ཀྲུང་ཧྭའི་རིག་གནས་བང་མཛོད་ཁྲོད་མཚར་སྡུག་འོད་སྟོང་འཕྲོ་བའི་རེབ་གོང་རིག་གནས་སྒྱུ་རྩལ།
2019.09.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

དགུ་ཆུ་དལ་གྱིས་འབབ་པའི་རེབ་གོང་གསེར་མོ་ལྗོངས་ཀྱི་ཡུལ་ལུང་འདི་ནི་འཛམ་གླིང་རིག་པས་བསྐོར་བའི་གངས་ཅན་མཁས་དབང་འཁྲུངས་ས་དང་། དམངས་སྲོལ་རིག་གནས་ཀྱི་རྫོང་འཐུག་ས། ལྷ་རིས་སྒྱུ་རྩལ་པ་ཆེན་མོ་གང་མང་བྱོན་མྱོང་ས་ཡིན་སྟབས། ཀུན་གྱིས་གནས་འདི་ལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་མཚན་སྙན་གྱི་མེ་ཏོག་ཕུལ་ཡོད།

རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན་སྟབས། རེབ་གོང་ཡུལ་དུ་འཚོ་བའི་བོད་རིགས་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་དུ། ཕ་མེས་ནས་བརྒྱུད་པའི་རིག་གནས་དག་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ་འོང་བས། གནས་འདི་ནི་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པའི་རེབ་གོང་སྒྱུ་རྩལ་དང་བོད་ཀྱི་ཟློས་གར། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པའི་དྲུག་པའི་ཀླུ་རོལ་སོགས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་རྒྱབ་སྐྱོར་འོག རེབ་གོང་ས་ཆའི་མི་རིགས་རིག་གནས་རྒྱུན་འཛིན་དར་སྤེལ་ཐད་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། རེབ་གོང་ནི་བོད་རྒྱ་ཧོར་ཧུའེ་སོགས་མི་རིགས་སྣ་མང་དང་བན་བོན་སྔགས་གསུམ་སོགས་ཆོས་ལུགས་རིག་གནས་མང་པོ་འཆམ་མཐུན་མཉམ་གནས་ཀྱི་ས་ཁུལ་ཞིག་ཡིན། དགུ་ཆུ་དལ་གྱིས་འབབ་པའི་ཁུགས་སོ་འདི་རུ།ཡུལ་དེའི་བོད་རིགས་མི་དམངས་ཀྱིས་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པ།ཤེས་རིག་ལ་དགའ་བའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རིག་གནས་སྒྱུ་རྩལ་རྒྱུན་འཛིན་གསར་གཏོད་དང་དམངས་སྲོལ་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་བཏང་བ་དང་། རེབ་གོང་ཡུལ་དུ་ལྷ་རིས་སྒྱུ་རྩལ་འབྲི་བཞེངས་ལ་ནང་བྱན་ཆུད་པའི་སྐྱེས་བུ་རླབས་ཆེན་གང་མང་བྱོན་པའི་སྐུ་དྲིན་ལ་བརྟེན་ནས། རེབ་གོང་གི་ཡུལ་གྲུ་འདི་རུ་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོར་ཚུད་པའི་རིག་གནས་གང་མང་ཡོད་པར་གྱུར། མིག་སྔའི་བར་དུ། རྒྱལ་ཡོངས་སུ་མངོན་མིན་རིག་གནས་ཤུལ་བཞག39ཡོད་ཅིང་། དེའི་ཁྲོད་མཚོ་སྔོན་དུ4ཡོད་པའི་ནང2ནི་རེབ་གོང་དུ་ཡོད་དེ། རེབ་གོང་སྒྱུ་རྩལ་དང་བོད་ཀྱི་ཟློས་གར་གཉིས་ཡིན།

