འཚོ་བ་ནི་མིག་མདུན་གྱི་རྩྭ་ས་འདི་ཁོ་ནར་བརྟེན་མི་དགོས།
2019.08.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 41

 ——ཆུ་དམར་ལེབ་རྫོང་གི་དབུལ་ཐར་གཏམ་རྒྱུད་གསུམ།

2015ལོར། མཚོ་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི4200ཡོད་པའི་ཆུ་དམར་ལེབ་རྫོང་གིས་མ་དངུལ་དང་མི་ཤུགས་འབོར་ཆེན་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བ་དང་། སྒྲིག་བཀོད་ཆེས་འཐུས་ཚང་བ། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གིས་ཡིད་ཆེས་དང་ལེན་བྱེད་སླ་བ་བཅས་ཀྱི་འབྲོག་མི་མཁར་གྲོང་ཅན་དུ་སྤོ་བསྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་ཞབས་ཞུ་གསོ་སྦྱོང་རྟེན་གཞི་ཞིག་བཙུགས་ཡོད།

རྫོང་ཡོངས་ཀྱི་ལོ18ནས་ལོ38བར་གྱི་མི5039བདམས་ནས་ལས་སྐྲུན་གྱི་ལས་ཞུགས་ཡར་སྐུལ་དབུལ་སྐྱོར་སྲིད་ཇུས་དང་ལས་སྐྲུན་གྱི་མ་དངུལ་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་བཞག་སྟེ། དམིགས་ཡུལ་ཡོད་པའི་སྒོ་ནས་གཡོས་སྦྱོར་དང་རླངས་འཁོར་དང་འཕྲུལ་རྟ་ཞིག་གསོ། འཚེམ་བཟོ།  མི་རིགས་གྱོན་ཆས་བཟོ་བ་སོགས་ཀྱི་ཕན་ནུས་རང་བཞིན་གྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་། ཆེད་ལས་ལག་རྩལ་པ་གདན་དྲངས་ནས“སློབ་མ་རེ་ལ་དགེ་རྒན་རེས་དངོས་སུ་འཁྲིད་པ”ཡི་རྩལ་ནུས་སློབ་ཁྲིད་བྱས།  མིག་སྔའི་བར་དུ། རྟེན་གཞི་དེ་ནས་མི1640ལ་གསོ་སྦྱོང་བྱས་པ་དང་། ད་རུང་མི1000ལ་གསོ་སྦྱོང་བྱེད་པའི་དམིགས་འབེན་འཆར་གཞི་བཀོད་ནས་རྫོང་མཁར་དུ་གནས་སྤར་བའི་གནད་ཕིགས་དབུལ་སྐྱོར་ཁྱིམ་ཚང་ལ་ལག་རྩལ་སྣ་རེ་ཡོད་དུ་བཅུག་སྟེ་དབུལ་ཕོངས་ཀྱི་རྒྱུན་གཅོད་ཡག་བྱས།

གཏམ་རྒྱུད་དང་པོ། ལག་རྩལ་ཞིག་ཤེས་ན་ཁ་རྒྱབ་ལ་འདང་རྒྱག་མེད།

ཟླ5པར། གསར་འགོད་པ་འབྲི་སྟོད་རྫོང་རྒྱ་རྗེ་པོ་ལོ་གྲོང་རྡལ་དུ་བསྐྱོད་པ་ན། དབང་གྲགས་དང་ཁོའི་དགེ་རྒན་བསོད་ནམས་བཀྲ་ཤིས་གཉིས་ཀྱིས་ཚོང་ཁང་གི་སྒོ་ཕྱེས་ནས་འགྲུལ་པ་བསུ་བཞིན་འདུག དབང་གྲགས་ནི་ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་དགུ་གཞུང་སྡེ་བའི་སྡེ་མི་ཡིན། ཁྱིམ་ཚང་དུ་ཕྱུགས་ཟོག་དང་རྩྭ་ས་མེད་པ་དང་འཚོ་བར་དཀའ་ཁག་ཡོད་པས་ཡུལ་དེའི་དབུལ་ཕོངས་ཁྱིམ་ཚང་དུ་གྱུར།

