རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་།ཏང་ཡོངས་ཀྱི་གོང་འོག་ཚང་མས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི”བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་དུས་སྐབས་འདིར། ཀྲུང་གུང་རྨ་ལྷོ་ཁུལ་ཨུས“ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་སྟེ་ཡང་བསྐྱར་ལམ་ལ་ཆས”ཞེས་པའི་བརྗོད་དོན་ཏང་གི་ཉིན་མོའི་དགོང་ཚོགས་ཟླ9པའི་ཚེས10ཉིན་གྱི་དགོང་མོའི་ཆུ་ཚོད8ཀྱི་སྟེང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི”བརྗོད་དོན་སློབ་གསོའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་རེན་ཀྲེང་ཏི་དང་ཚོགས་མི། ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཞུང་དབྱི་ཀྲི་དང་ཁུལ་ཏང་སྲིད་ལས་ཁུངས་ཆེ་གྲས་བཞིའི་ཏང་ཡོན་འགོ་ཁྲིད་དང་ཏང་ཡོན་ལས་བྱེད་པ600། ལས་བྱེད་པ་རྒན་གྲས8། ངལ་རྩོལ་དཔེ་ལེགས་ཅན4། ཀུན་སྤྱོད་སྤྱོད་བཟང་ཅན4བཅས་གཟབ་ནན་དང་གསོན་ཉམས་ལྡན་པའི་བརྗོད་དོན་སློབ་གསོའི་ཏང་གི་ཉིན་མོའི་དགོངས་ཚོགས་སུ་ཞུགས་ཡོད་པ་རེད། ཁུལ་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲེན་ཁྲང་གིས་གཏམ་བཤད་གནང་པ་དང་། ཁུལ་ཏང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་རུང་གིས་འགོ་འཛིན་བྱས།
ཝང་ཀྲེན་ཁྲང་གིས་ཉེ་བའི་ལོ་ཤས་རིང་། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག རྨ་ལྷོ་ཁུལ་གྱིས་དུས་རབས་ཀྱི་འཕར་རྩ་དང་དུས་བབ་ཀྱི་འཕེལ་རྒྱས་ལ་བསྟུན་ཏེ་ནུས་ཤུགས་ཆེན་པོས“ཁུལ་གསུམ་འཛུགས་སྐྲུན”གྱི་བྱ་གཞག་དམ་འཛིན་དང། འབད་པ་ལྷོད་མེད་ཀྱིས་ཁྱོན་ཡོངས་ནས་ཏང་གཤིས་ལེགས་བཅོས། རི་ཆུ་ནགས་གསུམ་སྲུང་སྐྱོང་། དབུལ་ཐར་འགག་སྒྲོལ་གྱི་བྱ་གཞག་དོན་འཁྱོལ། སྤྱི་ཚོགས་སྒྲིག་བཅོས་བྱ་བར་ཤུགས་སྣོན་བྱས་ཏེ་མི་རིགས་མཐུན་སྒྲིལ་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་། དཀའ་ངལ་གྱི་ཁྲོད་མདུན་དུ་སྐྱོད་ཅིང་ཏང་དང་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ནས། སྲིད་དར་དམངས་མཐུན། དར་རྒྱས་གོང་འཕེལ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་རྨ་ལྷོ་འདི་ཉིད་མགོ་འཕང་མཐོ་ཞིང་གོམ་སྟབས་ཆེན་པོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད་ཅེས་བསྟན་པ་མ་ཟད། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས་སྔར་ལས་ལྷག་པའི་བྱ་གཞག་དོན་གཉེར་བཅས་ཀྱི་སྤྱོད་ཚུལ་ཐོག་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