དང་པོ། ལྷ་རིས་སྒྱུ་རྩལ་པའི་ཕྱག་སོར་ལས་འཁྲུངས་པའི་རེབ་གོང་སྒྱུ་རྩལ།

རེབ་གོང་སྒྱུ་རྩལ་ནི་ས་དེའི་བོད་རིགས་མི་དམངས་ཀྱི་ཐུན་མིན་བློ་གྲོས་ཀྱི་རྩལ་ལས་བྱུང་བ་ཡིན་ཞིང་།རང་རྒྱལ་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།ཡུལ་འདིའི་དགོན་སྡེ་ཀུན་གྱིས་སངས་རྒྱས་དང་བྱང་སེམས་མང་པོའི་སྐུ་བརྙན་བཞེངས་པའི་མཐོ་རླབས་འཕྱུར་ཏེ།རེབ་གོང་ཡུལ་དུ་ལྷ་རིས་སྒྱུ་རྩལ་དར། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ། གནས་འདི་ནས་ལྷ་རིས་སྒྱུ་རྩལ་འབྲི་བཞེངས་ལ་དབང་འབྱོར་བའི་སྒྱུ་རྩལ་པ་བགྲང་གིས་མི་ལང་བ་བྱོན་མྱོང་བ་ལས།གཙོ་བོ་རེབ་གོང་སེང་གེ་གཤོང་དང་། གཉན་ཐོག སྒོ་དམར། རྐ་སར་སོགས་བོད་རིགས་དང་ཧོར་རིགས་འདུས་སྡོད་བྱས་ཡོད་པའི་སྡེ་བ་དག་གི་ལྷ་རིས་པ་གྲགས་ཆེ་ཞིང་། ཁོ་ཚོས་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་དར་སྤེལ་བྱས་ཤིང་། ཞབས་རྗེས་རྒྱལ་ཁབ་ཕྱི་ནང་ཀུན་ལ་བཞག་མྱོང་བ་དང་། ལྷ་རིས་སྒྱུ་རྩལ་པ་དག་གི་པིར་རྩེ་ལས་འཁྲུངས་པའི་ཐང་གའི་སྒྱུ་རྩལ་གྱིས་ཡུལ་གྲུ་སོ་སོའི་སྐྱེ་བོ་ཀུན་གྱི་མིག་དབང་དང་ཡིད་དབང་ཅིག་ཅར་དུ་འཕྲོག་མྱོང་བས། ཀུན་གྱིས་རེབ་གོང་གི་ཡུལ་འདི་ལ“འཛམ་གླིང་ཐང་གའི་ཕ་ས”ཞེས་པའི་མཚན་སྙན་ཡང་བསྩལ་མྱོང་།རེབ་གོང་སྒྱུ་རྩལ་སྔར་ལས་རྒྱུན་འཛིན་དར་སྤེལ་གཏོང་ཆེད། ད་ལྟ་རེབ་གོང་ཡུལ་དུ་ལྷ་རིས་སྒྱུ་རྩལ་དག་གིས་སློབ་བུ་སྐྱེད་སྲིང་དང་ཐང་ག་འབྲི་བཞེངས་ཀྱི་ལས་དོན་ལ་གཙིགས་ཆེན་གནང་བཞིན་ཡོད་པས། རེབ་གོང་སྒྱུ་རྩལ་རྒྱུན་འཛིན་དར་སྤེལ་བྱས་དང་བྱེད་བཞིན་པའི་རིག་གནས་ཐོན་ལས་གཉེར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།2006ལོར་རེབ་གོང་སྒྱུ་རྩལ་རྒྱལ་ཁབ་ཀྱི་སྐོར་ཐེངས་དང་པོའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་མིང་ཐོར་ཚུད་པ་དང་། 2009ལོར་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་ཁྲོད་ཚུད་པ་རེད།

