ཡུན་རིང་བོའི་ལོ་རྒྱུས་ཀྱིས་ཀྲུང་ཧྭ་གསར་བའི་བླ་སྲོག་བསྐྲུན།---རླབས་ཆེ་བའི་ལོ་ངོ་བདུན་ཅུའི་རིང་གི་ཀྲུང་གོའི་ཡིད་རྟོན་གླེང་བ།
2019.09.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

ཀྲུང་གོ་གསར་བའི་ལོ་ངོ་བདུན་ཅུ་ནི་རྒྱལ་ཁབ་ལ་གནམ་ས་བླ་འོག་བརྗེ་བའི་རླབས་ཆེན་གྱི་མཆོངས་བསྐྱོད་ཅིག་ཡིན།

ཡར་ལངས་པ་དང་། ཕྱུག་པོར་གྱུར་བ་ནས་སྟོབས་ལྡན་དུ་གྱུར་བའི་རླབས་ཆེན་གྱི་མཆོངས་བསྐྱོད་ལ་བསུ་མ་བྱས་ཏེ། ཀྲུང་གོ་གསར་བ་མདུན་བསྐྱོད་ཀྱིས་མི་དམངས་དུང་ཕྱུར་མང་པོར་སྐུལ་འདེད་བཏང་སྟེ། ཡུན་རིང་བོའི་ལོ་རྒྱུས་ཀྱི་ཞུན་བརྡར་ལས་ཀྲུང་ཧྭ་གསར་བའི་བླ་སྲོག་བསྐྲུན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཡིད་རྟོན་མངོན་པར་བྱས་ཡོད།

ཀུན་གྱིས་དོ་སྣང་བྱེད་པའི་འགྱུར་ལྡོག་ཆེན་པོ་ལས་ཀྲུང་གོའི་ཡིད་རྟོན་ལ་རྨང་རྡོ་བརྟན་པོ་ཞིག་བསྐྲུན།

ཀོས་ཀྲིག་ཞིང་ཆེན་ཙུན་ཡུས་གྲོང་ཁྱེར་པའོ་ཀྲིག་ཁུལ་ཕེན་ཀྲིན་ཀི་ལའོ་རིགས་ཞང་མཐུན་སྒྲིལ་སྡེ་བ་ནི་ཆེན་པེ་ས་ཁུལ་དུ་མིང་དུ་གྲགས་པའི་སྐྱེ་ཁམས་གནས་སྐོར་སྡེ་བ་ཞིག་རེད།

ཧེན་པའོ་སྡེ་བའི་ལིན་པའོ་རི་བོའི་སྟེང་འགོས་ཏེ་ཕྱོགས་བཞིར་བལྟས་ན། ཆུ་རྐ་ཞིག་གསལ་ལ་མི་གསལ་ངང་མཐོང་ཐུབ། དཔེར་བཞག་ན་དེ་ནི་གཡུ་ཡི་སྐེ་རགས་ཤིག་གྱ་གྱུའི་ངང་རི་སྐེད་དུ་འཐེན་པ་དང་ཀུན་ནས་མཚུངས་ཤིང་། ལྷང་ལྷུང་ངང་བཞུར་བའི་གཙང་བོ་དེ་སྡེ་བའི་ཁྱིམ་ཚང་མང་པོ་བརྒལ་ནས་མདུན་ཕྱོགས་སུ་བཞུར་བཞིན་ཡོད།

ལོ་ངོ་སུམ་ཅུའི་སྔོན་ལ། གནས་འདིར་རྒྱུན་པར་ཆུ་དཀོན་པས། ཐག་ཉེ་རིང་ཀུན་ལ་གྲགས་པའི་སྡེ་བ་དབུལ་བོ་ཞིག་ཡིན། ཏང་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཧོང་ཏཱ་ཧྥ་ཡིས་ལོ་མང་པོར་དཀའ་སྤྱད་འབད་བརྩོན་བྱས་ནས་སྡེ་མི་རྣམས་སྐུལ་སློང་བྱས་ཏེ། གཡང་གཟར་གྱི་བྲག་ངོས་སུ་སྤྱི་ལེ་བཅུ་ལྷག་ཡོད་པའི་ཆུ་རྐ་ཞིག་བརྐོས་པ་བརྒྱུད། མི་རབས་ནས་མི་རབས་བར་དབུལ་བོ་ཡིན་པའི་ལོ་རྒྱུས་མཇུག་རྫོགས།

