སང་ཉིན་ལ་བཅོལ་བའི་རེ་བ།
2019.09.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཟླ་བདུན་པའི་མགོ་ལོག་ནི་ཆེས་མཛེས་པའི་དུས་ཚིགས་ཤིག་རེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་ར་བར་གྲོང་རྡལ་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭ་རུ་དགེ་རྒན་རྡོ་རྗེ་ཡིས་རྩལ་སྦྱོང་ར་བ་གསར་བའི་ནང་དུ་སློབ་གྲོགས་ཚོར་རྩལ་སྦྱོང་ཁྲིད་བཞིན་འདུག སློབ་གྲྭའི་ཕྱི་རོལ་དུ་ཆོས་མཚོ་ཡིས་རང་གི་ཚ་མོ་ཟླ་བ་ལྷ་མོ་སློབ་ཐུན་གྲོལ་བར་སྒུག་བསྡད་ཡོད། ཆོས་མཚོ་ཡིས་བཤད་རྒྱུར། སྔོན་ཆད་སློབ་གསོའི་ཆ་རྐྱེན་མི་ལེགས་པའི་རྐྱེན་གྱིས་བྱིས་པ་མི་རྒན་པ་དང་འགྲོགས་ནས་རི་འགོར་ཕྱུགས་འཚོ་རུ་འགྲོ་བའམ་ཡང་ན་ཁྱིམ་དུ་བསྡད་ནས་གཅིག་པུ་རྩེད་འཇོར་རོལ་དགོས། ད་ལྟ་སློབ་གྲྭའི་སྔར་ཡོད་ཀྱི་རྨང་གཞིའི་སྟེང་། སློབ་གྲྭའི་སྒོ་ཆེན་དང་ཕྱི་གྱང་། ལམ་སོགས་གསར་དུ་ལས་པ་དང་། གསར་དུ་རྒྱ་བསྐྱེད་པའི་དགེ་སློབ་ཀྱི་ཉལ་ཁང་ཤིན་ཏུ་མཛེས་ལ། དྲོན་པོ་ཡང་རེད། བྱིས་པ་རྣམས་ཀྱིས་འདི་ལྟ་བུའི་སློབ་གསོ་བཟང་པོ་མྱོང་ཐུབ་པས། ཁྱིམ་ཚང་གང་བོར་རེ་བས་ཁེངས་ཡོད་ཟེར། སྐབས་དེར། ཆོས་མཚོ་ཡི་སེམས་པ་དེ་ཡངས་པའི་རྩྭ་ཐང་བཞིན་དུ་ཤིན་ཏུ་སྐྱིད་པར་སྣང་།

མཛོ་རྒན་ར་བར་གྲོང་བརྡལ་དཀྱིལ་སྙིང་སློབ་བཅའ་སྡོད་སློབ་གྲྭ་གཅིག་པུའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་པ་མ་ཡིན་པར་སློབ་གྲྭ་གསར་བ་མང་པོ་ནི་རྩྭ་ཐང་སྟེང་གི་ཆེས་མཛེས་པའི་བཟོ་སྐྲུན་ཞིག་ཏུ་གྱུར་ཡོད། རྨ་སྟོད་རྫོང་གི་སློབ་གྲྭ་གང་དུ་སོང་ཡང་། མིག་མདུན་དུ་མངོན་པ་ནི་ཡངས་ཤིང་རྒྱ་ཆེ་ལ་གྲལ་དག་པའི་ཚད་ལྡན་ཅན་གྱི་ལུས་རྩལ་ར་བ་དང་། ལུས་རྩལ་ར་བའི་རྒྱུག་ལམ། རྒྱང་བསྟེན་མཉམ་སྤྱོད་ཀྱི་སྨྱན་མང་གཟུགས་སོགས་རེད། འདི་དག་གིས་མཚོ་སྔོན་ཞིང་ཆེན་གྱི་མཚོ་ངོས་ལས་ཆེས་མཐོ་བའི་ས་ཁུལ་དང་། མི་གྲངས་ཆེས་ཉུང་བའི་རྫོང་ཞིག་གི་མ་འོངས་པའི་འཕེལ་རྒྱས་མདུན་ལམ་མངོན་བཞིན་ཡོད་པ་དང་། དེས་སློབ་གསོ་སྔོན་མ་ཡིན་པའི་འཕེལ་རྒྱས་འཐབ་ཕྱོགས་ཀྱིས་རྨ་སྟོད་རྫོང་སློབ་གསོའི་ཐད་མཐུན་རྐྱེན་གང་ལེགས་བསྐྲུན་པ་མངོན་ཅི་ཐུབ་བྱེད་བཞིན་ཡོད།