གཉིས་པ། དམངས་སྲོལ་གྱི་དད་མོས་ལས་འཁྲུངས་པའི་དྲུག་པའི་ཀླུ་རོལ།

རེབ་གོང་དྲུག་པའི་ཀླུ་རོལ་ནི་རེབ་གོང་ས་ཆའི་བོད་རིགས་དང་ཧོར་རིགས་སྡེ་བ་ཁོ་ན་ལ་ཡོད་པའི་སྲོལ་རྒྱུན་གྱི་རིག་གནས་དུས་ཆེན་ཞིག་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ1400ལྷག་གི་ལོ་རྒྱུས་ཡོད་སྐད། འདི་ནི་གདོད་མའི་ཆོས་ལུགས་ཀྱི་མཁའ་དབུགས་སྟུག་པོ་ལྡན་པའི་ས་དེའི་དམངས་སྲོལ་ཞིག་རེད།“རྒྱ་ལོའི་ཚེས་གཅིག་མིན་ན་ཟས་མི་ཟ། །དྲུག་པའི་ཀླུ་རོལ་མིན་ན་གོས་མི་གོན། །”ཞེས་པ་ལས་ཡུལ་དེའི་མི་རྣམས་ཀྱིས་དུས་ཆེན་འདི་ལ་བརྩེ་འདང་དང་གདེང་འཇོག་ཚད་ག་འདྲ་ཞིག་བྱེད་ཀྱིན་ཡོད་པ་རྟོགས་ཐུབ། ཀླུ་རོལ་ལ་ལྷ་མཆོད་དང་། ལྷ་བསུ།ལྷ་ལ་སྐྱབས་འཇུག་ཞུ་བ། ལྷ་སྐྱེལ། ལྷ་རྩེད་དང་། ཀླུ་རྩེད། དམག་རྩེད་བཅས་འཁྲབ་སྟོན་བྱེད་སྟངས་མི་འདྲ་བ་མང་པོས་གྲུབ་ཡོད།2006ལོའི་ཟླ5པར། རེབ་གོང་དྲུག་པའི་ཀླུ་རོལ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྐོར་ཐེངས་དང་པོའི་སྲུང་སྐྱོབ་ལས་གཞིའི་མིང་ཐོའི་ཁྲོད་ཚུད་པར་ཆོག་མཆན་ཐོབ།ལོ་རེའི་ཧོར་ཟླ6པའི་ཚེས17ནས་ཚེས25ཉིན་བར་དུ། རོང་པོ་དགུ་ཆུའི་འགྲམ་རྒྱུད་ཀྱི་སྡེ་བ་སོ་སོ་ནས་རིམ་གྱིས་སྤེལ་བཞིན་ཡོད་ལ། ཀླུ་རོལ་གྱི་འཁྲབ་ཆས་དང་། འཁྲབ་སྟངས། གར་པ་གར་མ་རྣམས་གྲལ་བསྒྲིགས་སྟངས། རྩེད་མོའི་གོ་རིམ་དང་བླང་བྱ་འཛེམ་བྱ་སོགས་ཀྱི་ཐད་ནས་སྡེ་བ་རེ་ལ་ཁྱད་ཆོས་རེ་ཡོད། དཔེར་ན། ས་དཀྱིལ་སྡེ་བ་ལྟ་བུར་མཚོན་ན། རྩེད་མོ་ནི་ལྷ་རྩེད་ཡིན་པ་དང་། རྐ་སར་དང་སྒོ་དམར་ལྟ་བུར་མཚོན་ན་དམག་རྩེད། གླིང་རྒྱ་སྡེ་བར་མཚོན་ན་ཀླུ་རྩེད་རེད། དྲུག་པའི་ཀླུ་རོལ་ལ་མཆོད་འབུལ་དང་། ཁབ་འབུག་རྒྱག་པ། མཚོན་རྒྱག་པ།ཞབས་བྲོ་འཁྲབ་པ། ཀླུ་སྡོང་ལ་འགོ་བ། འཁར་རྔ་བརྡུང་བ། དམར་མཚོན་སོགས་ཡོད།སྡེ་བ་སོ་སོས་དྲུག་པའི་ཀླུ་རོལ་རྩེ་བའི་དུས་ཚོད་དང་བྱ་འགུལ་གཙོ་བོའང་གཅིག་མཚུངས་མིན་པར། སྡེ་བ་སོ་སོ་ཕན་ཚུན་ལ་སོང་སྟེ་འཁྲབ་སྟོན་བྱེད་པས་ཡུལ་དེའི་མང་ཚོགས་ཀྱིས་སྡེ་བ་སོ་སོའི་ཀླུ་རོལ་གྱི་བྱ་འགུལ་སྣ་ཚོགས་མཐོང་ཐུབ་ལ། སྡེ་བ་སོ་སོའི་མཛའ་མཐུན་ལོ་རྒྱུས་མུ་ནས་མུ་རུ་རྒྱུན་བསྐྱང་ཐུབ། དྲུག་པའི་ཀླུ་རོལ་ནི་ཡུལ་ལྷ་ལ་མཆོད་པའི་དུས་སྟོན་ཞིག་ཡིན་པས། ཉིན་དེར་མི་དམངས་ཀྱིས་ཡུལ་ལྷ་སྡེ་བར་ཞུ་བཞིན་ཡོད་ཅིང་། སྦྱིན་བདག་གིས་ཡུལ་ལྷ་དགྱེས་སུ་འཇུག་ཐུབ་ཚེ། སྡེ་བར་མགོན་བསྐྱབ་བྱ་སྲིད་ཅེས་པའི་སྲོལ་རྒྱུན་གྱི་བཤད་སྟངས་ཡོད། ཉིན་དེའི་བྱ་འགུལ་གྱི་མགོ་འཛིན་པ་ནི་སྡེ་བའི་ནང་གི་ཀུན་གྱིས་ཁས་ལེན་པའི་རྒན་རབས་པ་ཡིན་ཞིང་། ཁོ་ནི་དམངས་འདུན་གྱི་འཐུས་ཚབ་པ་ཡིན་པ་དང་།ལྷ་པ་ནི་དམངས་འདུན་ཡར་ལྷ་ལ་ཞུ་མཁན་དང་ལྷའི་དགོངས་པ་གཤམ་ལ་སྒྲོག་མཁན་ཡིན། ཁོས་བྱ་བའི་ལེགས་ཉེས་དང་ཆག་སྒོ་སོགས་མཁྱེན་ལ་གདོན་བགེགས་བར་ཆད་སོགས་ཡོད་ཚེ་དེ་དག་ཕར་ལ་བསྒྲལ་ཐུབ། རེབ་གོང་མི་དམངས་ཀྱིས་དྲུག་པའི་ཀླུ་རོལ་བརྒྱུད་དེ། གླུ་གར་གྱིས་ལྷ་ལ་མཆོད་བསྟོད་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ། རུ་སྡེ་བ་འཆམ་མཐུན་ཞི་བདེ་ཡོང་བ། མི་རྣམས་ཚེ་ཐག་རིང་སྟེ་རྫོགས་ལྡན་གྱི་དུས་སྟོན་ལ་རོལ་བའི་རེ་སྨོན་བཅངས་ཡོད། གནའ་བོའི་དམངས་སྲོལ་རིག་གནས་མ་ཉམས་པར་རྒྱུན་འཛིན་བྱས་ཏེ། དམངས་ཁྲོད་དུ་རྩ་བ་ཟུག་ཅིང་རྩེ་མོ་རྒྱས། ཁོ་ཚོས་བཤད་ན། གཞན་གྱིས་བལྟས་ཚེ་དྲུག་པའི་ཀླུ་རོལ་ནི་རྩེད་མོ་ལྟ་བུར་སྣང་ནའང་ས་དེའི་བོད་རིགས་མི་དམངས་ཀྱི་སེམས་ཁོང་ན་འཇིག་རྟེན་གྱི་མཆོད་བསྟོད་ཆེན་མོ་ཞིག་ཏུ་གྱུར་ཡོད།