ད་ལྟ། ལྷང་ལྷུང་བཞུར་བའི་ཆུ་བོའི་ནང་དུ་ཉིན་མོར་ཉ་མོ་འཛིན་པ་དང་། མཚན་མོར་སྦལ་བའི་སྐད་སྒྲ་དང་འགྲོགས་ནས་གནམ་གྱི་སྐར་མར་རོལ་མྱོང་བྱེད་ཆོག་པའི་ས་ཞིང་དང་ལྡུམ་རའི་འཚོ་བ་དེ་ཡིས་གནས་སྐོར་དང་། ཟས་རིགས། ཕག་གསོ་བ། སྦྲང་མ་གསོ་བ་སོགས་ཀྱི་ཐོན་ལས་ཆེས་ཆེར་དར་དུ་བཅུག་པ་མ་ཟད། ད་དུང་ཕྱི་རོལ་དུ་ཞོར་ལས་ལ་སོང་བའི་མི་རྣམས་ཕྱིར་ཕ་ཡུལ་ཏུ་ལོག་ནས་ལས་སྐྲུན་བྱེད་པར་བཀུགས།

སྡེ་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་བ་དང་། རྒན་བཀུར་གཞོན་སྐྱེས་དང་། མཁས་པར་བརྩི་བཀུར་དང་བསམ་བློ་ཅན་ལ་གོང་བཀུར་བྱེད་པའི་སྲོལ་ཞིག་ཆགས་པ་དང་། རྒྱས་ཟ་རྒྱས་སྤྲོས་དང་། གང་སར་ཆུད་ཟོས་གཏོང་བ་སོགས་ཀྱི་གོམས་སྲོལ་ངན་པ་མེད་པར་གྱུར། ཡུལ་མི་ཕན་ཚུན་འཕྲད་དུས་ནང་སེམས་ཀྱི་སྤྲོ་སྣང་གནོན་ཐུབ་ཀྱིན་མེད།

མཐུན་སྒྲིལ་སྡེ་བའི་གནའ་དེང་ཞིབ་བསྡུར་ལས་ཀྲུང་གོའི་འགྱུར་ལྡོག་ཆེན་པོ་མཚོན་ཅི་ཐུབ་བྱས་ཡོད།

ལོ་ངོ་བདུན་ཅུའི་རིང་ལ་དཀའ་ངལ་ཁྱད་བསལ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལག་ལེན་ཁྲོད་དུ། ཀྲུང་གོའི་བགྲོད་ལམ་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ཀྲུང་གོའི་རིགས་པའི་གཞུང་ལུགས་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་དང་། ཀྲུང་གོའི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་། ཀྲུང་གོའི་ཡིད་རྟོན་མུ་མཐུད་དུ་ཇེ་མཐོར་བཏང་།

སེམས་ནང་དུ་དད་སེམས་ཡོད་ན། ། མདུན་བསྐྱོད་ལ་སྟོབས་ཤུགས་ཡོད། ། ཉེ་བའི་ལོ་འདིའི་རིང་ལ། གསར་འགོད་པ་སྟོང་གཅིག་དང་སུམ་བརྒྱ་ལྷག་ཅང་ཞི་ཡུས་ཏུའུ་དང་། ཧྥུའུ་ཅན་ཁྲང་ཏིན་སོགས་ས་ཁུལ་ནས་ལམ་ལ་ཆས་ཏེ། ༼རླབས་ཆེ་བའི་ལོ་ངོ་བདུན་ཅུ.འབད་འཐབ་ཀྱི་དུས་རབས་གསར་བ---གསར་འགོད་པ་ཡང་བསྐྱར་རྒྱང་བསྐྱོད་ཀྱི་ལམ་དུ་ཞུགས༽ཞེས་པ་བརྗོད་བྱ་ཡིན་པའི་བཅར་འདྲིའི་བྱ་འགུལ་ནང་ཞུགས།

ཁོ་ཚོ་སྤྱི་ལེ་ཁྲི་གཅིག་དང་སྟོང་དྲུག་གི་ལམ་ལ་བསྐྱོད་དེ། གནས་ཚུལ་ཁྲི་ལྷག་སྤེལ་བ་དང་། དྲ་ཐོག་ནས་ལྟ་ཀློག་བྱས་པའི་ཚད་དེ་དུང་ཕྱུར་ཉི་ཤུ་ཙམ་ལ་སླེབས།

“རྒྱང་བསྐྱོད་གསར་བའི་ལམ་དུ། མི་ཚང་མ་མི་སྣ་གཙོ་བོ་ཡིན་པ་དང་། ཚང་མས་འགན་འཁྲི་རེ་འཁུར་དགོས།” མིག་ལམ་དུ་མངོན་པའི་དུས་རབས་གྱི་འགྱུར་ལྡོག་དང་། ལང་ལོང་སྒོས་མདུན་བསྐྱོད་ཀྱི་དུས་རབས་ཀྱི་སྟོབས་ཤུགས་ཆེན་པོ་ཡིས་བྱ་འགུལ་དེར་ཞུགས་པའི་གསར་འགོད་པ་ཡོད་ཚད་ལ་སེམས་ཚོར་ཟབ་མོ་བྱུང་དུ་བཅུག་པ་སྟེ། མི་རེ་རེ་རང་ཉིད་ཀྱི་རྒྱང་བསྐྱོད་ལམ་དུ་ནན་ཏན་གྱིས་ཞུགས་ན། དུས་རབས་གསར་བའི་རྒྱང་བསྐྱོད་ལམ་གྱི་སྟོབས་ཤུགས་ཆེན་པོ་གཅིག་འདུས་བྱེད་ཐུབ།