2017ལོའི་ཟླ3པར། དབང་གྲགས་ཆུ་དམར་ལེབ་རྫོང་རོང་འབྲོག་པའི་ལས་སྐྲུན་མཛུབ་སྟོན་ལྟེ་གནས་ཀྱི་མི་རིགས་ལག་ཤེས་བཟོ་ལས་གསེར་མགར་དངུལ་མགར་གསོ་སྦྱོང་སློབ་གྲྭར་སོང་སྟེ་ལག་རྩལ་སྦྱངས། ལོ་ངོ་གཉིས་ལ་འབད་པས་སློབ་སྦྱོང་བྱས་པས་བདེ་བླག་ངང་སློབ་མཐར་ཕྱིན། དེར་མ་ཟད་དགེ་རྒན་གྱི་སྣེ་ཁྲིད་འོག་ཏུ་འབྲི་སྟོད་རྫོང་དུ་སོང་སྟེ་མི་རིགས་ལག་ཤེས་སྒྱུ་རྩལ་ཐོན་རྫས་ལས་སྣོན་ཚོང་ཁང་ཞིག་ཕྱེས།

དབང་གྲགས་ཀྱིས“དགེ་རྒན་ལགས་ཀྱི་སྣེ་ཁྲིད་འོག་ངས་ལག་རྩལ་སྦྱངས་ནས་ཤེས་པར་མ་ཟད་ཚོང་ཁང་ཡང་ཕྱེས། ད་ལྟ་ཟླ་རེར་སྒོར3500ཡི་ཡོང་སྒོ་ཡོད་པས། ཁྱིམ་ཚང་གི་འཚོ་བ་སྔར་བས་ཇེ་བཟང་དུ་གྱུར་ཡོད”ཟེར།

“ང་ཚོས་གསོ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱེད་སྐབས་སློབ་གྲྭས་སློབ་ཡོན་མ་བླངས་པའི་ཁར། ཟ་མ་དང་འདུག་སའང་འདོན་སྤྲོད་བྱས། སློབ་མཐར་ཕྱིན་རྗེས་དགེ་རྒན་ལགས་ཀྱིས་ང་ཚོར་སྣེ་ཁྲིད་བྱས་ནས་ཚོང་ཁང་ཕྱེས། སྦྱངས་པའི་ལག་རྩལ་ལ་བརྟེན་ནས་དངོས་གནས་ཡོང་སྒོ་འཚོལ་ཐུབ་སོང”ཞེས་དབང་གྲགས་ཀྱིས་མུ་མཐུད་དུ་དེ་ལྟར་བཤད་བྱུང་།

དབང་གྲགས་ཀྱི་དགེ་རྒན་བསོད་ནམས་བཀྲ་ཤིས་ཀྱིས་བཤད་པ་ལྟར་ན། ད་ལྟ་དབང་གྲགས་ཀྱིས་རང་རྐྱ་ཐུབ་པའི་སྒོ་ནས་རྐེད་བཅིངས་བཟོ་ཐུབ། དེ་ནི་ལག་པ་ཁོ་ནས་མགར་དགོས་པས་རྐེད་བཅིངས་ཤིག་མགར་ན་ཉིན20ལྷག་དགོས། དེ་ལྟ་བུའི་རྐེད་བཅིངས་ཤིག་གི་ཕྱིར་འཚོང་རིན་གོང་ཧ་ལམ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་རེད།