བརྗོད་དོན་སློབ་གསོའི་ཏང་གི་ཉིན་མོའི་བྱེད་སྒོ་འདི་ནི། ཁ་སང་ལ་ཕྱིར་དྲན་དང་། དེ་རིང་འཛུགས་སྐྲུན། འབྱུང་འགྱུར་ལ་རྒྱང་ལྟ་བཅས་བྱེད་པའིVCRབརྙན་རིས་སྟོན་པའི་རྣམ་པ་དང་།《མཛེས་སྡུག་གི་རྨ་ལྷོ། མདུན་སྐྱོད་ཀྱི་རྨ་ལྷོ》ཞེས་པའི་སྐད་གསེང་མཐོན་པོའི་སྙན་ངག་གྱེར་འདོན་ཁྲོད་དགོང་ཚོགས་འཁྲབ་ཡོལ་དངོས་སུ་ཕྱེས་ཤིང་། མི་བརྒྱ་ཐམ་པས་གྲུབ་པའི《ཐོག་མའི་བསམ་འདུན་མི་བརྗེད》ཅེས་པའི་མཉམ་ལེན་གླུ་དབྱངས་སོགས་ཀྱིས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་ཡར་རྒྱས་བརྩོན་ལེན་དང་གསར་གཏོད་ཡར་བརྩོན་གྱི་བསམ་བློ་གང་ལེགས་མངོན་ཡོད་ལ། རོལ་དབྱངས་ལ་སྦྱར་བའི་ཟློས་གར་འཁྲབ་སྟོན《རེ་བ་དང་འགན་འཁྲི》ཞེས་པ་དེ་ཡིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་འབྲོག་ལས་ཀྱི་དཔེ་མཚོན་ཡུལ་ཚོ་དང་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང་སྟེ་སྦྲ་དཀར་ཡུལ་ཚོའི་དབུལ་ཐར་འགག་སྒྲོལ་གྱི་གཏམ་རྒྱུད་དངོས་ལ་སྦྱར་ནས་དུས་རབས་གསར་པའི་རྨ་ལྷོ་བའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བརྩོན་སེམས་ཆེ་བའི་སྙིང་སྟོབས་ཀྱི་དོན་གཉེར་དང་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པ་མངོན་ཡོད། ཞབས་བྲོ་ཆེ་གྲས《ཀྲུང་ཧྭར་བསྟོད་པ》ཞེས་པས་མི་རིགས56གྱིས་ཕན་ཚུན་བར་འབྲེལ་བ་དམ་དུ་བཟུང་ནས་ཀྲུང་ཧྭ་མི་རིགས་ཀྱི“མཛའ་མཐུན་གྱི་ཨ་ལོང”དཀྱུས་གཅིག་ཏུ་སྒྲིལ་བ་མཚོན་ཞིང་། བྲོ་གར《དུས་རབས་གསར་པ》ཞེས་པ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་འོག རྨ་ལྷོ་མི་རིགས་ཁག་གི་བུ་ཕྲུག་གིས་དུས་རབས་གསར་པའི་མཛེས་སྡུག་གི་རེ་སྨོན་དང་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ཟབ་མོ་གསོན་ཉམས་ལྡན་པའི་ངང་མངོན་པ་དང་། ཏང་གི་འགོ་ཁྲིད་འོག་མཛེས་སྡུག་ལྡན་པའི་རྨ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་ཕྱིན་ཡོད། གར་སྟེགས་ཟློས་གར《དད་མོས་ཀྱི་སྟོབས་ཤུགས》ཞེས་པའི་ནང་ལོ་92ལ་སླེབས་པའི་དམར་དམག་རྒན་པ་དང་རྨ་ལྷོ་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་བློ་མཐུན་ཡེ་ཀྲི་པའོ་མ་དཔེར་བྱས་ཏེ་སྒྱུ་རྩལ་དང་དོན་དངོས་ཟུང་འབྲེལ་གྱིས་ཕྱིར་དྲན་གྱི་བྱ་ཐབས་སྤྱད་དེ། དུས་ཚོད་ཀྱིས་དད་སེམས་སྦྱོང་བརྡར་དང་ལོ་ཟླས་དཔང་པོ་བྱེད་པའི་མི་སེམས་འགུལ་བའི་རྣམ་པ་གང་ལེགས་མངོན་དུ་བཅུག་ཡོད།
