ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་བྱ་བའི་སྲོལ་ཡིག》པར་སྐྲུན་འགྲེམ་སྤེལ་བྱས་པར་མ་ཟད། བརྡ་ཐོ་བཏང་ཏེ་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་སྒོས་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།
《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་བྱ་བའི་སྲོལ་ཡིག》གི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཏང་གིས་ཞིང་སྡེ་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། ཏང་གི་རྩ་བའི་གཞུང་ལུགས་དང་རྩ་བའི་ལམ་ཕྱོགས། རྩ་བའི་ཇུས་གཞི་བཅས་ལག་ལེན་མཐར་ཕྱིན་བྱེད་པ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གཏིང་ཟབ་ངང་ལག་བསྟར་བྱས་ཏེ། དུས་རབས་གསར་བའི་ནང་ཏང་གིས་ཞིང་སྡེ་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པའི་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་གཏོང་ཆེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གཞིར་བཟུང་ནས། སྲོལ་ཡིག་འདི་གཏན་འབེབས་བྱས་པ་རེད།
དོན་ཚན་གཉིས་པ། ཏང་གིས་ཞིང་སྡེ་བྱ་བ་སྒྲུབ་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་དགོས་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། བགྲོད་ལམ་གྱི་ཡིད་རྟོན་དང་གཞུང་ལུགས་ཀྱི་ཡིད་རྟོན། ལམ་ལུགས་ཀྱི་ཡིད་རྟོན། རིག་གནས་ཀྱི་ཡིད་རྟོན་བཅས་ཇེ་བརྟན་ཏུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་པར་དམ་པོར་དམིགས་ནས། བརྟན་བརླིང་ཡར་བརྩོན་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དངོས་འབེབས་བཅས་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་སྤྱིའི་འཛིན་སྤྱད་དུ་བཟུང་ནས། ཏང་གིས་ཞིང་སྡེ་བྱ་བར་མགོ་ཁྲིད་བྱེད་པའི་རྩ་འཛུགས་མ་ལག་དང་ལམ་ལུགས་མ་ལག བྱ་བའི་རྐྱེན་སྲོལ་བཅས་འཐུས་ཚང་དུ་གཏོང་བ་དང་། མགྱོགས་མྱུར་ངང་གྲོང་གསེབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་ཏུ་གཏོང་བར་སྐུལ་འདེད་དང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ཏུ་གཏོང་བར་སྐུལ་འདེད་བཅས་བྱས་ཏེ། རྒྱ་ཆེའི་ཞིང་བ་མང་ཚོགས་ལ་སྔར་ལས་མཛེས་སྡུག་གི་འཚོ་བ་རོལ་ཏུ་འཇུག་དགོས།
དོན་ཚན་གསུམ་པ། ཞིང་ལས་དང་ཞིང་སྡེ། ཞིང་བ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་ཚིས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན། ཞིང་གསུམ་གནད་དོན་ཐག་གཅོད་ལེགས་པོ་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་འཇོག་པ་དང་། ཁ་རྒྱབ་གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དེ་རྒྱལ་སྐྱོང་བདེ་འགོད་ཀྱི་དོན་ཆེན་གཙོ་བོར་བརྩི་བ་རྒྱུན་འཁྱོངས་བྱེད་པ། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། མང་སྤྲོད་ཉུང་སྡུད་འཁྲུག་གཏོང་རྒྱུན་འཁྱོངས་བཅས་བྱས་ཏེ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱེད་པ་དང་། དབུལ་ཕོངས་མེད་པར་བཟོ་བ་དང་ཇེ་ཉུང་དུ་གཏོང་བའི་བྱ་བ་ལེགས་པོར་སྒྲུབ་ནས། མཉམ་དུ་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་དགོས།
དོན་ཚན་བཞི་བ། ཏང་གིས་ཞིང་སྡེ་བྱ་བ་སྒྲུབ་པར་ངེས་པར་གཤམ་གསལ་གྱི་རྩ་དོན་འགའ་བརྩི་སྲུང་བྱེད་དགོས།
(གཅིག)ཏང་གིས་ཞིང་སྡེ་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཞིང་སྡེ་བྱ་བའི་ཁྲོད་ཁྱོན་ཡོངས་འཛིན་སྐྱོང་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པར་ཁག་ཐེག་བྱས་ནས། ཞིང་སྡེ་བཅོས་སྒྱུར་གྱི་འཕེལ་རྒྱས་དེ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་མདུན་དུ་བསྐྱོད་པར་ཁག་ཐེག་བྱེད་དགོས།
(གཉིས)མི་དམངས་དཀྱིལ་སྙིང་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་བའི་གོ་གནས་གཙོ་བོ་དང་གསར་སྐྲུན་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ་དང་། ཞིང་བའི་དངོས་པོའི་ཁེ་ཕན་དང་དམངས་གཙོ་དབང་ཆ་དངོས་གནས་འགན་སྲུང་བྱས་ཏེ། ཞིང་བར་གོང་བཀུར་བྱེད་མི་བྱེད་དང་རྒྱབ་སྐྱོར་བྱེད་མིན་དེ་ཏང་གི་ཞིང་སྡེའི་སྲིད་ཇུས་གཏན་འབེབས་བྱེད་པའི་གཞི་འཛིན་སར་བརྩི་དགོས།