ཆུ་དམར་ལེབ་རྫོང་རོང་འབྲོག་པའི་ལས་སྐྲུན་མཛུབ་སྟོན་ལྟེ་གནས་ཀྱི་མི་རིགས་ལག་ཤེས་སྒྱུ་རྩལ་གསེར་མགར་དངུལ་མགར་གསོ་སྦྱོང་སློབ་གྲྭའི་དགེ་རྒན་བསོད་ནམས་བཀྲ་ཤིས་ཀྱིས་ཁམས་མདོ་ནོར་རྩེ་བོད་རིགས་སྒྱུ་རྩལ་ཐོན་རྫས་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ཏེ་བཙུགས་ནས་ཁེ་ལས་ཕྱོགས་གསུམ་པའི་ཐོབ་ཐང་གི་ཚུལ་དུ་སློབ་མའི་ལས་སྐྲུན་དང་ལས་ཞུགས་ལ་རོགས་སྐྱོར་བྱེད་བཞིན་ཡོད། 2018ལོའི་ཟླ9པར་ཚོང་ཁང་ཕྱེས་པའི་ཚུན་དུ་དབང་གྲགས་དང་ཁོའི་སློབ་གྲོགས་གཉིས་ཀྱིས་ཡུལ་དེ་ནས་སྒོར་ཁྲི་གཅིག་ལྷག་བླངས། ཚོང་ར་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ཁོ་ཚོའི་ཡོང་སྒོའང་ཇེ་མང་ནས་ཇེ་མང་དུ་འགྲོ་སྲིད།

གཏམ་རྒྱུད་གཉིས་པ། འུར་ཆ་དོར་ནས་བདེ་སྐྱིད་ཀྱི་འཚོ་བར་བརྩོན་པས་བསྙེགས།

ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་རྩྭ་ཐང་གི་བུ་མོ་ཞིག་ནས་ཆུ་དམར་ལེབ་རྫོང་སྲིད་གཞུང་གསོལ་ཁང་གི་ཇ་མ་གཙོ་བོར་གྱུར་བ་དང་། འཚོ་བར་དཀའ་སྡུག་གིས་མནར་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་ནས་ཟླ་རེར་བརྟན་འཇགས་ཀྱི་གླ་ཕོགས་སྒོར་སྟོང་ལྔ་ཡོད་པའི་ལས་བྱེད་པར་གྱུར། མོའི་མིང་ལ་འཕྲིན་ལས་ཟེར་ཞིང་འགྱུར་ལྡོག་དེ་ལྟར་ཆེ་བ་སྔོན་ཆད་མོའི་སེམས་སུའང་དྲན་མ་མྱོང་།

རྩྭ་ཐང་ནས་སྐྱེས་ཤིང་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་འཕྲིན་ལས་ཚང་ལ་རྩྭ་ས་དང་ནོར་ལུག་གང་ཡང་མེད་པས་འཚོ་བར་དཀའ་ཁག་བྱུང་། རྩྭ་ཐང་ནས་རྩྭ་ས་དང་ནོར་ལུག་གི་རྩ་བའི་ཐོན་སྐྱེད་རྒྱུ་ཆ་མེད་ཚེ་ཡོང་སྒོ་ཅི་ཡང་མེད་པ་སུས་ཀྱང་ཤེས།

2016ལོར། རྫོང་སྲིད་གཞུང་གིས་གཞན་སར་གནས་སྤོར་གྱི་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་པ་བརྒྱུད་ནས། འཕྲིན་ལས་ལ་གཞི་ནས་རྫོང་མཁར་དུ་སྨི་གྲུ་བཞི་མ60ཅན་གྱི་སྡོད་ཁང་ཞིག་ཡོད་པར་གྱུར།  སྡོད་ཁང་གསར་པའི་ནང་དུ་གནས་སྤར་རུང་བརྟན་འཇགས་ཀྱི་ཡོང་སྒོ་མེད་པའི་གནད་དོན་གྱིས་ཁོ་མོ་སྔར་བཞིན་སྡུག་བསྔལ་ལས་ཐར་མ་ཐུབ།

2017ལོར། ཆུ་དམར་ལེབ་རྫོང་རོང་འབྲོག་པའི་ལས་སྐྲུན་མཛུབ་སྟོན་ལྟེ་གནས་ཀྱིས་གཡོས་སྦྱོར་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་སློབ་མ་བསྡུ་བའི་སྐབས་སུ་འཕྲིན་ལས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད། ལོ་ངོ་གཉིས་རིང་ལ་སློབ་སྦྱོང་བྱས་པ་བརྒྱུད་ཁོ་མོས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་མཐར་ཕྱིན་འཛིན་ཡིག་དང་ཇ་མའི་ཐོབ་ཐང་དཔང་ཡིག་བླངས་པར་མ་ཟད། བདེ་བླག་ངང་རྫོང་སྲིད་གཞུང་གསོལ་ཁང་གི་ཇ་མར་གྱུར།

