི་དུས་སུ་ཡང་ལས་ཀ་ལས་དགོས་པས་ཅུང་དཀའ། འདིའི་ནང་དུ་རྟ་དང་འཛམ་གླིང་སོགས་སྣ་ཁ་མང་པོ་གཙགས་ཐུབ་ལ་ལག་རྩལ་མང་པོ་སྦྱངས་ཐུབ།  ཀུང་སི་རུ་ཡོང་རྗེས་ཡོང་སྒོ་ཧ་ཅང་བཟང་ལ་སྡུག་ཀྱང་མང་པོ་མྱངས་མི་དགོས།

བོད་ཀྱི་གཙགས་དྲུབ་ནི་ཀོས་ནན་རྫོང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་ཞིག་ཡིན་ལ། དེའི་ཀོས་ནན་ལ་གཙགས་དྲུབ་ཀྱི་ཕ་སའི་མིང་བྱང་བསྩལ་བ་མ་ཟད། ད་ལྟ་ཡུལ་ཕྱོགས་སྔར་ལས་མང་པོ་རུ་དར་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད། འགོ་གཙོ་རིན་ཆེན་རྒྱལ་གྱི་འབད་བརྩོན་སྣེ་ཁྲིད་འོག ཀོས་ནན་གཙགས་དྲུབ་དེ་མཚོ་སྔོན་ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྲོད་དུ་ཚུད་པ་དང་། གསར་སྤེལ་གྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། དེ་མིན་ད་དུང་ས་གནས་མང་ཚོགས་རྣམས་ཀྱི་ཡོང་སྒོ་འཕར་སྣོན་ཐད་ལ་ཡང་གྲུབ་འབྲས་ཆེན་པོ་ཐོན་ཡོད།

ཀུང་སིའི་ཐོན་རྫས་སྣ་ཚོགས།

ལས་བཟོ་བས་གཙགས་དྲུབ་གཙགས་བཞིན་པ།

དཀའ་སྤྱད་ལ་བརྟེན་ནས་ཐོབ་པའི་གཟེངས་རྟགས་སྣ་ཚོགས།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།