དེ་མིན་བྱེད་སྒོ་སྤེལ་ཡུལ་དུ་ལོ88ལ་སླེབས་པའི་དམར་དམག་རྒན་གྲས་དང་ཏང་ཡོན་རྒན་གྲས་ཀྲང་པའོ་དབྱི་ཡི་སྣེ་ཁྲིད་འོག་ཏང་ཡོན་ཡོངས་ཀྱིས“ང་རང་རང་འགུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་ཏང་གི་རྩ་འཛུགས་ལ་བརྩི་བཀུར་ཞུ་བ། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་བ”ཡིན་ཞེས་པའི་ཏང་གི་དམ་བཅའ་སྒྲོག་འདོན་བྱས། དེ་རྗེས་ཚོགས་རའི་ཕྱི་རོལ་དུ《ང་དང་ངའི་མེས་རྒྱལ》ཞེས་པའི་གཞས་བཏང་ཞིང་། སྟེགས་བུའི་ཐོག་ཏང་གི་དར་ཆའི་ཁྲིད་སྟོན་འོག་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་ཚོགས་ར་ཧྲིལ་པོ་དམར་མདངས་བཀྲ་བའི་རྒྱ་ཡིག་གི་ “ཀྲུང”དང་གསེར་མདོག་ཅན་གྱི་རྒྱ་ཡིག“གོ”ཞེས་པའི་ཡིག་འབྲུ་གཉིས་གྲུབ་ཏུ་བཅུག་ནས“མེས་རྒྱལ”ངའི་སེམས་ནང་དུ་ཡོད་པ་ཤུགས་སུ་བསྟན་ཡོད། དེ་དག་ཚང་མའི་ཐོག་ནས་རྨ་ལྷོ་མི་རིགས་ཁག་གི་བུ་ཕྲུག་དག་གིས་མེས་རྒྱལ་ལ་དགའ་ཞེན་དང་སྨོན་འདུན་བཟང་པོ་བཅིངས་ཡོད་པ་མཚོན་ཡོད་པས་བརྗོད་དོན་སློབ་གསོའི་ཏང་གི་ཉིན་མོའི་བྱེད་སྒོའི་ཡུལ་དངོས་ཀྱི་རྣམ་པ་མཐོ་རླབས་སུ་འཕྱུར་ཡོད།
ད་དུང་བྱེད་སྒོ་སྤེལ་ཡུལ་དུ་ཁུལ་ཏང་ཨུས་ཁུལ་ཡོངས་ཀྱི“ཕུལ་བྱུང་གུང་ཁྲན་ཏང་ཡོན”10དང་། “ཡུལ་ཚོའི་ཧྲུའུ་ཅི”10། “ལས་བྱེད་བཟང་པོ”10བཅས་ལ་གཟེངས་བསྟོད་བྱ་དགའ་གནང་པ་དང་། ཁུལ་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲེན་ཁྲང་དང་ཁུལ་དཔོན་ཆའོ་ཞུའེ་ཀྲིས་ལས་བྱེད་པ་རྒན་གྲས9ལ་མེ་ཏོག་གི་ལེགས་སྐྱེས་ཕུལ་ནས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ལས་བྱེད་པ་རྒན་གྲས་ལ་བླ་ན་མེད་པའི་གུས་འདུད་ཞུས་ཤིང་། ཁུལ་ཏང་ཨུས《ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལ་སྤྲིངས་པའི་གྲོས་འགོའི་ཡི་གེ》དང《ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཧྲུའུ་ཅིར་སྤྲིངས་པའི་ཡི་གེ》བཀྲམ་ནས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ལེགས་སྐྱེས་ཕུལ་དགོས་པའི་བླང་བྱ་བཏོན་པ་རེད།
ཀྲུང་གུང་རྨ་ལྷོ་ཁུལ་ཏང་ཨུས“ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་སྟེ་ཡང་བསྐྱར་ལམ་ལ་ཆས”ཞེས་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱེད་སྒོའི་ཚོགས་ར་གཙོ་བོ་དང་། ཡང་ན་གཞི་རིམ་གྱི་ཡན་ལག་ཚོགས་ར་དང་བྱ་བའི་ལས་གནས་ཐོག་གང་ཡིན་ནའང་འདྲ། ཡང་ན་འབྲོག་པའི་ཁྱིམ་ཡིན་ནའང་འདྲ། བླ་ན་མེད་པའི་བྱ་གཞག་དང་བླ་ན་མེད་པའི་ལས་འགན། བླ་ན་མེད་པའི་ཆོད་སེམས་ཀྱི་ཆེད་དུ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དམར་མདངས་བཀྲ་བའི་ཏང་གི་དར་ཆའི་འོག་མཉམ་དུ་གཟི་དཔལ་འབར་བའི་མེས་རྒྱལ་གྱི་གླུ་གཞས་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ། དུས་རབས་གསར་པ་དང་འཚོ་བ་གསར་པའི་མཛེས་སྡུག་ལྡན་པའི་མ་འོངས་པར་རྒྱང་ལྟ་བྱས་ཤིང་། རྨ་ལྷོའི་མི་རིགས་ཁག་གི་བུ་ཕྲུག་གིས་ཏང་དང་མེས་རྒྱལ་ལ་བློ་དཀར་གཞུང་དྲང་དང་། དགའ་ཞེན་ཚད་མེད་ཡོད་པ་བཅས་སྙིང་དབུས་ནས་མཚོན་པར་བྱས་ཡོད།
རྩོམ་སྒྲིག་པ། སྐར་མ་མཚོ།