ས་འདིའི་བྱིས་པའི་ལས་དབང་ཁ་ལོ་བསྒྱུར་བའི་ཐབས་ལམ་གཅིག་ཡོད་པ་དེ་ནི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་ཆ་སྙོམས་སྒོས་འཕེལ་རྒྱས་གཏོང་བར་ཡར་སྐུལ་གཏོང་རྒྱུ་དེ་རེད། ངས་རྨ་སྟོད་ས་ཆའི་བྱིས་པ་རྣམས་མི་ཚེའི་ལམ་བུའི་སྟེང་ཕམ་དུ་འཇུག་མི་སྲིད་ལ། ཁོ་ཚོར་སྔར་ལས་མང་པོའི་གོ་སྐབས་མང་པོ་ཡོད་ངེས་ཞེས་རྨ་སྟོད་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ལིག་བེ་ཀོ་ཡིས་དེ་ལྟར་བཤད།

སློབ་ཁང་མེད་པས། སྦྲ་གུར་སློབ་ཁང་བྱས་པ་དང་། དགེ་རྒན་དཀའ་བས། ལས་བྱེད་པ་དང་། མང་ཚོགས་ཁྲོད་དགེ་རྒན་བཙལ། འདི་དག་ནི་རྨ་སྟོད་རྫོང་གི་སྔོན་ཆད་ཀྱི་སློབ་གསོ་བྱ་བའི་དངོས་ཡོད་རྣམ་པ་རེད། ད་ལྟ། རང་ཞིང་གི་མི་རིགས་ས་ཁུལ་གྱི་སློབ་གསོའི་ཐད་ལ་གཞོལ་བའི་སྲིད་ཇུས་མང་པོ་དངོས་འབེབ་དང་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཤུགས་དྲག་ཏུ་གཏོང་བ་དང་། སློབ་གསོའི་ཐོན་ཁུངས་གཙོ་བོའི་བཟོ་སྐྲུན་ལས་གཞི་ལེགས་བཅོས་བྱས་ཏེ། བརྩེ་བ་ཟབ་མོའི་སློབ་གསོའི་མཐུན་རྐྱེན་མང་པོ་སྦྱར་བ་དེ་ཡངས་པའི་བོད་ཁུལ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས།

སྔོན་ཆད་ཆར་ཆུ་མོད་པའི་སྐབས་སུ་སློབ་གྲྭའི་སློབ་ཁང་དང་། ཉལ་ཁང་ནང་དུ་ཐིགས་ཆུ་ཡོང་བཞིན་ཡོད་པ་དང་། དགུན་ཁར་ནམ་ཟླ་ཤིན་ཏུ་འཁྱག་པའི་རྐྱེན་གྱིས་སྔ་མོ་ནས་དགུན་གནང་མི་གཏོང་ཐབས་མེད་བྱུང་བ་དང་། སློབ་ཁྲིད་རྒྱུ་སྤུས་ལ་ཁག་ཐེག་བྱེད་ཐབས་བྲལ། ལོ་ངོ་འདི་དག་གི་རིང་ལ། ང་ཚོའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་པ་དང་། སློབ་ཐུན་དང་། སློབ་ཚན་ཆ་ཚང་ཞིག་སློབ་ཁྲིད་བྱེད་ཐུབ་པ་བྱུང་། འདི་ལྟར་སོང་ཚེ་མི་འགྱངས་པར་ང་ཚོ་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་དམིགས་འབེན་ལས་བརྒལ་སྲིད་ཅེས་སྔོན་ཆད་རྨ་ཆུ་ཞང་བཅའ་སྡོད་ལམ་ལུགས་སློབ་གྲྭའི་སློབ་གཙོ་ཀྲའོ་ཧྲིན་ཡུང་གིས་དེ་ལྟར་བཤད།