བདེ་སྐྱིད་ནི་བརྩོན་པས་བསྙེགས་ནས་ཐོབ་པ་ཡིན། སྐད་ཆ་འདི་ནི་འཕྲིན་ལས་ལ་འོས་པ་ཞིག་སུ་ལའང་མི་འོས། སློབ་གྲྭར་སོང་མ་མྱོང་བས་གསོ་སྦྱོང་དུ་ཞུགས་མ་ཐག་འཕྲིན་ལས་ཀྱིས་རྒྱུན་མཐོང་གི་བྲོ་རྫས་དང་སྔོ་ཚལ་གྱི་མིང་གཅིག་ཀྱང་སེམས་ལ་འཛིན་མ་ཐུབ། དཀའ་སྡུག་གི་མདུན་དུ་ཁོ་མོ་ཕྱིར་སྣུར་མ་བྱས་ལ་གསོ་སྦྱོང་སྐབས་སུ་ཉིན་གཅིག་ལའང་གནང་བ་ཞུས་མ་མྱོང་། གཞན་ལས་ལྡབ་འགྱུར་གྱིས་འབད་བརྩོན་བྱས་མཐར་མཐར་ཕྱིན་པའི་སྐབས་སུ་གྲུབ་འབྲས་ཕུལ་བྱུང་བླངས་པ་དང་། མཛེས་སྡུག་གི་འཚོ་བར་མོས་འདུན་བརྟན་པོ་ཞིག་བཅངས་པས་མོས་འབད་འབུངས་བྱས་པ་དེར་འཐོབ་འོས་པའི་གྲུབ་འབྲས་དེ་ཐོབ།

འཕྲིན་ལས་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོ་མོ་དང་མཉམ་དུ་གསོ་སྦྱོང་ལ་ཞུགས་པའི་མི50ལྷག་གི་ཁྲོད80%ཡིས་བྱ་བ་རེག་པ་དང་། རྩལ་ནུས་གསོ་སྦྱོང་བྱས་པ་ལས་ང་ཚོ་ཚང་མ་དབུལ་པོ་ལས་ཐར་དུ་བཅུག་པ་དང་འཚོ་བའི་ཆུ་ཚད་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་རུ་བཅུག་བྱུང་ཟེར།

གཏམ་རྒྱུད་གསུམ་པ། དབུལ་ཐར་ནི་སེམས་ཁོང་དུ་འབར་བའི་མེ་དཔུང་དེ་ཡིན།

རྨ་ཆུའི་མགོ་ཁུངས་ཀྱི་རྨ་སྟོད་ཞང་དུ་སྐྱེས་པའི་མགོན་པོ་རྡོ་རྗེ་ཡིས2017ལོའི་ཟླ10པར། རྫོང་འབྲོག་མི་མཁར་གྲོང་ཅན་གྱི་སྤོ་བསྒྱུར་དང་འཕེལ་རྒྱས་ཞབས་ཞུ་གསོ་སྦྱོང་ལྟེ་གནས་ཀྱི་གསོ་སྦྱོང་འཛིན་གྲྭར་མིང་ཐོ་བཀོད་དེ། བོད་ལྭ་འཚེམ་བཟོའི་ལག་རྩལ་སྦྱངས།

ལོ་ངོ་གཅིག་གི་ནང་དུ་མགོན་པོ་རྡོ་རྗེ་བདེ་བླག་ངང་སློབ་མཐར་ཕྱིན་པར་མ་ཟད། ད་རུང“ཕུལ་བྱུང་མཐར་ཕྱིན་སློབ་མ”རུ་གྱུར།  ཁོས་ཁྱིམ་མིར་གྲོས་བྱས་ཏེ་འཐད་པ་བྱུང་རྗེས་ཆུང་མ་ཀླུ་འཚོ་དང་མཉམ་དུ་མིག་མདུན་གྱི་འཚོ་རྟེན་རྩྭ་ས་དེ་དང་རྒྱང་དུ་གྱེས་ནས། རྫོང་མཁར་ཉེ་འགྲམ་གྱི་ཁྲི་འདུ་རྫོང་འདམ་མདའ་གྲོང་རྡལ་ནས་མིང་ལ“ཆུ་དམར་ལེབ་རྫོང་ལག་རྩལ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་སྐྲུན་གྱོན་ཆས་ཚོང་ཁང”ཟེར་བ་ཞིག་ཕྱེས།