(གསུམ)ཞིང་སྡེའི་རྩ་བའི་བདག་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་ཀྱི་སྟེང་ནས་ཏང་གི་ཞིང་སྡེའི་སྲིད་ཇུས་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
(བཞི)ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་བགྲོད་ལམ་ཏུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་སྡེའི་ཐོན་ལས་དར་སྤེལ་དང་འཇོན་མི་དར་སྤེལ། རིག་གནས་དར་སྤེལ། སྐྱེ་ཁམས་དར་སྤེལ། རྩ་འཛུགས་དར་སྤེལ་བཅས་ལ་སྐུལ་འདེད་གཏོང་དགོས།
(ལྔ)ཞིང་བས་ཏང་གི་སྐད་ཆར་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་བ་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཏང་གིས་ཞིང་སྡེའི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
(དྲུག)ཡོད་ཚད་དོན་དངོས་ནས་གཞིར་འཛིན་པ་དང་རིགས་བཀར་ནས་མཛུབ་སྟོན་བྱེད་པ། རིམ་བཞིན་གོང་འཕེལ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། བཀའ་ནན་མོ་མི་འབེབས་པ་དང་། འུད་སྒྲོག་མི་བྱེད་པ། གཅིག་གཅོད་མི་བྱེད་པ་བཅས་བྱེད་དགོས།
ལེའུ་གཉིས་པ། རྩ་འཛུགས་མགོ་ཁྲིད།
དོན་ཚན་ལྔ་བ། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་། ཞང་བཅས་ཀྱིས་དངོས་འབེབས་དམ་འཛིན་བྱེད་པའི་ཞིང་སྡེ་བྱ་བའི་མགོ་ཁྲིད་སྒྲིག་སྲོལ་ལག་བསྟར་བྱེད་དགོས།
དོན་ཚན་དྲུག་པ། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཞིང་སྡེ་བྱ་བར་མགོ་ཁྲིད་བྱས་ཏེ། ཞིང་སྡེ་བྱ་བའི་སྲིད་ཇུས་བྱེད་ཕྱོགས་གཅིག་གྱུར་གྱིས་གཏན་འབེབས་བྱེད་པ་དང་། ཞིང་སྡེ་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གཅིག་གྱུར་འཆར་འགོད་བྱེད་པ། ཞིང་སྡེའི་བཅོས་སྒྱུར་ཆེན་པོར་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་དགོས། ཏང་ཀྲུང་དབྱང་གིས་དུས་བཅད་ལྟར་ཞིང་སྡེ་བྱ་བར་ཞིབ་འཇུག་བྱེད་པ་དང་། ལོ་རེར་ཞིང་སྡེ་བྱ་བའི་གྲོས་ཚོགས་བསྡུས་ཏེ། གནས་བབ་དང་ལས་འགན་གཞིར་བཟུང་ནས་ཞིང་སྡེ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་དང་། ཞིང་སྡེ་བྱ་བར་མཛུབ་སྟོན་བྱེད་པའི་ཡིག་ཆ་གཏན་འབེབས་འགྲེམ་སྤེལ་བྱེད་དགོས།
དོན་ཚན་བདུན་པ། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ་བྱ་བ་བསྒྲུབས་པ་དང་། ཏང་ཀྲུང་དབྱང་ལ་འགན་འཁུར་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིར་བྱ་བ་སྙན་སེང་ཞུ་དགོས།
ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཞིང་སྡེ་བྱ་བར་སྣེ་ཁྲིད་ཡོངས་འཛིན་དང་གཅིག་འདོམས་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། དུས་བཅད་ལྟར་ཞིང་སྡེའི་དཔལ་འབྱོར་སྤྱི་ཚོགས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱེད་པ་དང་། ཞིང་གསུམ་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་མཐུན་སྦྱོར་བྱས་ནས། ཏང་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱེད་པར་ལྟ་སྐུལ་བྱེད་དགོས།
ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་སོ་སོས་རང་ལས་ཁུངས་དང་རང་ཁོངས་གཏོགས་ཀྱི་ཞིང་སྡེ་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་ཏེ། འགན་འཁྲི་དངོས་འབེབ་དང་སྡེ་ཁག་གི་མཐུན་སྦྱོར་ནུས་པར་ཤུགས་སྣོན་བྱས་ནས། ཞིང་སྡེ་བྱ་བའི་ནུས་པ་གཙོ་བོ་ཆགས་སུ་འཇུག་དགོས།
ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གཤམ་ཏུ་གཞུང་སྒྲུབ་ཁང་བཙུགས་ཡོད་པ་དང་། དེས་ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལྡན་གྱི་ལས་དོན་འགན་ཁུར་བཞིན་ཡོད།
དོན་ཚན་བརྒྱད་པ། ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)གྱི་ཏང་ཨུ་ཡིས་དུས་བཅད་ལྟར་རང་ས་གནས་ཀྱི་ཞིང་སྡེ་བྱ་བར་ཞིབ་འཇུག་བྱེད་དགོས་པ་དང་། དུས་བཅད་ལྟར་ཞིང་སྡེ་བྱ་བའི་སྙན་ཞུར་ཉན་དགོས་ལ། ཞིང་སྡེ་བྱ་བའི་དོན་དག་གལ་ཆེན་ལ་ཇུས་འགོད་བྱེད་པ་དང་ཞིང་སྡེ་བྱ་བའི་གྲོས་ཚོགས་བསྡུ་བ། ཞིང་སྡེ་བྱ་བའི་སྲིད་ཇུས་བྱེད་ཐབས་གཏན་འཁེལ་བཅས་བྱས་ཏེ། འགན་འཁྲི་གཙོ་བོ་ལས་བགོས་བྱེད་པ་དང་ལས་གཞི་ཆེན་པོ་ལག་བསྟར་བྱེད་པ། ཐོན་ཁུངས་གཙོ་བོ་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་བ་དམ་འཛིན་བཟང་བོ་བྱེད་དགོས།