ཉེ་བའི་ལོ་འགའི་རིང་ལ། རྨ་སྟོད་རྫོང་གིས་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་བདུན་བཏང་སྟེ་བོད་ཁུལ་གྱི་བཅའ་སྡོད་ལམ་ལུགས་སློབ་གྲྭ་དང་། སློབ་སྔོན་སློབ་གསོ་སོགས་ཀྱི་འཛུགས་སྐྲུན་གཙོ་བོའི་ལས་གཞི་ལག་བསྟར་བྱས་པ་དང་། སློབ་གྲྭ་ཆུང་འབྲིང་ལྔ་གསར་དུ་ལས་པ་དང་རྒྱ་བསྐྱེད་དེ། གྲངས་ཀའི་ཐོན་ཁུངས་ཁྱོན་ཡོངས་ལ་ཁྱབ་པ་དང་། སློབ་གསོའི་ཚད་གཞི་ཅན་གྱི་འཛུགས་སྐྲུན་སྒྲིག་ཆས་ཆ་ཚང་གི་བཟོ་སྐྲུན་ཁྱོན་ཡོངས་ནས་ཇེ་མཐོར་བཏང་བ་མངོན་འགྱུར་བྱས་ཏེ། ཚོད་ལྟའི་དཔྱད་ཆས་དང་། དཔེ་ཆ། ལུས་རྩལ། རོལ་མོ་སོགས་ཀྱི་རོལ་ཆས་ཁ་གསབ་བྱས་ནས་རྫོང་ཡོངས་ཀྱི་སློབ་སྒྲུབ་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས་བྱས།

ལོ་འདི་དག་གི་རིང་ལ། མང་ཚོགས་ལ་ཆེས་བཟང་པོའི་བཟོ་སྐྲུན་ནི་སློབ་གྲྭ་ཡིན་པ་དང་། ཆེས་མཛེས་པའི་ཁོར་ཡུག་ནི་སློབ་གྲྭ་ཡིན་པའི་ངེས་ཤེས་ཟབ་མོ་སྐྱེས་སུ་བཅུག་པ་དང་། བྱིས་པ་སློབ་གྲྭར་བསྐྱལ་ན་ད་གཟོད་མདུན་ལམ་ཡོད་ཅེས་རྨ་སྟོད་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་སློབ་འབྲིང་དགེ་རྒན་ལི་ཁྲོང་གིས་གདོང་ལ་དགའ་སྤྲོས་ཁེངས་བཞིན་དེ་ལྟར་བཤད།

བོད་ཁུལ་གྱི་ཞིང་སྡེ་ནས་ལོ་དྲུག་གི་རིང་ལ་དགེ་རྒན་བྱས་མྱོང་བའི་དགེ་རྒན་ལི་ཁྲོང་སློབ་གྲྭའི་སློབ་གསོའི་སྤུས་ཚད་ཀྱི་འགྱུར་བའི་ཐད་ལ་ངེས་ཤེས་ཟབ་མོ་ཞིག་སྐྱེས་ཡོད། ཆེས་ཐོག་མར་དགེ་རྒན་བྱེད་དུས། དགེ་རྒན་གཅིག་གིས་ལོ་རིམ་མི་གཅིག་པ་སོ་སོའི་སློབ་མར་སློབ་ཁྲིད་བྱེད་དགོས་པ་དང་། དོ་དམ་བཟང་པོ་བྱེད་མི་ཐུབ་ལ། སློབ་མའི་གྲུབ་འབྲས་ལའང་ཡར་ཐོན་མེད་པ་རེད། ད་ལྟ། རྫོང་ཡོངས་ཀྱིས་དགེ་རྒན་བསྡུ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཉིས་སྟོང་བཅུ་དྲུག་ལོ་ནས་ད་བར་དུ། གསར་དུ་བསྡུ་ལེན་བྱས་པའི་སློབ་གྲྭ་ཆུང་འབྲིང་དུ་དགེ་རྒན་སུམ་ཅུ་ཡོད་པ་དང་། དུས་མཚུངས་སུ་ད་དུང་གསོ་སྦྱོང་གོ་སྐབས་མང་པོ་ཁ་བསྣན་ནས་དགེ་རྒན་ཚོའི་ཧུར་བརྩོན་རང་བཞིན་ཇེ་མཐོར་བཏང་ཞིང་། བློ་རྩེ་གཅིག་གིས་སློབ་མར་སློབ་ཁྲིད་བྱེད་བཞིན་ཡོད་ཅེས་དགེ་རྒན་ལི་ཁྲོང་གིས་དེ་ལྟར་བཤད།