ས་རྡུལ་བརྩེགས་ནས་རི་བོ་དང་། ཆུ་སྣ་འདུས་ནས་རྒྱ་མཚོ་གྲུབ་པའི་དཔེ་ལྟར། མི་རབས་དུ་མའི་རྔུལ་ཆུ་དང་ཟུངས་ཁྲག་གིས་གསར་བརྗེ་རྒན་རབས་པས་སྔོན་ཆད་འཚོལ་བསྙེགས་བྱས་པའི༼གཅེས་སུ་འོས་པའི་ཀྲུང་གོ༽ཀྲོང་ངེར་ལངས་ཐུབ་པ་བྱུང་བ་དང་། ག་ས་གང་དུ་གསོན་ཤུགས་ཀྱི་གསར་སྐྲུན་ལྡན་པ་དེ་མངོན་འགྱུར་བྱེད་ཐུབ་པ་བྱུང་།

ད་ལོ་ནས་བཟུང་། མེས་རྒྱལ་ལ་བསྟོད་གླུ་ལེན་པའི་བྱ་འགུལ་མང་པོ་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཐེངས་མང་པོར་སྤེལ་བ་དང་། ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་ལས་བྱེད་པ་དང་། མང་ཚོགས། སློབ་མ། དམག་མི་སོགས་ཀྱིས“ང་དང་ང་ཡི་མེས་རྒྱལ། སྐར་ཆ་ཙམ་ལའང་ཁ་འབྲལ་མི་ཕོད། ང་རང་ས་གང་དུ་བསྐྱོད་ཀྱང་། བསྟོད་གླུ་ཞིག་དབང་མེད་དུ་ངག་ལས་ཐལ་འགྲོ” ཞེས་མེས་རྒྱལ་ལ་དགའ་ཞེན་དང་སྨོན་འདུན་གྱི་བསྟོད་གླུ་ཕུལ།

རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་ལྔ་བརྒྱ་ཡོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་བརྡལ་ནས་ཀྲུང་གོ་དང་། ཨུ་རུ་སི། ཁྲའོ་ཞན་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་སྲུང་བའི་ཅི་ལིན་ཧྥང་ཁྲོན་སོ་ལྟ་ཁང་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་ཨེད་རི་ཁི་པེ་ཞི་སྡེ་བ་ནས་ཀོང་ཞི་ནན་ཉིན་ཡོང་ཅང་མཚོ་འགྲམ་བར་དུ། སེམས་ཀྱི་གཏིང་ནས་བསྟོད་གླུ་ཕུལ་བ་དང་། མི་རྣམས་ཀྱིས་རྒྱལ་ཁབ་ཅིག་བློ་སྤོབས་ཆེན་པོས་མདུན་བསྐྱོད་བྱེད་བཞིན་པའི་གོམ་སྒྲ་དང་། ཡིད་ཆེས་ཀྱིས་གཏམས་པའི་སྟོབས་ཤུགས་ཤིག་ཚོར་བྱུང་།

གསེར་མདོག་གི་སྟོན་གྱི་དུས་ཚིགས་འདིར། གནའ་བོའི་ཕོ་བྲང་དུ་གནས་སྐོར་བ་མང་པོས་ཁེངས་འདུག

ལོ་ངོ་དྲུག་བརྒྱ་ཙམ་གྱི་རིང་གི་རྒྱལ་བོའི་ཕོ་བྲང་དེ་ད་ལྟ་གསར་དར་གྱི་རྣམ་པས་ཁེངས་པའི༼ཀྲུང་གོའི་མཚོན་རྟགས༽ཤིག་ཏུ་གྱུར་འདུག

དེ་ནི་ཀྲུང་གོའི་གསར་གཏོད་ཀྱི་བློ་བཀོད་་གཅིག་འདུས་བྱེད་ས་སྟེ། རིག་གནས་གསར་སྐྲུན་འདུ་ཤེས་ཀྱི་ཐོན་རྫས་ཁྲི་གཅིག་ལྷག་ལོ་རེར་ཕྱིར་འཚོང་བྱས་པའི་ཚད་དེ་སྒོར་མོ་དུང་ཕྱུར་བཅོ་ལྔ་ཙམ་ལ་སླེབས་པ་དང་། དེ་ཡིས་ཀྲུང་ཧྭ་མི་རིགས་ཉིན་རེ་ནས་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་གསོན་ཤུགས་མཚོན་ཡོད།