མགོན་པོ་རྡོ་རྗེས་འདམ་མདའ་གྲོང་རྡལ་ནི་གནས་ཡུལ་ལེགས་པ་དང་དེའི་ཁར་འཚེམ་བཟོ་ཚོང་ཁང་བལྟོས་བཅས་ཀྱིས་ཉུང་བ། རང་ཉིད་ཀྱིས་བཟོས་པའི་བོད་ལྭར་ཁྱད་ཆོས་ལྡན་ཞིང་དར་སྲོལ་དང་མཐུན་པས་ཡུལ་འདི་ནས་ཚོང་བྲིན་པར་བསམས་ནས་འདིར་ཡོང་བ་ཡིན། 2018ལོའི་ཟླ11པ་ནས་མགོ་བརྩམས་པ་དང་། མིག་སྔར་ཡོང་སྒོ་སྒོར་ཁྲི4ལས་བརྒལ་བར་མ་ཟད། མངག་ཉོ་བྱེད་མཁན་ཡང་ཤིན་ཏུ་མང་བས་ཁོ་བཟའ་ཟླ་གཉིས་ཀྱིས་དགོང་འཕྱི་ཉལ་དང་ནངས་སྔ་ལངས་བྱས་ནས་བཟོས་རུང་ད་རུང་མི་ཚར།

“ཆུ་དམར་ལེབ་རྫོང་མཁར་ནས་ཚོང་ཁང་འབྱེད་རྩིས་བྱས་མོད། འོན་ཀྱང་རང་ཉིད་རྩྭ་ཐང་ནས་ཕྱིར་བསྐྱོད་འདོད་ན། ཚོང་ཁང་འདི་ཁོ་ནར་བརྟེན་མི་རུང་བ་དང་། ང་རང་སྔར་བས་ཐག་རིང་དུ་སོང་ནས་སྒོར་མོ་བཙལ་ཞིང་དབུལ་ཕོངས་ལས་ཐར་དུ་འཇུག་པ་དང་རྗེས་སུ་ཕྱུག་པོར་འགྱུར་དུ་འཇུག་རྒྱུ་ཡིན”ཞེས་མགོན་པོ་རྡོ་རྗེས་ལས་སྐྲུན་གྱི་ཐོག་མའི་འདུན་མ་གླེང་དུས་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བཤད་བྱུང་།

མགོན་པོ་རྡོ་རྗེ་ལ་བལྟས་ན་ང་ཚོར་མྱོང་ཚོར་ཟབ་མོ་ཞིག་སྐྱེས་པ་ནི“དབུལ་ཐར”ནི་ཁོ་ལྟ་བུའི་དོན་འཁྱོལ་པ་ཞིག་ལ་མཚོན་ནས་བཤད་ན། དེ་ནི་དགུན་འཁྱགས་སུ་སྔར་བས་ལྷབས་སེ་འབར་བའི་ཐབ་མེ་དེ་ཡིན་ལ། འཚེམ་བཟོ་ཚོང་ཁང་གི་སྔར་བས་མོད་པའི་ཡོང་སྒོའང་ཡིན། ལུས་ལ་སྔར་བས་བརྩོན་ཤུགས་རྒྱས་ཤིང་གདོང་ལ་སྔར་བས་རྣམ་རིག་རྒྱས་པ་དེའང་ཡིན། དེའི་རྐྱེན་གྱིས། མཛེས་སྡུག་གི་འཚོ་བ་ནི་མིག་མདུན་གྱི་རྩྭ་ས་འདི་ཁོ་ནར་བརྟེན་མི་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།