དོན་ཚན་དགུ་བ། གྲོང་ཁྱེར(ས་གནས། ཁུལ། མིན།)གྱི་ཏང་ཨུ་ཡིས་ཞིང་སྡེ་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བརྩིས་ནས། གོང་འོག་སྦྲེལ་མཐུད་དང་ས་ཁོངས་ནང་ཁུལ་མཐུན་སྦྱོར་བྱེད་པ། བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། གྲོང་ཁྱེར་གྱིས་རྫོང་ལ་སྣེ་ཁྲིད་པའི་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་དགོས།
དོན་ཚན་བཅུ་བ། རྫོང(གྲོང་ཁྱེར། ས་ཁུལ། ཆུས)གི་ཏང་ཨུ་ནི་ཏང་གི་ཞིང་སྡེ་བྱ་བའི་མདུན་སའི་འཐབ་ར་རུ་གནས་ཡོད་པས། ས་གནས་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ། བྱེ་བྲག་གི་ཕན་ཡོད་ཀྱི་བྱ་བའི་བྱེད་ཐབས་གཏན་འབེབས་བྱེད་པ་དང་འགན་འཁྲི་གསལ་བོ་ཡིན་པའི་འགན་འཁྲིའི་མ་ལག་ཆ་ཚང་འཛུགས་པ། ཏང་ཀྲུང་དབྱང་དང་དེ་མིན་རིམ་པ་གོང་མའི་ཏང་ཨུ་ཡི་ཞིང་སྡེ་བྱ་བའི་བླང་བྱ་དང་ཇུས་ཆོད་བཀོད་སྒྲིག་ལག་ལེན་དངོས་འབེབ་བྱེད་དགོས། རྫོང་ཏང་ཨུའི་ཧྲུའུ་ཅི་ཡིས་ནུས་ཤུགས་གཙོ་བོ་ཞིང་སྡེ་བྱ་བ་སྟེང་འདོན་དགོས་པ་དང་། གཞི་རིམ་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ། བྱ་བར་དངོས་འབེབ་དམ་འཛིན་བཟང་བོ་བྱེད་དགོས།
དོན་ཚན་བཅུ་གཅིག་པ། རྫོང་རིམ་པ་ཡན་གྱི་ས་གནས་ཏང་ཨུ་ཡིས་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་འཛུགས་དགོས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་དེ་སྤྱིར་བཏང་རིམ་པ་འདྲ་བའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡིས་ཚན་གཙོའི་འགན་ཁུར་བ་དང་། རྫོང་རིམ་པའི་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་དེ་རྫོང་ཏང་ཨུའི་ཧྲུའུ་ཅི་ཡིས་ཚན་གཙོའི་འགན་ཁུར་བ་དང་ཁོངས་མི་ནི་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་མི་སྣ་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོའི་གྲུབ་པ་རེད།
དོན་ཚན་བཅུ་གཉིས་པ། རིམ་པ་སོ་སོའི་ཏང་ཨུ་ཡིས་ཞིང་སྡེ་བྱ་བའི་སྡེ་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྒྲིག་གཞི་འཛུགས་པ་དང་མི་སྣ་བཀོད་སྒྲིག་གི་བྱ་བ་བཟང་བོར་སྒྲུབ་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ཞིང་སྡེ་བྱ་བའི་སྡེ་ཁག་གི་ཐབས་ཇུས་ཇུས་འགོད་དང་གཅིག་གྱུར་མཐུན་སྦྱོར། སྲིད་ཇུས་ཀྱི་མཛུབ་སྟོན། སྐུལ་འདེད་དངོས་འབེབ། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་འགན་ནུས་ལག་བསྟར་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རིམ་པ་སོ་སོའི་ཏང་ཨུ་ཡིས་ཞིང་སྡེ་བྱ་བའི་མགོ་ཁྲིད་ཀྱི་ཐབས་ཇུས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རིག་མཛོད་དང་ཆེད་ལས་ཞིབ་འཇུག་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱས་ནས། ཚན་རིག་ཅན་གྱི་ཐབས་ཇུས་ཆུ་ཚད་ཇེ་མཐོར་གཏང་དགོས།
ལེའུ་གསུམ་པ། ལས་འགན་གཙོ་བོ།
དོན་ཚན་བཅུ་བཞི་བ། ཏང་གིས་ཞིང་སྡེའི་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ལ་ཤུགས་སྣོན་དགོས། ཞིང་ལས་ཀྱི་རྨང་གཞིའི་གོ་གནས་སྲ་བརྟན་དང་ཇེ་དྲག་ཏུ་གཏོང་བ་དང་། འབྲུ་རིགས་གནས་དེ་ནས་གསོག་པ་དང་འབྲུ་རིགས་གསོག་པའི་ལག་རྩལ་འཐབ་ཇུས་ལག་བསྟར་བྱས་ཏེ། རྨོ་ཞིང་གི་ཚད་བཀག་བརྟན་སྲུང་བྱས་ནས། འབྲུ་རིགས་རང་མཁོ་རང་སྤྲོད་བྱེད་ཐུབ་པ་དང་བཟའ་འབྲུ་མཐའ་གཅིག་ཏུ་བདེ་འཇགས་ཡིན་པ་ཁག་ཐེག་བྱེད་དགོས། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། དེང་རབས་ཞིང་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་བཅས་བཙུགས་ཏེ། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་དང་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཞིང་བའི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་དང་ཕྱུག་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། དབུལ་སྐྱོར་མཁྲེགས་གཏོར་གྱི་ཐད་མཐའ་གཅིག་ཏུ་རྒྱལ་ཁ་བླངས་ཏེ། དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས།