ལོ་རྒྱུས་ཀྱི་ཁྲོད་ནས་འོང་པའི་ཀྲུང་ཧྭ་མི་རིགས་དེ་འཛམ་གླིང་མི་རིགས་ཀྱི་ཁྲོད་ཀྲོང་ངེར་ལངས་ཐུབ་པ་བྱུང་བས། སྔར་ལས་ཡིད་རྟོན་དང་། བློ་སྤོབས་ཀྱིས་ཁེངས། དུས་རབས་གསར་བར་གདོད་གཏད་དེ། མི་དམངས་དུང་ཕྱུར་མང་པོ་ཀྲུང་གོ་གསར་བའི་མདུན་བསྐྱོད་ཁྲོད་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་བརྒྱུད་པས། མ་འོངས་པར་ཕུགས་འདུན་མངོན་འགྱུར་ཡོང་བའི་བསམ་བློ་སྔར་ལས་ཇེ་བརྟན་དུ་གྱུར།

ཡུན་རིང་གི་ལོ་རྒྱུས་ཀྱིས་མི་རིགས་ཀྱི་སྙིང་སྟོབས་གསར་བ་ཁ་གསབ་བྱས་པ་དང་། མི་དམངས་དུང་ཕྱུར་མང་པོས་བརྩོན་པ་མི་ལྷོད་པའི་འབོད་སྐུལ་གནང་།

ཁེ་གྲགས་དོན་དུ་མི་གཉེར་བར། ། ཐོག་མའི་སེམས་འདུན་བརྟན་ཞིང་བརླིང་། ། དཔའ་བོར་འགྱོད་སེམས་མེད། ། གནམ་སར་བརྩེ་བ་ཡོད། ། ཉེ་ལམ། དཔའ་བོ་རྒན་པ་ཀྲང་ཧྥུའུ་ཆིན་དང་འབྲེལ་བའི་གླུ་དབྱངས་ཞིག་དྲ་ཐོག་ནས་གང་སར་ཁྱབ་པ་དང་། དྲ་དམངས་དུང་ཕྱུར་མང་པོས་གླུ་དབྱངས་དེ་སློབ་བཞིན་ཡོད།

ལོ་དགུ་བཅུ་གོ་ལྔར་སླེབས་པའི་རྒན་པོ་ཁོ་ནི་ཀྲུང་གོ་གསར་བ་འཛུགས་ཆེད་ཐེངས་མང་པོར་ཚེ་སྲོག་གི་ཉེན་ཁ་ལས་ཐར་བ་དང་། ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ། ཁེ་གྲགས་དོན་དུ་མི་གཉེར་བར མི་ཚེ་ཕྱེད་ཀ་མི་དམངས་ཀྱི་ཆེད་དུ་ཕུལ།

ཅི་ཞིག་ལ་དཔའ་བོ་ཟེར། ཀྲང་ཧྥུའུ་ཆིན་གྱིས་རང་གི་ཚེ་སྲོག་ལ་བརྟེན་ནས་ལན་བཏབ་ཡོད།

མདུན་ལམ་ཡོད་པའི་རྒྱལ་ཁབ་ཅིག་ལ་གདུང་འདེགས་ཀ་བ་མེད་མི་རུང་ལ། རེ་བ་ཡོད་པའི་མི་རིགས་ཤིག་ལ་དཔའ་རྒོད་མེད་མི་རུང་། ལོ་རྒྱུས་དེབ་ཐེར་གྱི་ཁ་ཕྱེས་ཚེ། ཐུན་མོང་མ་ཡིན་པའི་གསར་བརྗེའི་འཐབ་རྩོད་ལོ་ཟླའི་ནང་འོད་སྟོང་འཕྲོ་བའི་མིང་མང་པོ་ཞིག་བཀོད་ཡོད་པ་སྟེ། ཡང་ཁའེ་ཧོས་དང་། ཧྥང་ཀྲི་མིན། ཀྲའོ་དབྱི་མན། ཐུང་ལིན་ཀི ཀྲའོ་ཏིན་ཡུས། ཀྲང་ཙི་ཀྲུང་། ཡང་ཅིན་ཡུས། ཀྲའོ་ཧྲང་ཀྲི ཙོ་ཆོན་སོགས་ཀྲུང་ཧྭའི་ཕུལ་བྱུང་བུ་དང་བུ་མོ་འདི་དག་ཡོད་པས། ཟུངས་ཁྲག་དང་ཚེ་སྲོག་གིས་ཀྲུང་གོ་གསར་བའི་ཉི་གཞོན་ཡར་ལ་བཏེགས།

གནམ་སའི་དཔའ་བོའི་གཟི་ཉམས་ཀྱིས། ། བསྐལ་བ་སྟོང་གི་ཟིལ་ཤུགས་མངོན། །

ཆིག་སྟོང་དགུ་བརྒྱ་རེ་བཞི་ལོའི་ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། སྤྲིན་དཀར་ཆེན་པོ་ཞིག་བྱེ་ཐང་ནས་ཡར་འཕྱུར་བ་དང་། སྔོན་ཆད་བཙན་འཛུལ་ཐེབས་མྱོང་བའི་ཀྲུང་གོས་རང་སྲུང་གི་ཕུབ་ཅིག་བརྡུང་། ལོ་གཉིས་དང་ཟླ་བརྒྱད་ཀྱི་རྗེས་སུ། སྤྲིན་དཀར་དེ་ལས་ཆེན་པོ་ཞིག་མཁའ་དབྱིངས་ནས་ཡར་འཕགས།

དེ་ནས་བཟུང་ཀྲུང་གོ་གསར་བས་འཛམ་གླིང་སྟོབས་ཤུགས་ཀྱི་དཔེ་རིས་སྟེང་གཞི་ས་ཞིག་བཟུང་། ཆིག་སྟོང་དགུ་བརྒྱ་དོན་གཅིག་ལོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གོ་གནས་སླར་གསོ་བྱུང།

ངོ་མཚར་བའི་ལས་དོན་ཡོད་ཚད་དེ་འདྲའི་སྒྲུབ་སླ་བ་ཞིག་མིན་པར་རླབས་ཆེན་གྱི་རྒྱལ་ཁ་དེ་དག་གི་རྒྱབ་ཏུ། མི་སྐོར་ཞིག་གིས་རང་གི་ཡོད་ཚད་བློས་བཏང་བ་དང་ཡོད་ཚད་ཕུལ་ཡོད།

ཚོད་ལྟ་ཞིག་ཕམ་རྗེས། རྒྱུ་རྐྱེན་ངོ་མ་ཞིག་བཙལ་ནས་རྙེད་ཆེད། ཏིན་ཅཱ་ཞེན་གཅིག་པུ་མི་མེད་ས་ཞིག་ཏུ་སོང་ནས་གློག་འོད་འཕྲོ་ཐིག་གི་དངོས་པོ་ཞིག་ལག་ཏུ་ཐོགས་ནས་ཕྱིར་ཐོན།

སྐྲན་ནད་གྱིས་ཁོའི་ལུས་ཕུང་གཙེས་ཡང་། རྒྱལ་གཅེས་ཀྱི་སེམས་པ་དེ་ཀྲུང་གོ་མིའི་སེམས་གཏིང་དུ་བརྐོས།

ཁྲག་རྒྱུན་ཁྲོད་འདྲེས་པའི་ཕ་ཡུལ་གྱི་བརྩེ་བ་དང་། གཞན་གྱི་རྗེས་སུ་ལུས་མི་འདོད་པའི་འབད་བརྩོན་གྱིས་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་བཏང་ཡོད།

གསེར་མདོག་གི་སྟོན་གྱི་དུས་ཚིགས་འདིར། སེད་ཧན་པཱ་ནགས་རའི་ནམ་མཁའ་སྔོ་ཞིང་སྤྲིན་དཀར་ལང་ལོང་རྒྱུ་བ་དང་། ནགས་ཚལ་གྱི་ཁ་དོག་ནི་ཚོན་གྱི་བྱུགས་པ་དང་ཀུན་ནས་མཚུངས།

སུས་ཀྱང་སེམས་ལའང་དྲན་མ་མྱོང་བ་ཞིག་ནི་དུས་རབས་ཕྱེད་ཀ་ལྷག་གི་སྔོན་ལ། གནས་འདི་ནི་ཐང་སྟོང་གྲང་ངར་ཆེ་ས་ཞིག་ཡིན་པ་དང་། མི་རབས་གསུམ་གྱི་ནགས་རའི་མི་ཡིས་རང་བྱུང་ཁོར་ཡུག་རྩུབ་པའི་ཁྲོད། སྡོང་འཛུགས་ནགས་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་སྟེང་རྒྱ་ཁྱོན་ཆེས་ཆེ་བའི་མུའུ་ས་ཡ་གཅིག་ཅན་གྱི་མིས་བཟོས་ནགས་ཚལ་ཞིག་བསྐྲུན།

