ངེས་དོན་མཐར་ཕྱིན་ཚང་གི་ཁྱིམ་རྒྱུད་བཞིས་སེམས་རྩེ་གཅིག་གིས་ཏང་ལ་བློ་ཕྱོགས་པའི་གཏམ་རྒྱུད།
2019.08.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 39

སེམས་རྟེན་དངོས་དཔང་།
ངེས་དོན་མཐར་ཕྱིན་ཚང་གི་ཁྱིམ་རྒྱུད་བཞིས་སེམས་རྩེ་གཅིག་གིས་ཏང་ལ་བློ་ཕྱོགས་པའི་གཏམ་རྒྱུད།
“ངའི་ཕུགས་འདུན་ནི་དགེ་རྒན་ཞིག་བྱེད་རྒྱུ་དེ་ཡིན། ཕུ་བོ་དང་ཨ་ཅེ་གཉིས་ལྟར་རོགས་རམ་བྱེད་དགོས་པའི་མི་མང་པོར་རོགས་རམ་བྱེད་རྒྱུ་དེ་ཡིན།”

“ངའི་ཕུགས་འདུན་ནི་དམག་མི་ཞིག་བྱེད་རྒྱུ་དེ་ཡིན། ཕུ་བོ་དང་འདྲ་བར་དམག་རྟ་ཞོན་འདོད།”

གོང་གི་སྐད་ཆ་འདི་དག་ནི་ལུས་ཕུང་ཉམ་ཆུང་ཞིང་ངོ་གདོང་ནག་པོའི་ལོ་བཅུ་གསུམ་ཅན་གྱི་ཚེ་ལྷ་དང་ནུ་བོ་ཚེ་རིང་བཟང་བོ་གཉིས་ཀྱིས་བཤད་པའི་སྐད་ཆ་རེད། ཁོ་གཉིས་མཐོང་བའི་ཉིན་དེ་ནི་གཟའ་མཇུག་ཅིག་ཡིན་ལ། བྱིས་པ་དེ་གཉིས་ཀྱིས་གླེང་བའི་ཕུ་བོ་དང་ཨ་ཅེ་ནི་ངེས་དོན་མཐར་ཕྱིན་དང་ཁོའི་ཆུང་མ་ཁྲིན་ཡུས་ཡུན་གཉིས་རེད།

མིང་སྲིང་དེ་གཉིས་ཀྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དུ་སློབ་གྲྭ་འདོན་བཞིན་ཡོད་པ་དང་། ངེས་དོན་མཐར་ཕྱིན་ཡོད་སའི་རྟ་དམག་བརྒྱ་ཤོག་ཏུ་འགྲོ་བར་དུས་ཚོད་ཕྱེད་ཀའི་ལམ་ཐག་མ་གཏོགས་བརྒྱུད་མི་དགོས།

ངེས་དོན་མཐར་ཕྱིན་གྱི་ཆུང་མ་ཁྲིན་ཡུས་ཡུན་གྱིས་མིང་སྲིང་དེ་གཉིས་ལ་ཉོས་པའི་ལྭ་བ་དང་ལྷམ་ལ་དོ་དམ་བྱེད་ཞོར། གསར་འགོད་པར་“སེམས་རྟེན་དངོས་དཔང་”དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་བརྗོད་བྱུང་ །

ཚེ་ལྷ་དང་ཚེ་རིང་བཟང་བོ་མིང་སྲིང་གཉིས་པོ་ནི་ཆུང་མ་ཁྲིན་ཡུས་ཡིན་གྱིས་ཆེས་ཐོག་མར་རོགས་སྐྱོར་བྱ་ཡུལ་ཡིན་ལ། ངེས་དོན་མཐར་ཕྱིན་ཐོག་མར་ངོ་ཤེས་རྗེས། ཆུང་མས་ད་དུང་ངེས་དོན་མཐར་ཕྱིན་ལ་བསམ་ཚུལ་མི་འདྲ་བ་ཡོད་བསམ་ནས་སེམས་ཁུར་བྱས་མྱོང་། འོན་ཀྱང་དོན་དག་འདི་ལྟ་བུ་ཞིག་ལ་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བའི་བྱམས་སེམས་ཅན་གྱི་ངེས་དོན་མཐར་ཕྱིན་གྱིས་ཁ་ཡ་མ་བྱས་པར་སྡོད་ག་ལ་ཐུབ། ཁོས་མི་ཐུབ་ཅེས་པའི་ཚིག་གཅིག་ཀྱང་མི་བཤད་པར་མ་ཟད། ཨ་ཅེ་དང་ནུ་བོ་གཉིས་ལ་བློ་ཞིབ་མོས་སེམས་ཁུར་བྱས་པ་ཆུང་མ་ཁྲིན་ཡུས་ཡིན་དང་བསྡུར་ནའང་ལྷག་ཏུ་སེམས་ལ་ཐོགས་ཡོད་པ་རེད།

