རྨ་ལྷོ་ཁུལ་གྱི་སྲིད་འཛིན་སྡེ་བའི་ཕྱེད་ཀ་ཡན་ལ་རྒྱུན་མཐུད་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པ།
2019.08.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་དེ་གཞི་རིམ་དམ་འཛིན་དང་། རྨང་གཞི་འདིང་བའི་འཛིན་ཐག་གལ་ཆེན་དུ་བརྩིས་ཏེ། ཧུར་ཐག་གིས་འཕེལ་རྒྱས་ཐབས་ལམ་སྣ་མང་འཚོལ་ཞིབ་བྱས་པས། སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པའི་ཚད་ཇེ་མགྱོགས་སུ་སོང་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པའི་གྲངས་ཀ་དང་སྟོབས་ཤུགས་ཆེ་རུ་གཏོང་བ་གཉིས་མཐོར་འདེགས་གཏོང་བ་མངོན་འགྱུར་བྱུང་། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཉིས་བརྒྱ་དང་རེ་གཅིག་ཁྲོད་སྡེ་བ་བརྒྱ་དང་ང་བཞི་ཡིས་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པ་མངོན་འགྱུར་བྱས་ཤིང་། སྲིད་འཛིན་སྡེ་བའི་བརྒྱ་ཆའི་ལྔ་བཅུ་ལྷག་ལ་རྒྱུན་མཐུད་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པ་དང་། དེའི་ཁྲོད་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་རྐྱང་བ་སྒོར་འབུམ་ལྔ་ལས་བརྒལ་བའི་སྲིད་འཛིན་སྡེ་བ་བཅུ་གཅིག་ཡོད།

རྨ་ལྷོ་ཁུལ་གྱིས་ཏང་འཛུགས་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་དང་། ཏང་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཕྱི་རུ་ལས་གཉེར་བྱེད་པའི་འཇོན་མི་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་རིགས་གསར་གཏོད་བྱེད་པར་ནང་འགུག་ཅི་ཐུབ་བྱས་ཤིང་། དེའི་ཁྲོད་ཏང་ཡོན་བརྒྱ་དང་ང་བརྒྱད་བདམས་ནས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་ཏུ་མངགས་པ་དང་། རིག་གནས་ཡོད་པ་དང་སྲིད་ཇུས་ལ་རྒྱུས་མངའ་ཡོད་པ། མཐོང་རྒྱ་དང་ཤེས་རྒྱ་ཆེ་བ། ལག་རྩལ་ཤེས་པ་བཅས་ཐུན་མོང་དཔལ་འབྱོར་གྱི་སྣེ་ཁྲིད་པ་སྐོར་ཞིག་རྩ་འཛུགས་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་བྱས། དེའི་ཁྲོད། ཧི་ནན་སོག་རིགས་རང་སྐྱོང་རྫོང་རྒྱ་མཁར་སྡེ་བས་སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ཚན་ཁག་གིས་ཐད་ཀར་དོ་དམ་བྱེད་པའི་ཞིང་ཕྱུགས་མཉམ་ལས་ཁང་བཙུགས་པ་དང་། “ཏང་ཀྲི་པུའུ་དང་། མཉམ་ལས་ཁང། ཏང་ཡོན། འཇོན་མི། མང་ཚོགས”བཅས་ཀྱི་འཕེལ་རྒྱས་དཔེ་དབྱིབས་ལ་བརྟེན་ནས། དངུལ་ར་ལུག་ཁྱད་ལྡན་གསོ་སྤེལ་ཐོན་ལས་བདམས་ནས་སྡེ་བའི་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་ཁྲིད་བྱས་པས། མིག་སྔར། སྡེ་བ་ཡོངས་ཀྱི་ཡོང་སྒོ་དེ་ཉིས་སྟོང་བཅུ་བདུན་ལོའི་སྒོར་སྟོང་བརྒྱད་ཡས་མས་ནས་མིག་སྔའི་སྒོར་འབུམ་བཞི་ལྷག་ལ་འཕར།

གཅན་ཚ་རྫོང་ས་དཀར་གོང་སྡེ་བས་རྒྱ་ཁྱོན་ལ་སྤྱི་ཆིངས་ང་གཅིག་ཡོད་པའི་ས་སྟོང་དེ་འཁོར་རྒྱུག་རྣམ་པས་མཉམ་ལས་ཁང་གི་མ་རྐང་དུ་བཞག་ནས། ནས་དང་སྐེ་ཚེ་སོགས་ཞིང་ལས་ལོ་ཏོག་འདེབས་འཛུགས་བྱས་པས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་འབུམ་ལྔ་དང་ཁྲི་བརྒྱད་ལ་བསླེབས།

སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྡེ་བ་ཐུན་མོང་གིས་མ་རྐང་འཇོག་པ། ཁེ་ལས་ཀྱིས་གསར་སྤེལ་བྱེད་པ་བཅས་དཔེ་དབྱིབས་ཀྱིས་ཞིང་ལས་ཡུལ་སྐོར་དང་། ཕྱུགས་ལས་ཡུལ་སྐོར། རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཤུགས་ཆེན་བྱས་ཏེ། ཁམས་ར་གྲོང་རྡལ་དང་། སྣང་ར་ཞང་། བཙན་མོ་སྡེ་བ། བདེ་སྐྱིད་སྡེ་བ། དམེ་ཤུལ་གྲོང་རྡལ་སོགས་ཞང་དང་སྡེ་བ་ཉི་ཤུ་ལྷག་གིས་རེབ་གོང་རིག་གནས་དང་། རྩྭ་ཐང་གི་མཛེས་ཉམས། རྨ་ཆུའི་འཁྱམས་ར་སོགས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱས་པ་དང་། “སྡེ་བ་རེ་ལ་ཆས་རྟགས་རེ”ཡི་ཁྱད་ལྡན་ཡུལ་སྐོར་དང་ཡུལ་སྐོར་སྤྲོ་གསེང་ཁྱབ་གདལ་དུ་བཏང་། གཅན་ཚ་རྫོང་བདེ་སྐྱིད་སྡེ་བས་ས་མུའུ་བརྒྱ་ལ་མེ་ཏོག་དང་སྔོ་ཚོད། སིལ་ཏོག་སོགས་ཞིང་ལས་ཉམས་སུ་མྱོང་སའི་ར་བ་འཛུགས་སྐྲུན་བྱེད་པ་དང་། ཧུར་ཐག་སྒོས་ཞིང་ཁྱིམ་དུ་ཟ་མ་བཟའ་བ་དང་། ཞིང་ཁྱིམ་དུ་སྡོད་པ། ཞིང་ཁྱིམ་དུ་ལས་ཀ་ལས་པ། ཞིང་པའི་སིལ་ཏོག་འཐོག་པ། ཞིང་པའི་སྤྲོ་སྐྱིད་ཁང་ལ་རོལ་མྱོང་བྱེད་པ་སོགས་ཞིང་ལས་ཡུལ་སྐོར་ཉམས་ལེན་རྣམ་པའི་ཞིང་སྡེའི་ཡུལ་སྐོར་གསར་སྤེལ་བྱས་ནས། 2018ལོར་གནས་སྐོར་ཆེས་བཟང་བའི་དུས་ཚིགས་ནང་དུ་སྡེ་བ་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་ཡོང་སྒོ་སྒོར་མོ་ས་ཡ་ཡ་གསུམ་དང་འབུམ་གཉིས་ལ་བསླེབས།

རྩེ་ཁོག་རྫོང་གིས“རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་བཞག་ནས་མཉམ་ལས་ཁང་འཛུགས་པ་དང་། ཕྱུགས་ཟོག་ཁྱུ་བགོས་ནས་གསོ་བ། རྩྭ་ས་བགོས་ནས་རེས་འཚོ་བྱེད་པ། མཉམ་ལས་ཁང་གི་ལས་མིར་ལས་བགོས་བྱེད་པ། ནོར་ལུག་གཅིག་གྱུར་གྱིས་ཕྱིར་འཚོང་བྱེད་པ། ལས་མི་བཀོལ་སྤྱོད་ལྟར་ཐོབ་ཆ་ལེན་པ་དང་ཁེ་སྤོགས་མ་རྐང་ལྟར་བགོ་བའི”“ལྷ་དཀར”དཔེ་དབྱིབས་གསར་སྐྲུན་དང་འཚོལ་ཞིབ་བྱས་པ་བརྒྱུད། འབྲོག་ཁུལ་གྱི་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བའི་ཐབས་ལམ་གསར་པར་བསྙེགས་པ་རེད། ལྷ་དཀར་སྡེ་བ་དཔེར་དྲངས་ནས་བཤད་ན། 2018ལོའི་ལོ་མཇུག་བར་དུ་སྡེ་བའི་མཉམ་ལས་ཁང་དུ་ཞུགས་ཚད་བརྒྱ་ཆའི་གོ་བརྒྱད་ལྷག་ལ་བསླེབས་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ2012ལོ་དང་བསྡུར་ན་ལྡབ་གཉིས་འཕར་ཡོད།

དེ་མིན། རྨ་ལྷོ་ཁུལ་གྱིས་དབུལ་ཕོངས་སྡེ་བ་བརྒྱ་དང་ལྔ་ལ་འོད་ཧྥུ་དབུལ་སྐྱོར་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། དབུལ་ཕོངས་སྡེ་བ་སོ་སོའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་འབུམ་གཉིས་ལྷག་འཕར་བ་མངོན་འགྱུར་བྱུང་བར་མ་ཟད། ད་དུང་ཐུན་མོང་དཔལ་འབྱོར་མེད་པའི་སྲིད་འཛིན་སྡེ་བར་ཡང་མེད་པ་ནས་ཡོད་པ་མངོན་འགྱུར་བྱེད་པར་ཁག་ཐེག་བྱས་ཡོད། 2019ལོར། རྨ་ལྷོ་ཁུལ་གྱིས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ལ་སྔར་བས་ཤུགས་བསྣན་ཏེ། མ་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་གསུམ་འབུམ་དྲུག་བཏང་ནས་དབུལ་ཕོངས་མིན་པའི་སྡེ་བར་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ལས་གཞི་སྤེལ་ནས། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་འཕར་ཞིང་ཕྱུག་པོར་འགྱུར་བར་རྒྱུན་མཐུད་ངང་སྐུལ་ཁྲིད་བྱས།

                                                                                                                 རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།