“སེད་ཧན་པཱ་ཡི་སྡོང་བོར་དམིགས་བསལ་གྱི་མཚོན་བྱེད་དོན་སྙིང་ལྡན་ལ། དེ་ནི་ང་ཚོ་ཀྲུང་གོ་བའི་རང་སྟོབས་རང་སྤེལ་དང་། མཐུན་སྒྲིལ་འབད་བརྩོན་གྱི་མཚོན་བྱེད་ཅིག་ཡིན”ཞེས་ལག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“སའི་གོ་ལའི་སྐུ་སྲུང་བའི་བྱ་དགའ”ཐོགས་པའི་སེད་ཧན་པཱ་འཕྲུལ་ཆས་ནགས་རའི་འགོ་གཙོ་ལིག་ཧའེ་ཡུན་གྱིས་དེ་ལྟར་བཤད།

གྲུ་གཟིངས་དམར་པོའི་སྙིང་སྟོབས་དང་། རྒྱང་བསྐྱོད་སྙིང་སྟོབས། ཡན་ཨན་སྙིང་སྟོབས། ཞི་པའོ་ཕའོ་སྙིང་སྟོབས་ནས་ལའེ་ཧྥུན་སྙིང་སྟོབས་དང་། ལྕགས་ཀྱི་མིའི་སྙིང་སྟོབས། “འབར་རྫས་གཉིས་དང་མིས་བཟོས་འཁོར་སྐར་གཅིག”གི་སྙིང་སྟོབས། དེ་ནས་མི་སྡོད་མཁའ་འགྲུལ་སྙིང་སྟོབས། གནོད་འགོག་རྒུད་སྐྱོབ་སྙིང་སྟོབས། སེད་ཧན་པཱ་སྙིང་སྟོབས་སོགས་རྒྱུན་ཆད་མེད་པར་བྱུང་བཞིན་ཡོད་པ་དང་། འདི་དག་ནི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན་པས། ཀྲུང་གོའི་ཁ་སང་དང་། དེ་རིང་། མ་འོངས་པར་རྒྱུན་མཐུད་བཞིན་ཡོད།

མཁའ་མཐར་ལམ་བུ་འཐེན་པའི་དཔའ་སྤོབས་ཀྱིས་མདོ་དབུས་ལྕགས་ལམ་འཛམ་གླིང་ཡང་རྩེ་རུ་འཕྲེད་དུ་གཅོད་ཐུབ་པ་བྱུང་། ཟླ་བའི་ཕོ་བྲང་ལ་འཚོལ་རྟོགས་བྱེད་པའི་བརྩེ་བ་ཡིས་ཟླ་བའི་ལྷ་མོ་བཞི་བ་རྟགས་ཅན་གྱིས་མིའི་རིགས་ཀྱི་འཚོལ་ཞིབ་ཚད་འཇལ་ཐོག་མ་ཟླ་བའི་གོ་ལའི་སྟེང་འབབ་ཐུབ་པ་མངོན་འགྱུར་བྱུང་། གནམ་གྱི་མཐོངས་པ་དགུ་བརྩེགས་ལ་ལྟ་འདོད་པའི་ཕུགས་འདུན་གྱིས་ཁ་ཞེང་ལ་མུས་ལྔ་བརྒྱ་ཡོད་པའི་ཟླུམ་རིལ་འོད་འཕྲོ་རྒྱང་ཤེལ་གྱིས་འཇིལ་རྟེན་ལ་ལྟ་བྱེད་ཀྱི“ཁྱད་དུ་འཕགས་པའི་མིག”ཅིག་བསྐྲུན།

ལོ་ངོ་བདུན་ཅུའི་ལོ་ཟླའི་རྒྱུན་ལས། དུས་རབས་གསར་བར་བསྐྱོད་པའི་ཀྲུང་གོར་གྲུབ་འབྲས་གཡུར་དུ་ཟ་བ་བསགས་ཡོད་པ་དང་། བློ་སྤོབས་ཀྱིས་བརྟས་པའི་རང་སྟོབས་དང་ཡིད་ཆེས་མངོན་བཞིན་འདུག

རི་ཆུའི་བར་གསེང་གི་མུ་མཐའ་བྲལ་བའི་སྣུམ་ཞིང་ནས་དཀྱིལ་དབུས་ས་ཁུལ་གྱི་སྙེ་མའི་ཡུར་རླབས་འཕྱོ་བའི་ཞིང་སའི་བར། གཅིག་འབྲེལ་གཅིག་བསྟུན་གྱི་རྒྱུད་གཅིག་ལམ་གཅིག་ནས་མ་འོངས་པ་གདོང་གིས་བསུ་བའི་རང་དབང་ཉོ་ཚོང་ས་ཁུལ་བར། རྒྱུན་ཆད་མེད་པར་གསར་བསྒྱུར་བྱེད་པའི་ཀྲུང་གོའི་འགྱུར་ལྡོག་ཆེན་མོའི་ལྟག་རྒྱབ་ཏུ། མི་རིགས་ཀྱི་སྙིང་སྟོབས་ལས་བྱུང་བའི་གྲུབ་འབྲས་ཕུན་སུམ་ཚོགས་པ་བསགས་བཞིན་འདུག