དོན་ཚན་བཅོ་ལྔ་བ། ཏང་གིས་ཞིང་སྡེའི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ལ་ཤུགས་སྣོན་དགོས། གཞི་རིམ་གྱི་དམངས་གཙོ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་སྡེ་དམངས་ཀྱི་རང་སྐྱོང་ལག་ལེན་གཏིང་ཟབ་ཏུ་གཏོང་བ། སྡེ་བའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་སྐྱེ་སྟོབས་ཀྱི་ཁེངས་བའི་སྡེ་དམངས་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་དམངས་གཙོའི་གྲོས་མོལ་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ལ། ཞིང་བའི་ཁྲིམས་ལྟར་དམངས་གཙོ་འདེམས་བསྐོ་བྱེད་པ་དང་དམངས་གཙོའི་གྲོས་མོལ་བྱེད་པ། དམངས་གཙོའི་ཐབས་ཇུས་འདོན་པ། དམངས་གཙོའི་དོ་དམ་བྱེད་པ། དམངས་གཙོའི་ལྟ་སྐུལ་བྱེད་པ་བཅས་ཁག་ཐེག་བྱེད་དགོས། ཞིང་སྡེའི་ངན་ནག་སྟོབས་ཤུགས་དང་ཆོས་ལུགས་ཀྱི་ངན་ཕྱོགས་སྟོབས་ཤུགས་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། ཁྲིམས་འགལ་གྱི་ཉེས་དོན་སྣ་ཚོགས་དང་དྲག་ཤུགས་འཇིགས་སྐུལ་བྱ་འགུལ་དག་ལ་རྡུང་རྡེག་ནན་མོ་བྱས་ནས། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས་ཏེ། ཞིང་སྡེའི་སྤྱི་ཚོགས་དྲང་བདེན་ལ་སྐུལ་འདེད་གཏོང་དགོས། ཁྲིམས་དང་འགལ་བའི་ཆོས་ལུགས་བརྒྱུད་སྒྲོག་གི་བྱ་འགུལ་སྣ་ཚོགས་ལ་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། ཞིང་སྡེའི་གཞི་རིམ་གྱི་སྲིད་དབང་སྲ་བརྟན་དུ་གཏོང་དགོས།
དོན་ཚན་བཅུ་དྲུག་པ། ཏང་གིས་ཞིང་སྡེའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ལ་ཤུགས་སྣོན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་དང་གསོ་སྐྱོང་བྱས་ཏེ། ཞིང་བ་མང་ཚོགས་ཁྲོད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་གྱི་ལྟེ་གནས་འཛུགས་སྐྲུན་ལེགས་པོ་དང་བཀོལ་སྤྱོད་བཟང་བོ་བྱེད་དགོས། ཞིང་སྡེའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཞིང་སྡེའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་དགོས། ཞིང་བའི་བསམ་བློའི་ཆབ་སྲིད་ཀྱི་བྱ་བར་ཤུགས་སྣོན་བྱས་ཏེ། དམངས་གཙོའི་ཁྲིམས་སྐྱོང་གི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་དགོས། ཞིང་སྡེའི་མང་ཚོགས་རང་བཞིན་གྱི་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། ཞིང་བའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཞིང་བའི་ཚན་རིག་རིག་གནས་ཀྱི་བྱང་ཚད་དང་ཞིང་སྡེའི་སྤྱི་ཚོགས་དཔལ་ཡོན་གྱི་ཚད་རིམ་ཇེ་མཐོར་གཏོང་དགོས།
དོན་ཚན་བཅུ་བདུན་པ། ཏང་གིས་ཞིང་སྡེའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ལ་ཤུགས་སྣོན་དགོས། ཞིང་སྡེའི་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་དགུས་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། རྒན་གསོ། རིག་གནས་ལུས་རྩལ། སྤྱི་ཚོགས་འགན་སྲུང་སོགས་ཞིང་སྡེའི་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཞིང་སྡེའི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆ་རྐྱེན་མགྱོགས་མྱུར་སྒོས་ལེགས་བཅོས་བྱས་ཏེ། ཞིང་བའི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་དགོས། ཏང་ཨུས་མགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་འགན་ཁུར་བ། སྤྱི་ཚོགས་མཉམ་སྡེབ། མང་ཚོགས་ཟབ་ཞུགས། ཁྲིམས་སྐྱོང་འགན་སྲུང་། ཚན་རིག་གི་འདེགས་སྐྱོར་བྱེད་པའི་དེང་རབས་ཞིང་སྡེའི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་འཛུགས་པ་དང་། ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་འོག་ཏུ་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་ཞིང་སྡེའི་བཅོས་སྐྱོང་མ་ལག་ཆ་ཚང་བཙུགས་ནས། སྐྱེ་སྟོབས་ཀྱིས་ཁེངས་བ་དང་འཆམ་མཐུན་གོ་རིམ་ལྡན་པའི་ཞིང་སྡེའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། ཏང་གིས་ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས། ཆུ་མོ་དྭངས་ཞིང་རི་བོ་སྔོ་བ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་འདུ་ཤེས་ལག་ལེན་དང་བརྟན་པོར་བཙུགས་ཏེ། རི་བོ་དང་། ཆུ་མོ། ནགས་ཚལ། ཞིང་ས། མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་གཅིག་གྱུར་ཡོང་བ་དང་། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ། སྐྱེ་ཁམས་འཚོ་སྡོད་ལ་འཚམ་པའི་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།