ཁོ་གཉིས་གཉེན་སྒྲིག་བྱེད་སྐབས་མ་གྲོས་གཅིག་མཐུན་གྱིས་འདི་ལྟ་བུའི་མ་དངུལ་རོགས་སྐྱོར་དེ་“སེམས་རྟེན་དངོས་དཔང་”དུ་བཟུང་ཏེ་ཨ་ཅེ་དང་ནུ་བོ་གཉིས་འཐད་པ་བྱུང་སོང་ན་ཁོ་ཚོས་དམའ་འབྲིང་ནས་མཐོ་འབྲིང་།རིམ་བཞིན་སློབ་གྲྭ་ཆེན་མོ་མཐར་ཕྱིར་རག་བར་དུ་རོགས་རམ་བྱ་རྒྱུའི་སེམས་ཐག་བཅད་ཡོད། དུས་དེ་ནས་བཟུང་སྟེ།ཨ་ཅེ་དང་ནུ་བོ་གཉིས་ངེས་དོན་མཐར་ཕྱིན་གཟའ་ཟླ་གཉིས་ཀྱི་སེམས་ཀྱི་དྲན་སོ་རུ་གྱུར་ཡོད་པར་མ་ཟད། ཁོ་གཉིས་ཀྱིས་གཟའ་མཇུག་རེ་རེ་ལ་ངེས་པར་དུ་བལྟ་རུ་ཡོང་དགོས་པའི་བྱིས་པ་ཞིག་ཏུ་གྱུར།

ཨ་ཅེ་ཚེ་ལྷ་ནི་དཔེ་ཆར་བལྟ་རྒྱུར་དགའ་བའི་བུ་མོ་ཞིག་ཡིན་ལ། མོ་ལོ་ན་མི་ཆེ་ནའང་འོན་ཀྱང་འཛམ་གླིང་གི་མིང་དུ་གྲགས་པའི་བརྩམས་ཆོས་མང་པོ་ཞིག་ལ་བལྟས་མྱོང་། ཉིན་རྒྱུན་ངེས་དོན་མཐར་ཕྱིན་གྱིས་དཔེ་ཆ་གསར་བ་ཉོས་ནས་ཡོང་སྐབས་ཚེ་ལྷ་རྒྱུན་པར་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད། མོས་ད་དུང་དཔེ་ཆ་བལྟས་ཚར་རྗེས་དཔེ་ཆའི་སྟོང་ཆ་ཡོད་སར་དཔེ་ཆར་བལྟས་རྗེས་ཀྱི་ཟིན་བྲིས་མང་པོ་འབྲི་རྒྱུར་ཡང་ཧ་ཅང་དགའ།

ནུ་བོ་ཚེ་རིང་བཟང་བོ་བལྟས་ཚོད་ཀྱིས་ཧ་ཅང་པྲ་ཚགས་ཤིག་ཡིན་མོད།འོན་ཀྱང་ཁོའི་སྐམ་ཞིང་རིད་པའི་གཟུགས་གཞི་དང་དམར་སྨུག་གི་ངོ་གདོང་ལས་འོད་ལམ་ལམ་གྱི་མིག་ཟུང་ལས་བརྟན་བརླིང་དང་སྤོབས་སེམས་ཀྱི་སྟོབས་ཤུགས་ཤིག་གིས་ཁེངས་འདུག