དགེ་རྒན་གྱིས་མི་འདང་བ་དང་། དགེ་རྒན་གྱི་གྲུབ་ཚུལ་འོས་འཚམ་མིན་པ་སོགས་ཀྱི་གནས་བབ་ལ་དམིགས་ཏེ། རྨ་སྟོད་རྫོང་གིས་ནན་ཏན་གྱིས་ཚད་ལྡན་དགེ་རྒན་གྱི་རེ་བ་ལྟར། རྒྱལ་ཁབ་ཀྱི་གསོ་སྦྱོང་དང་། ཞིང་ཆེན་གྱི་གསོ་སྦྱོང་འཆར་གཞི་གཉིས་སྣེ་ཁྲིད་ས་བྱས་ཏེ། ཞིང་སྡེའི་དགེ་རྒན་གསོ་སྦྱོང་གི་འཆར་གཞི་ལག་བསྟར་བྱས་ཏེ། དགེ་རྒན་བརྒྱ་དང་ཉེར་གསུམ་ལ་གསོ་སྦྱོང་བྱས་པ་དང་། ཁྱབ་ཁོངས་ཆེན་པོ་དང་། རྣམ་པ་མང་བ། རིམ་པ་མང་པོའི་དགེ་རྒན་བར་བརྗེ་རེས་བྱེད་པ་མངོན་འགྱུར་བྱུང་བ་དང་། དགེ་རྒན་ཆེད་ལས་ཅན་གྱི་ཆུ་ཚད་ཇེ་མཐོར་སོང་ཞིང་། དགེ་རྒན་དཔུང་སྡེ་སྔར་ལས་ཇེ་བཟང་དུ་གྱུར།

ད་ལོའི་ཟླ་བདུན་པའི་ཟླ་མགོར། ང་ཚོས་རྨ་སྟོད་རྫོང་གི་སློབ་གྲྭ་འབྲིང་ཆུང་དང་། བྱིས་སྐྱོང་ཁང་ནས‘སློབ་ཁྲིད་བྱེད་མཁས་པ’བདམས་གསེས་བྱེད་པའི་བྱ་འགུལ་སྤེལ་ཞེས་སློབ་གསོ་སློབ་ཁྲིད་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཡན་ཅིན་རོང་གིས་དེ་ལྟར་བཤད།

ཡན་ཅིན་རོང་གིས་གླེང་བའི‘སློབ་ཁྲིད་བྱེད་མཁས་པ’བདམས་གསེས་བྱེད་པའི་བྱ་འགུལ་དེ་ནི་རྨ་སྟོད་རྫོང་གིས་སློབ་ཁྲིད་ཞིབ་འཇུག་ལེགས་བསྒྱུར་བྱེད་པ་དང་། དགེ་རྒན་གྱི་བྱེད་ནུས་ཆུ་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་། བྱིས་བཅོལ་ཁང་སོ་སོས་དུས་གཏན་འཁེལ་གྱི་སྒོ་ནས་སློབ་ཁྲིད་རྩལ་ནུས་འགྲན་སྡུར་བྱེད་པའི་རྐྱེན་སྲོལ་ཞིག་གྲུབ་པ་དང་། འགྲན་སྡུར་བྱས་ནས་སློབ་ཁྲིད་བྱེད་པ་དང་། དགེ་རྒན་གཅིག་ལ་ཕུལ་དུ་བྱུང་བའི་སློབ་ཁྲིད་ཡོད་པ། སློབ་ཁྲིད་གཅིག་ལ་ཕུལ་དུ་བྱུང་བའི་དགེ་རྒན་གཅིག་ཡོད་པ། སློབ་ཁྲིད་རེ་རེར་ཕུལ་དུ་བྱུང་བའི་བརྩམས་ཆོས་ཡོད་པ་སོགས་རྨ་སྟོད་རྫོང་གི་སློབ་གསོའི་རྒྱུན་རྣམ་གསར་བར་གྱུར།