དོན་ཚན་བཅུ་དགུ་བ། ཞིང་སྡེའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རྩ་འཛུགས་ནུས་པའི་གནད་ས་མཐོར་འདེགས་དང་། ཆབ་སྲིད་ཀྱི་བྱེད་ནུས་འབུར་ཐོན་ཡོང་བར་བྱས་ཏེ། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་དགོངས་པ་དྲིལ་སྒྲོག་བྱེད་པ་དང་། ཏང་གི་ཐག་ཆོད་དངོས་འབེབ་བྱེད་པ། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པ། མང་ཚོགས་མཐུན་སྒྲིལ་ལ་སྐུལ་སློང་བྱེད་པ་ཞིག་ཏུ་འཛུགས་སྐྱོང་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་འཐབ་རྩོད་བཙན་རྫོང་བརྟན་པོར་གཏོང་བར་སྐུལ་འདེད་བཏང་ནས། ཏང་ཡོན་གྱི་སྔོན་ཐོན་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས། ཞིང་སྡེའི་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་གོ་གནས་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཞང་དང་གྲོང་བརྡལ་ཏང་ཨུ་དང་སྡེ་བའི་ཏང་རྩ་འཛུགས་ཀྱིས་ཁྱོན་ཡོངས་ནས་ཞང་དང་གྲོང་བརྡལ་དང་། སྡེ་བའི་རིགས་སོ་སོའི་རྩ་འཛུགས། བྱ་བ་སོ་སོར་མགོ་ཁྲིད་བྱེད་དགོས། སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་ངེས་པར་དུ་ཁྲིམས་ཀྱི་གཏན་འཁེལ་ལྟར་འགྲོ་རིམ་བརྒྱུད་དེ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་འགན་ཁུར་མི་སྣའི་འགན་ཁུར་དགོས་ཤིང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མིས་ཕན་ཚུན་བརྗེ་རེས་བྱས་ནས་འགན་འཁུར་བ་ལག་བསྟར་བྱེད་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱིས་གུང་གཞོན་ཚོགས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་བྱས་ཏེ། ཁོ་ཚོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དུ་འཇུག་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་ཏུ་གྲོས་དོན་ཐག་གཅོད་རྐྱེན་སྲོལ་དང་། ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་། སྡེ་བ་རིམ་པའི་དོན་ཆེན་ལས་རིམ་གྱི་ཇུས་ཆོད་འཐུས་ཚང་དང་འཛུགས་སྐྱོང་བྱས་ཏེ༼གྲོས་རིམ་གཉིས་དང་ཡོངས་བསྒྲགས་བཞི༽ལག་བསྟར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་། ལྷག་པར་དུ་རྫོང་རིམ་པའི་ཏང་ཨུ་ཡིས་ཞིང་སྡེའི་གཞི་རིམ་ཏང་འཛུགས་ཀྱི་འགན་འཁྲི་གཙོ་བོ་ནན་ཏན་གྱིས་འཁུར་དགོས་པ་དང་། ཞང་དམ་པོར་འཛིན་པ་དང་སྡེ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། ཕུལ་བྱུང་དང་འཇོན་མི་བདམས་ནས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལ་བསྐོ་བ་དང་། ཉམ་ཆུང་ནུས་མེད་ཀྱི་སྡེ་བ་རིམ་པའི་ཏང་རྩ་འཛུགས་དག་ཐེར་བྱེད་དགོས་པ་དང་། ཏང་ནང་ཁུལ་དུ་དབུལ་བོར་རོགས་སྐྱོར་བྱེད་པར་སྐུལ་འདེད་གཏོང་བར་ཤུགས་བསྣན་ཏེ། ནོར་སྲིད་དངུལ་གཏོང་གཙོ་བོ་ཡིན་པའི་བརྟན་འཇགས་ཀྱི་སྡེ་བ་རིམ་པའི་རྩ་འཛུགས་འཁོར་བསྐྱོད་གྲོན་དངུལ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྩ་བའི་དཔུང་སྡེ་དང་། རྩ་བའི་བྱ་འགུལ། རྩ་བའི་གཡུལ་ས། རྩ་བའི་ལམ་ལུགས། རྩ་བའི་འགན་སྲུང་བཅས་ཀྱི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་དགོས།
རིམ་པ་སོ་སོའི་ཏང་ཨུ་ཡིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་གཞི་རིམ་དུ་ཡུན་སྲིང་བར་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་གཏིང་ཟབ་སྒོས་སྐུལ་འདེད་བཏང་སྟེ། ཞིང་སྡེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་བྱ་བར་ཤུགས་སྣོན་བྱས་ནས། ཞིང་སྡེའི་སྲིད་ཇུས་གནས་ཚུལ་དངོས་འབེབ་བྱེད་པ་དེ་བསྐོར་བསྐྱོད་ལྟ་སྐུལ་གྱི་ནང་དོན་གལ་ཆེན་ཏུ་བརྩིས་ཏེ། ཞིང་སྡེའི་དབང་ཆ་འཁོར་བསྐྱོད་ཀྱི་ལྟ་སྐུལ་ལམ་ལུགས་འཛུགས་སྐྱོང་དང་འཐུས་ཚང་དུ་གཏོང་བ་དང་། ཞིང་བའི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་མི་ལེགས་པ་དང་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་མུ་མཐུད་དུ་ལེགས་བཅོས་བྱེད་དགོས།
ལེའུ་བཞི་བ། དཔུང་སྡེ་འཛུགས་སྐྲུན།
དོན་ཚན་ཉི་ཤུ་བ། རིམ་པ་སོ་སོའི་ཏང་ཨུ་ཡིས་ཞིང་ལས་ཤེས་པ་དང་། ཞིང་སྡེར་དགའ་བ། ཞིང་བར་གཅེས་པ་དེ་ཆེས་རྩ་བའི་བླང་བྱར་བརྩིས་ཏེ། ཞིང་སྡེ་བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས།
རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་པ་གཙོ་བོས༼ཞིང་གསུམ༽ཤེས་དགོས་པ་དང་། ༼ཞིང་གསུམ༽དམ་འཛིན་བྱས་ནས། ལས་བགོས་འགན་ཁུར་བ༼ཞིང་གསུམ༽དམ་པོར་འཛིན་པར་གསལ་ཆ་ཡོད་མཁན་དུ་འགྱུར་དགོས། ཞིང་སྡེ་བྱ་བའི་ལས་བྱེད་དཔུང་སྡེ་གསོ་སྐྱོང་དང་། བཀོད་སྒྲིག དོ་དམ། བཀོལ་སྤྱོད་བཅས་ལ་ཤུགས་བསྣན་ཏེ། སྦྱོང་བརྡར་གསོ་སྐྱོང་ལམ་ལུགས་འཐུས་ཚང་དང་། ཕུལ་བྱུང་ལས་བྱེད་པ་བདམས་ནས་རྫོང་དང་ཞང་དུ་མངགས་ནས་ལས་འགན་འཁུར་བ་དང་། སྡེ་བར་སོང་ནས་ཧྲུའུ་ཅི་དང་པོའི་འགན་ཁུར་ཏེ། ཞིང་སྡེའི་ལས་རྐང་དང་པོ་ནས་སྦྱོང་བརྡར་བྱེད་པ་དང་། ལས་སྒྲུབ་ལས་སྐྲུན་བྱེད་པ་དེ་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩིས་ནས། དོན་ངོ་མའི་སྟེང་གྲུབ་འབྲས་ཕུལ་དུ་བྱུང་བ་ཡིན་པའི་ཞིང་སྡེའི་ལས་བྱེད་པ་བསྐོ་འཇོག་བྱེད་པར་མཐོང་ཆེན་བྱེད་དགོས།
ཞིང་སྡེར་བྱ་བ་སྒྲུབ་པའི་ལས་བྱེད་པས་ངེས་པར་དུ་མང་ཚོགས་ལ་བྱ་བ་སྒྲུབ་པའི་རྩལ་ནུས་ཇེ་དྲག་ཏུ་བཏང་ནས། བྱ་བའི་སྤྱོད་ཚུལ་ལེགས་བཅོས་བྱེད་པ་དང་། གཞི་རིམ་དུ་ཟབ་ཞུགས་བྱེད་པ། ཞིང་བ་མང་ཚོགས་ཀྱི་རེ་བ་ནན་ཏན་གྱིས་ཉན་པ། རྒྱུན་ཆད་མེད་པར་ཞིང་བ་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ནས། ༼བྱ་སྤྱོད་ངན་པ་བཞི༽དང་། ཁྱད་པར་དུ་ཕྱི་ཚུལ་རིང་ལུགས་དང་། དཔོན་ངན་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།
དོན་ཚན་ཉེར་གཅིག་པ། རིམ་པ་སོ་སོའི་ཏང་ཨུ་ཡིས་ངེས་པར་དུ་ཞིང་སྡེའི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རྫོང་ཁོངས་ཀྱི་ཆེད་ལས་འཇོན་མི་གཅིག་གྱུར་བཀོལ་སྤྱོད་ལམ་ལུགས་དང་ཞིང་སྡེའི་འཇོན་མི་དམིགས་བཀར་གྱིས་མངགས་བཅོལ་གསོ་སྐྱོང་བྱེད་པའི་ལམ་ལུགས་འཛུགས་དགོས། ཞིང་སྡེའི་དགེ་རྒན་དང་། སྨན་པའི་དཔུང་སྡེ་ཡི་སྤུས་ཚད་ཤུགས་ཆེན་པོས་མཐོར་འདེགས་བཏང་སྟེ། ཞིང་ལས་ཚན་རྩལ་འཇོན་མིའི་དཔུང་སྡེ་དང་ལག་རྩལ་རྒྱ་བསྐྱེད་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རིག་གནས་ཡོད་པ་དང་། ལག་རྩལ་ཤེས་པ། ལས་གཉེར་ལ་བྱང་བ། དོ་དམ་བྱེད་མཁས་པ་བཅས་ཀྱི་སྤུས་ཚད་མཐོ་བའི་ཞིང་བའི་དཔུང་སྡེ་གསོ་སྐྱོང་བྱས་ནས་ཞིང་སྡེ་རུ་འཇོན་མི་མང་པོ་གསོ་སྐྱོང་བྱེད་དགོས།
དོན་ཚན་ཉེར་གཉིས་པ། རིམ་པ་སོ་སོའི་ཏང་ཨུ་ཡིས་ངེས་པར་དུ་བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཚན་རྩལ་མཐུན་ཚོགས། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། འཆར་ལྡན་བུ་སྐྱེ་མཐུན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ཀྱི་ཁྱད་སྟོབས་དང་སྟོབས་ཤུགས་འདོན་སྤེལ་བྱས་ནས། དམངས་གཙོ་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་སོགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་སྡེའི་སྤྱི་ཚོགས་ཀྱི་བྱ་བ་དང་དང་བླངས་ཞབས་ཞུའི་འཕེལ་རྒྱས་སྣེ་ཁྲིད་ལ་རྒྱབ་སྐྱོར་དང་། སྤྱི་ཚོགས་ལས་རིགས་སོ་སོ་ཞིང་སྡེ་དར་སྤེལ་གྱི་བྱ་བར་ཞུགས་པར་སྐུལ་མ་གཏོང་དགོས།
ལེའུ་ལྔ་བ། འགན་སྲུང་བྱེད་ཐབས།
དོན་ཚན་ཉེར་གསུམ་པ། རིམ་པ་སོ་སོའི་ཏང་ཨུ་ཡིས་ངེས་པར་དུ་བཅོས་སྒྱུར་གྱིས་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་མཐོང་ཆེན་བྱེད་དགོས། ཞིང་བ་དང་ས་ཞིང་བར་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་རྒྱུ་དེ་ཞིང་སྡེ་བཅོས་སྒྱུར་གཏིང་ཟབ་བྱེད་པའི་གཙོ་ཤུགས་རུ་བཟུང་ནས་སྐུལ་འདེད་བཏང་སྟེ། ཞིང་སྡེའི་ས་ཞིང་ཞིང་བ་ཐུན་མོང་ལ་དབང་བ་རྒྱུན་འཁྱོངས་དང་། ཁྱིམ་ཚང་བདག་གཉེར་གྱི་རྨང་གཞི་རང་བཞིན་གྱི་གོ་གནས་རྒྱུན་འཁྱོངས། ས་ཞིང་འགན་གཙང་ལེན་འབྲེལ་བ་རྒྱུན་སྲུང་བྱེད་དགོས་པར་མ་ཟད། ཡུན་རིང་ལ་མི་འགྱུར་བ་རྒྱུན་འཁྱོངས་བྱས་ནས། བརྟན་འཇགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དགོས་མཁོ་དང་འཚམ་པའི་ཞིང་སྡེའི་དཔལ་འབྱོར་སྒྲིག་ལུགས་འཐུས་ཚང་དུ་བཏང་སྟེ། རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་དང་། སྲུང་སྐྱོབ། འཕེལ་རྒྱས་བཟང་པོ་བྱེད་པ་དེ་མགོ་ཚུགས་ས་དང་རྐང་ཚུགས་སར་བརྩིས་ཏེ། དུས་དང་བསྟུན་ནས་༼ཞིང་གསུམ༽གཞུང་ལུགས་གསར་སྐྲུན་དང་། ལག་ལེན་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་ལ་སྐུལ་འདེད་དང་། ཞིང་བ་ཁྲི་སྟོང་མང་པོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་ལ་སྐུལ་སློང་བྱས་ནས། ཞིང་སྡེའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་དགོས།