གསུམ་པ། ཟློས་གར་མཁན་གྱི་མགྲིན་པ་དང་སྟངས་སྟབས་ལས་འཁྲུངས་པའི་རྨ་ལྷོ་བོད་ཀྱི་ཟློས་གར།

མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་མི་རིགས་གླུ་གར་ཚོགས་པ་ནི་སྤྱི་ལོ1965ལོར་བཙུགས་ཤིང་། 1998ལོའི་ཟླ10པར། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའི་མཚན་ཐོབ་གནང་། 2006ལོའི་ཟླ5པར་རྨ་ལྷོ་བོད་ཀྱི་ཟློས་གར་ནི་རྒྱལ་ཁབ་རིམ་པའི་སྐོར་ཐེངས་དང་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད། 2009ལོར། རྨ་ལྷོ་བོད་ཀྱི་ཟློས་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁྲོད་དུ་བདམས། རྨ་ལྷོ་བོད་ཀྱི་ཟློས་གར་ནི་རེབ་གོང་རིག་གནས་ཁྲོད་འོད་དུ་འཚེར་བའི་མུ་ཏིག་རྡོག་པོ་ཞིག་ཡིན་ལ།དེ་ཡང་བོད་ཀྱི་ཟློས་གར་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའང་སྨོས་མ་དགོས། རྨ་ལྷོ་བོད་ཀྱི་ཟློས་གར་ཚོགས་པས་ལོ་གང་མང་ལ་འབད་བརྩོན་བརྒྱུད་དེ། ཕུལ་དུ་བྱུང་བའི་ཟློས་གར་འཁྲབ་གཞུང་དང་། ཟློས་གར་པ། གླུ་པ། ཞབས་བྲོ་པ། ཚིག་དབྱངས་རྩོམ་པ་པོ་དང་སྒྲིག་ཁྲིད་པ་སོགས་མང་པོ་སྐྱེད་སྲིང་བྱས་ཡོད་པར་མ་ཟད། ཟློས་གར་གསར་རྩོམ་གྲུབ་འབྲས་སུ།《ཆོས་རྒྱལ་ནོར་བཟང》དང 《གཟུགས་ཀྱི་ཉི་མ》《སྲོང་བཙན་སྒམ་པོ》སོགས་མང་པོ་བརྩམས་ཏེ་ཀུན་གྱིས་ཁས་ལེན་དང་དགའ་བསུ་ཐོབ་ཡོད། དེ་ལས་གཞན་ཉེ་བའི་ལོ་འདི་དག་གི་རིང་ལ་གླུ་གར་ཚོགས་པ་འདིས་མཚོ་སྔོན་གྱི་ཚབ་བྱས་ཏེ་ཨ་མེ་རི་ཀ་དང་། འཇར་པན། ཐེ་གོ བལ་བོ་དང་ཞང་ཀང་།ཨའོ་མོན།ཐའེ་ཝན་སོགས་རྒྱལ་ཁབ་དང་ས་ཁུལ་དུ་མར་སོང་ནས་འཁྲབ་སྟོན་དང་རིག་གནས་བརྗེ་རེས་གང་མང་བྱས་ཏེ། རྒྱལ་ཁབ་ཕྱི་ནང་ལ་ཤུགས་རྐྱེན་མི་ཆུང་བ་བཟོས་ཡོད་པ་དེས། སྤྱིར་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དང་། ནང་སྒོས་སུ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཟློས་གར་འཕེལ་རྒྱས་ལ་མཚོན་ནས་བཤད་ནའང་། གལ་ཆེ་ཞིང་ཡུན་རིང་བའི་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་ལྡན་པར་གྱུར།

                                                                                       རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།