སློབ་གསོའི་སྤུས་ཚད་ནི་སློབ་གྲྭའི་བླ་སྲོག་ཡིན། སློབ་ཁྲིད་ཀྱི་སྲ་ཆས་སྒྲིག་ཆས་ཇེ་བཟང་དུ་སོང་བ་དང་། ང་ཚོ་དགེ་རྒན་ཚང་མས་ལས་ཀར་འབད་བརྩོན་བསྐྱེད་དེ། སློབ་ཁྲིད་སྤུས་ཚད་ཇེ་མཐོར་གཏོང་བཞིན་ཡོད། ད་ལྟ། སློབ་གྲྭས་ད་དུང་སྐྱེ་ཁམས་ཁོར་སྲུང་སོགས་ནང་དོན་ཡིན་པའི་སློབ་གྲྭའི་རིག་གནས་གྱང་ངོས་སུ་བྲིས་པ་དང་། དེས་སློབ་གྲྭའི་ནང་གི་གྱང་ངོས་རེ་རེར་ཤེས་རིག་གི་དྲི་བསུང་འཐུལ་རུ་བཅུག་ཡོད་ལ། སློབ་མ་ཚོས་དཔེ་ཀློག་གི་མཛེས་པ་རེ་རེ་ཉམས་སུ་མྱོང་བཞིན་ཡོད་ཅེས་ཡན་ཅིན་རོང་གིས་དེ་ལྟར་བཤད།

འགྱུར་ལྡོག་དེ་དག་ནི་འདུ་ཤེས་གསར་བར་ཁ་འབྲལ་ཐབས་མེད། ད་ལྟ། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་འཛིན་གྲྭ་སོ་སོས་སློབ་སྦྱོང་གི་འཛིན་བདག་དང་འཚོ་བའི་འཛིན་བདག་བསྐོས་ཏེ། ཉིན་ཧྲིལ་བོར་བྱིས་པ་ཚོ་སྲུང་བ་དང་། འཛིན་བདག་ནི་བྱིས་པར་གཅེས་སེམས་འབུལ་མཁན་གྱི་ཨ་མ་ལྟ་བུ་ཡིན་ཞིང་། བྱིས་པ་ཚོའི་འཚོ་བ་དང་སློབ་སྦྱོང་ལ་སེམས་ཁུར་བྱེད་བཞིན་ཡོད།

ང་ཚོས་འོས་འགན་སློབ་གསོའི༼གཉིས་མེད་གཅིག་གསབ༽སྲིད་ཇུས་དངོས་འབེབ་དང་། འཚོ་བཅུད་ལྡན་པའི་ཟ་མའི་འཆར་འགོད། སློབ་གྲྭའི་རླངས་འཁོར་དོ་དམ་ཇེ་དྲག་ཏུ་གཏོང་བ། སློབ་གྲྭའི་དཀའ་ངལ་ཆེ་བའི་སློབ་མར་ཚོགས་པ་འཛུགས་པ། སློབ་བྱོལ་ལ་ཚོད་འཛིན་བྱས་ནས་སློབ་གྲྭར་ཞུགས་པར་ཁག་ཐེག་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་པ། ༼གནས་ལྔ་གཞི་གཅིག ༽གི་གཅེས་སེམས་དྲ་རྒྱ་ལས་པ་དེས་བྱིས་པ་རྣམས་གཅེས་སེམས་ཀྱི་ཁྲོད་ནས་ནར་སོན་པ་དང་ཤེས་ལྡན་པར་འགྱུར་རུ་བཅུག་ཅེས་ལིག་བེ་ཀོ་ཡིས་དེ་ལྟར་བཤད།

                                                                                                                             ལོ་ཙཱ། ཚེ་རིང་སྒྲོལ་མ།