དོན་ཚན་ཉེར་བཞི་བ། རིམ་པ་སོ་སོའི་ཏང་ཨུ་ཡིས་ངེས་པར་དུ་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་ཆེན་པོ་བྱེད་དགོས། ཞིང་གསུམ་ཐད་ནོར་སྲིད་ཀྱི་མ་དངུལ་གཏོང་བའི་བརྟན་འཇགས་འཕར་སྣོན་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཞིང་སྟོབས་དང་ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ལ་ཤུགས་ཆེན་པོ་བསྣན་ནས།ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བ་དང་། ཚོང་ལས་རང་བཞིན་གྱི་དངུལ་རྩ་དང་མཉམ་ལས་རང་བཞིན་གྱི་དངུལ་རྩ། སྲིད་ཇུས་རང་བཞིན་གྱི་དངུལ་རྩ་བཅས་ཕན་ཚུན་ཟུང་འབྲེལ་གྱི་ཞིང་སྡེའི་དངུལ་རྩ་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་། མ་དངུལ་གྲབས་གཤོམ་གྱི་ཐབས་ལམ་རྒྱ་སྐྱེད་དུ་གཏོང་བ་དང་།ཞིང་གསུམ་ཐད་ནུས་ཤུགས་འདོན་པར་རྒྱུན་ཆད་མེད་པར་ཇེ་དྲག་བཏང་ནས།སྤྱིའི་གྲངས་ཚད་མུ་མཐུད་དུ་འཕར་སྣོན་ཡོང་བར་ཁག་ཐེག་བྱེད་དགོས།
དོན་ཚན་ཉེར་ལྔ་བ། རིམ་པ་སོ་སོའི་ཏང་ཨུ་ཡིས་ངེས་པར་དུ་ཚན་རྩལ་སློབ་གསོས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་ནུས་པ་འདོན་པར་དོ་སྣང་ཆེན་པོ་བྱེད་དགོས། ཚན་རྩལ་སློབ་གསོར་བརྟེན་ནས་ཞིང་སྡེ་དར་རྒྱས་གཏོང་བར་གཏིང་ཟབ་ངང་ལག་བསྟར་བྱས་ཏེ། འཐབ་ཇུས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་མ་ལག་དང་དེང་རབས་ཞིང་ལས་སློབ་གསོའི་མ་ལག ཞིང་ལས་ལག་རྩལ་ཁྱབ་བརྡལ་ཞབས་ཞུ་མ་ལག་བཅས་འཐས་ཚང་དུ་བཏང་ནས། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་དེ་གསར་སྐྲུན་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་སྐུལ་འདེད་གཏོང་དགོས།
དོན་ཚན་ཉེར་དྲུག་པ། རིམ་པ་སོ་སོའི་ཏང་ཨུ་ཡིས་ཞིང་སྡེ་ཇུས་འགོད་ཀྱི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བར་གླེང་ཕྱོགས་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་ཆེན་པོ་བྱེད་དགོས། འཆར་འགོད་སྔོན་ལ་འགོད་པ་དང་། ཞིང་སྡེའི་ཁྱད་ཆོས་འབུར་དུ་ཐོན་པ། ཞིང་སྡེའི་རྣམ་པ་སྲུང་འཛིན་བྱེད་པ་རྒྱན་འཁྱོངས་བྱས་ཏེ། རིགས་སྣ་ཚོགས་ཀྱི་འཆར་འགོད་གཅིག་གྱུར་བྱེད་པའི་དོ་དམ་དང་མ་ལག་སྒྲེལ་མཐུད་ལ་ཤུགས་བསྣན་ནས།མཁར་གྲོང་མཉམ་བསྲེས་དང་ས་ཁུལ་གཞི་གཅིག་ཅན། འཆར་འགོད་མང་པོ་མཉམ་གཅིག་ཅན་གྱི་འཆར་འགོད་མ་ལག་ཞིག་གྲུབ་པར་སྐུལ་འདེད་བཏང་སྟེ། ཚན་རིག་དང་མཐུན་ལ་གོ་རིམ་ཡོད་པའི་སྒོ་ནས་ཞིང་སྡེ་འཛུགས་སྐྲུན་འཕེལ་རྒྱས་སུ་གཏོང་དགོས།
དོན་ཚན་ཉེར་བདུན་པ། རིམ་པ་སོ་སོའི་ཏང་ཨུ་ཡིས་ཁྲིམས་སྐྱོང་ཀྱིས་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་ནུས་པ་འདོན་པར་དོ་སྣང་ཆེན་པོ་བྱེད་དགོས། ཁྲིམས་སྐྱོང་གི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་གི་འདུ་ཤེས་ཤུགས་ཆེར་བཏང་ནས་ཞིང་ལས་དང་ཞིང་སྡེའི་ཁྲིམས་ལུགས་ཀྱི་མ་ལག་འཐུས་ཚང་བཏང་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཁྲིམས་ལུགས་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་། ཞིང་བའི་ཁྲིམས་མཐུན་གྱི་ཁེ་དབང་ལ་འགན་སྲུང་བྱས་ཏེ།རང་འགུལ་སྒོས་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་ནས་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཞིང་སྡེ་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ་དང་ཏང་གིས་ཞིང་སྡེ་བྱ་བ་ཁྲིམས་སྐྱོང་ཅན་གཏོང་བའི་མགོ་ཁྲིད་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།
ལེའུ་དྲུག་པ། དཔྱད་ཞིབ་ལྟ་སྐུལ།
དོན་ཚན་ཉེར་བརྒྱད་པ། རིམ་པ་ལྔ་བའི་ཧྲུའུ་ཅི་ཡིས་གྲོང་གསེབ་ཞིང་སྡེ་དར་སྤེལ་གཏོང་བའི་དཔྱད་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་མི་སྣ་གཙོ་བོ་དང་ཞིང་སྡེའི་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནི་ས་གནས་དེའི་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བ་བསྒྲུབ་མཁན་གྱི་འགན་ཁུར་བ་དང་པོ་ཡིན། གོང་རིམ་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་འོག་རིམ་གྱི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་མི་སྣ་གཙོ་བོ་དང་།ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་འགན་ཁུར་བ་དང་པོར་འགན་འཁྲིའི་གནས་ཚུལ་དཔྱད་ཞིབ་དང་ལྟ་སྐུལ་བྱེད་དགོས་པར་མ་ཟད། དཔྱད་ཞིབ་མཇུག་འབྲས་དེ་ལས་བྱེད་པ་འདེམ་བསྐོ་བྱེད་པ་དང་། སྔོན་ཐོན་དཔེ་ལེགས་ཅན་དང་ཕུལ་བྱུང་མི་སྣ་འདེམ་བསྐོ། འགན་འཁྲི་རྩད་གཅོད་བཅས་ཀྱི་ཟུར་ལྟའི་ཡིག་ཆ་གཙོ་བོ་རུ་འཛིན་དགོས།