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ལ་ཉེ་བའི་སྐབས་སུ། མི་སྒེར་ཉིས་བརྒྱ་དང་དོན་བརྒྱད་དང་ཐུན་མོང་ཉེར་གཉིས་འདུས་པའི་ཆེས་མཛེས་པའི་འབད་འཐབ་མཁན་ཞེས་པའི་འདེམ་སྒུག་མི་སྣའི་གྲོས་འདོན་མིང་ཐོ་ཁྱབ་སྒྲོག་བྱས།

གླིང་ཕྲན་དུ་བསྡད་ནས་རྒྱལ་ཁབ་སྲུང་བའི་ཝང་ཅི་ཚེ་དང་། ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབ་པའི་ཧོང་ཏཱ་ཉན། དཔའ་བོར་འབོད་པའི་གནམ་གྲུའི་ཁ་ལོ་བ་ལིག་ཁྲོན་ཅན། གནམ་འོག་གི་འབྲུ་མཛོད་གཏམས་པར་བྱེད་པའི་ཡོན་ལུང་ཕེན། ཞིང་སྡེའི་དཔེ་ཁྲིད་མི་སྐྱོང་ལ་རྐང་འཛུགས་པའི་ལིག་ཧྥང་། དམར་དམག་རིག་རྩལ་གྱི་སྐྱ་དམག་ཝུའུ་ལན་མུའུ་ཆི།

ཁོ་ཚོ་ནི་ལོ་ངོ་བདུན་ཅུའི་རིང་ས་ཁུལ་སོ་སོ་དང་ལས་རིགས་སོ་སོ་ནས་བྱུང་བའི་དཔའ་བོ་དཔེ་སྟོན་མི་སྣ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་རང་འགུལ་གྱི་ཉམས་ལེན་མཁན་རེད།

བདེ་སྐྱིད་ནི་འབད་འཐབ་ལས་བྱུང་ཞིང་། རྒྱལ་ཁ་གཏོང་ཕོད་ལས་བྱུང་། སྤྱིར་བཏང་གི་བྱ་གཞག་ལས་རླབས་ཆེན་བྱུང་བ་ཡིན། “ཆེས་མཛེས་པའི་འབད་འཐབ་མཁན”གྱི་གཏམ་རྒྱུད་ནི་ཀྲུང་གོ་གསར་བའི་ལོ་ངོ་བདུན་ཅུའི་རིང་གི་དཀའ་སྤྱད་ལས་སྐྲུན་གྱི་བརྒྱུད་རིམ་མཚོན་པའི་འབད་འཐབ་ཀྱི་ལོ་རྒྱུས་རིང་མོ་ཞིག་ཡིན།

ཀྲུང་གོར་འགྱུར་ལྡོག་གསར་བ་འབྱུང་བཞིན་ཡོད་པ་དང་། ཉིན་རེར་ཐོག་ཁང་མཐོན་པོའི་བར་གསེང་དུ་བྲེལ་འཚུབ་ཀྱིས་བགྲོད་པའི་མི་རྣམས་ལ་བསམ་བློའི་ཐད་ཀྱི་ཁོངས་གཏོགས་འདུ་ཤེས་དང་རིན་ཐང་ལྟ་བའི་ཐད་ཀྱི་ཁས་ལེན་ལྷག་ཏུ་མཁོ། ལོ་འགའི་སྔོན། གྱ་ལྔའི་རྗེས་ཀྱི་བུ་མོ་ཧྲི་ཡེ་ཁྲན་གྱིས་ཕྱི་འགྲིམ་སློབ་སྦྱོང་བྱས་ནས་ཕྱིར་རྒྱལ་ནང་དུ་ལོག་རྗེས་ཕྱི་འབྲེལ་ཁེ་ལས་ཀྱི་ཟླ་ཕོགས་མཐོ་བའི་བྱ་བ་བསྐྱུར་ནས། གཞི་རིམ་གྱི་ཏང་དང་མི་དམངས་ཀྱི་བྱ་བ་བྱེད་མཁན་ཞིག་གི་ལས་གནས་གདམ་གསེས་བྱས།