བྱིས་པ་གཉིས་ཁྱིམ་ཚང་གི་རྒྱབ་ལྗོངས་འདི་ལྟ་བུ་ཞིག་ལས་ནར་སོན་པ་ནི་ཁོ་གཉིས་ཀྱི་ལས་དབང་ཡིན་མོད། ཡིན་ནའང་ངེས་དོན་མཐར་ཕྱིན་བཟའ་ཟླ་གཉིས་ལྟ་བུའི་བྱམས་བརྩེ་ལྡན་པའི་མི་སྣ་རླབས་ཆེན་འདི་འདྲ་ཞིག་ཡོད་པ་ནི་བྱིས་པ་འདི་གཉིས་ཀྱི་བསོད་ནམ་ཞིག་ཅི་ལ་མིན། མི་བཟང་གི་དོན་བཟང་སྒྲུབ་པའི་བྱ་བ་དག་ནི་རྡོ་ལ་རི་མོ་བརྐོས་པ་བཞིན་དུ་རླུང་གིས་གཡོ་མི་ཐུབ་ལ། ཆར་བས་ཀྱང་བསུབ་མི་ནུས་ཞེས་ཡུས་ཧྲུའུ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གཉིས་པའི་དགེ་རྒན་ཁྲིན་ཞུ་ལེན་གྱིས་བཤད། དགེ་རྒན་ཁྲིན་ཞུ་ལེན་ནི་སྔོན་ཆད་ཨ་ཅེ་ཚེ་ལྷའི་རྒྱ་ཡིག་གི་དགེ་རྒན་ཡིན་ལ། ད་སྐབས་ནུ་བོའི་དགེ་རྒན་ཡིན། མོས་ངེས་དོན་མཐར་ཕྱིན་བཟའ་ཟླ་གཉིས་ཀྱིས་བྱིས་པ་གཉིས་ལ་བདག་སྐྱོང་བྱས་པའི་སྐོར་ནས་གླེང་སྐབས་བསྟོད་པའི་མཐེ་བོང་བསྒྲེངས་སོང་།

“  ང་ཚོའི་སེམས་སུ་ཁོ་གཉིས་ནི་ང་ཚོའི་བྱིས་པ་ཡིན།དངོས་ཤུགས་དང་རྒྱུ་ཤུགས་ལས་གཞན་ད་དུང་བསམ་བློའི་སྟེང་ཁོ་ཚོ་ལ་སྡུག་བསྔལ་ལས་རྒྱལ་དགོས་པ་དང་དཀའ་སྤྱད་འབད་བརྩོན་བྱས་ན་ད་གཟོད་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་གནས་ལུགས་ཤེས་སུ་འཇུག་ཆེད་ཡིན་པ་དེ་ནི་ང་ཚོའི་ཐོག་མའི་བསམ་འདུན་ཡིན་ཞེས་ངེས་དོན་མཐར་ཕྱིན་གྱིས་དེ་ལྟར་བརྗོད་བྱུང་།   ”

བཟའ་ཟླ་གཉིས་ཀྱིས་རོགས་རམ་བྱེད་པའི་བྱ་སྤྱོད་ལ་ཁྱིམ་ཚང་གང་བོས་ཁེས་ལན་གང་ལེགས་བྱས་ཡོད་པ་དང་། ཁོ་བཟའ་ཟླ་གཉིས་བྱ་བའི་དབང་གིས་ཁོམ་སྐབས་མ་བྱུང་དུས་ངེས་དོན་མཐར་ཕྱིན་གྱི་ཨ་མ་སྒྲོལ་མ་ཚེ་སྐྱིད་ཀྱིས་བྱིས་པ་གཉིས་ལ་སློབ་སྦྱོང་གི་ཡོ་ཆས་དང་ལྭ་བ། ལྷམ་སོགས་མངག་ཉོ་བྱེད་བཞིན་ཡོད་ལ། ཨ་ཕ་སྡོམ་པ་ཨ་བྷོ་རྩིས་གཉེར་བར་གྱུར་འདུག  ད་དུང་རྒན་རྒོན་གཉིས་ཀྱིས་བློ་སེམས་ཞིབ་མོས་མང་སྲིང་གཉིས་ཀའི་ལྭ་བའི་ཆེ་ཆུང་དང་ལྷམ་གྱི་ཆེ་ཆུང་དེ་མིན་དགའ་ཕྱོགས་སོགས་ཀྱང་སེམས་སུ་གསལ་བོར་ངེས་ཡོད་པ་རེད།

གསར་འགོད་པས་བཅར་འདྲི་བྱེད་སྐབས་སློབ་རའི་བྱིས་པ་ཚོའི་གྲས་ན་མཉམ་དུ་རྩེད་འཇོ་ལ་རོལ་བཞིན་པའི་མིང་སྲིང་འདི་གཉིས་ཀྱི་སྐམ་ཞིང་རིད་པའི་གཟུགས་གཞི་དེ་ནི་ཧ་ཅང་དྲང་བོ་དྲང་བོར་གནས་འདུག་པ་གཞི་ནས་ཚོར་བྱུང་།                                                                                                                                              ལོ་ཙཱ་བ།  སྐར་མ་མཚོ།