དོན་ཚན་ཉེར་དགུ་བ། ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་གནས་ཚུལ་སྙན་ཞུ་བྱེད་པ་དང་། ཞིང་ཆེན་རིམ་པ་མན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེར་གོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་ལ་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་གནས་ཚུལ་གྱི་སྙན་ཞུ་ཡར་ཞུ་བྱེད་དགོས།
དོན་ཚན་སུམ་བཅུ་བ། གྲོང་ཁྱེར་དང་རྫོང་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ཞིང་སྡེ་དར་སྤེལ་འཐབ་ཇུས་ཀྱི་གྲུབ་འབྲས་དཔྱད་ཞིབ་ལམ་ལུགས་ལག་བསྟར་བྱས་ཏེ། ཞིང་སྡེ་བྱ་བ་དང་ལྷག་པར་དུ་ཞིང་སྡེ་དར་སྤེལ་ཐབས་ཇུས་ཀྱི་གྲབ་འབྲས་དངོས་ལ་སྐུལ་འདེད་གཏོང་དགོས། དབུལ་ཕོངས་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་དེ་དཔྱད་གཞི་གྲུབ་འབྲས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་གོང་རིམ་པའི་ཏང་ཨུ་ཡིས་གཅིག་གྱུར་འཆར་འགོད་ལྟར་ལག་བསྟར་བྱེད་དགོས། དཔྱད་ཞིབ་མཇུག་འབྲས་དེ་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་འབྲེལ་ཡོད་མགོ་ཁྲིད་ཀྱི་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་འཛིན་ཡོད།
དོན་ཚན་སོ་གཅིག ས་གནས་ཀྱི་རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་འགན་ཁུར་བ་གཙོ་བོས་ལས་འགན་མི་འཁུར་བ་དང་ཞིང་སྡེ་བྱ་བའི་འགན་ཁུར་བ་དྲང་བདེན་མིན་པ་དག་ངེས་པར་དུ་འབྲེལ་ཡོད་ཏང་ནང་གི་ཁྲིམས་སྲོལ་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས། ཞིང་སྡེ་བྱ་བར་འགན་བཟང་བོ་མི་ཁུར་བ་དང་བྱ་བ་རྗེས་ལུས་ཡིན་པ་ལ་རིམ་པ་གོང་མའི་ཏང་ཨུ་ཡིས་ངེས་པར་དུ་རིམ་པ་འོག་མའི་ཏང་ཨུ་ལ་ཁ་བརྡ་བྱེད་པ་དང་རང་རིམ་པའི་ཏང་ཨུ་ཡིས་ངེས་པར་དུ་རང་དང་མཉམ་པའི་འབྲེལ་ཡོད་སྡེ་ཁག་ལ་གླེང་མོལ་བྱེད་དགོས།
དོན་ཚན་སོ་གཉིས་པ། ཀྲུང་དབྱང་དང་ས་གནས་ཏང་སྲིད་ལས་ཁུངས་སོ་སོ་དང་འབྲེལ་བའི་ཞིང་ལས་སྡེ་ཁག་གིས་ངེས་པར་དུ་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཞིང་སྡེ་བྱ་བ་སོ་སོའི་ཇུས་ཆོད་བཀོད་སྒྲིག་གི་འགན་འཁྲི་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། གཞི་རིམ་གྱི་ཞིང་བ་མང་ཚོགས་ལ་ཞབས་འདེགས་ཞུ་བར་ཉེ་བར་བཅར་ཏེ། སྡེ་ཁག་འགན་འཁྲི་དེ་ཞིང་སྡེའི་གཞི་རིམ་རྩ་འཛུགས་ལ་བསྐོར་མི་ཆོག འགན་འཁྲི་ལག་བསྟར་མི་བྱེད་པ་དང་འགན་འཁུར་ལག་བསྟར་བྱས་པ་ཡང་དག་མིན་པ་དག་ངེས་པར་དུ་འབྲེལ་ཡོད་ཏང་ནང་གི་ཁྲིམས་སྲོལ་དང་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་འགན་འཁྲི་རྩད་གཅོད་བྱེད་དགོས།
དོན་ཚན་སོ་གསུམ་པ། རིམ་པ་སོ་སོའི་ཏང་ཨུ་ཡིས་ངེས་པར་དུ་སྐུལ་མ་གཏོང་བའི་རྐྱེན་སྲོལ་འཛུགས་པ་དང་། ལས་བྱེད་པས་འགན་འཁྲི་དང་ལེན་བྱེད་ཕོད་པ་དང་། བཅོས་སྒྱུར་གསར་སྐྲུན་བྱེད་ཕོད་པ། དམངས་ཀྱི་ཆེད་དུ་ཡོད་ཚད་འབུལ་ཐུབ་པར་སྐུལ་མ་བྱས་ཏེ། ཞིང་སྡེ་བྱ་བའི་ཁྲོད་བྱས་རྗེས་དང་གྲུབ་འབྲས་འབུར་དུ་ཐོན་པའི་ཐུན་མོང་དང་མི་སྒེར་ལ་གཏན་འཁེལ་ལྟར་གཟེངས་སྟོད་དང་བྱ་དགའ་གནང་དགོས།
ལེའུ་བདུན་པ། ཞར་བཀོད།
དོན་ཚན་སོ་བཞི། ཞིང་ཆེན(རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར)སོ་སོའི་ཏང་ཨུ་ཡིས་སྲོལ་ཡིག་འདི་གཞིར་བཟུང་བ་དང་། རང་ས་གནས་ཀྱི་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ་ལག་བསྟར་བྱེད་ཐབས་གཏན་འཁེལ་བྱེད་དགོས།
དོན་ཚན་སོ་ལྔ་བ། སྲོལ་ཡིག་འདི་ཀྲུང་དབྱང་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་འགྲེལ་བཤད་བྱེད་པར་འགན་འཁུར་དགོས།
དོན་ཚན་སོ་དྲུག་པ། སྲོལ་ཡིག་འདི་ཉིས་སྟོང་བཅུ་དགུ་ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ནས་ལག་བསྟར་བྱེད་དགོས།
ལོ་ཙཱ་བ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ། ཚེ་རིང་སྒྲོལ་མ། སྐར་མ་འཚོ།