ད་ལྟ་ཧྲང་ཧེའི་ཅིན་ཨན་ས་ཁུལ་གྱི་ཚོང་དོན་གྱི་ས་གནས་བཟང་བོ་ཞིག་ཏུ། ཧྲི་ཡེ་ཁྲན་གྱིས་འགན་ཁུར་དོ་དམ་བྱེད་པའི་ཏང་འཛུགས་སྟེགས་བུ་སྟེ་ལས་བྱེད་པའི་མལ་ཚིགས་ལ་བློ་དཀར་བའི་དད་མོས་མཁན་ཁྲི་དྲུག་ལྷག་ཡོད། ཏང་གི་དར་ཆ་ཁྱེར་ནས་གནས་སྐོར་བྱེད་པའི་གསར་གཏོད་རང་བཞིན་གྱི་འགུལ་སྐྱོད་རྩ་འཛུགས་བྱས་པར་བརྟེན་ནས། ཁོ་མོས་རླབས་ཆེ་བའི་བྱ་གཞག་ལ་བསམ་བློའི་ཐད་ནས་ཁྲིད་སྟོན་དང་གཅིག་བསྡུས་བྱ་དགོས་པར་ཡིད་ཆེས་སྔར་ལས་ཆེན་པོ་ཡོད།

ཉམས་སྐྱོར་དབུལ་སེལ་དང་སྡོད་ཁུལ་གྱི་བདེ་སྲུང་སྐོར་བསྐྱོད། གད་སྙིགས་སེལ་ནས་ལྗང་མདོག་སྲུང་བ་སོགས་སྲོལ་རྒྱུན་གྱི་བྱ་འགུལ་ནས། བརྩེ་བ་ཆེན་པོས་བདག་མེད་གཉོར་བ་དང་སྡོད་ཁུལ་གྱི་གློག་བརྙན་ཁང་། རིག་ནུས་ལག་འཁྱེར་གྱི་གསོ་སྦྱོང་སོགས་ལས་གཞི་གསར་བ་ལས། རང་རྒྱལ་སྡོད་ཁུལ་གྱི་དང་བླངས་མཁན་གྱི་རྩ་འཛུགས་ཐོག་མའི་འབྱུང་ཡུལ་ཏེ། ཐེན་ཅིན་གྲོང་ཁྱེར་ཞི་བདེའི་ཁུལ་གསར་དར་སྲང་ལམ་ཁྲའོ་དབྱང་ལི་སྡོད་ཁུལ་དུ། ཁྱིམ་མཚེས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་ཕན་ཚུན་རོགས་རམ་བྱེད་པའི་གཏམ་རྒྱུད་ཉིན་རེར་རྒྱུན་ཆད་མེད་པར་འབྱུང་བཞིན་འདུག

1988ལོའི་ལོ་མགོར། ཁྲའོ་དབྱང་ལི་ཡི་དང་བླངས་མཁན་བཅུ་གསུམ་གྱིས་རང་འགུལ་སྒོས་འོས་འགན་ཞབས་ཞུའི་ཚན་ཆུང་བཙུགས་ཏེ། མེ་སྟག་ཆུང་ཆུང་བཞིན་སྡོད་ཁུལ་གྱི་དང་བླངས་ཞབས་ཞུ་དར་བར་བྱས། ལོ་ངོ་སོ་གཅིག་གི་རིང་ལ། དང་བླངས་མཁན་དག་གིས་བརྩེ་བ་དང་དགེ་སེམས་བརྒྱུད་སྤྲོད་བྱས་པ་དང་། ཕན་ཚུན་རོགས་འདེགས་ཀྱིས་སྟོབས་ཤུགས་གཅིག་ཏུ་དྲིལ་ནས། དང་བླངས་པའི་སྙིང་སྟོབས་གནས་དེ་ནས་ཉམས་པ་མེད་པར་དར་བར་བྱས།

བློ་བརྟན་འགྱུར་མེད་ལས་བྱུང་བའི་རིག་གནས་ཀྱི་ཡིད་རྟོན་ལས་མི་རིགས་བསྐྱར་དར་གྱི་སྙིང་སྟོབས་མཐོ་རུ་བཏེགས།

ཅཱ་ཡུས་ཀོན་ནི་ལོ་ངོ་དྲུག་བརྒྱ་ལྷག་གི་ཡར་སྔོན་དུ་ལས་པ་ཡིན་ཞིང་། གནམ་འོག་གི་འགག་སྒོ་དང་པོ་ཞེས་པའི་སྙན་པ་རྒྱས་ཡོད།

2019ལོའི་སྟོན་ཁར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅཱ་ཡུས་ཀོན་མཁར་དུ་རྟོག་ཞིབ་དུ་ཕེབས། ཁོང་གིས་ནན་གྱི་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་དུ། མི་རྣམས་ཀྱིས་ཀྲུང་གོ་གླེང་མ་ཐག་ཡིད་ལ་དྲན་ཡོང་བ་ནི་ལྕགས་རི་རིང་བོ་ཡིན་པ་དང་། ཀྲུང་ཧྭའི་དཔལ་ཡོན་གླེང་མ་ཐག་ཡིད་ལ་དྲན་པའང་ལྕགས་རི་རིང་བོ་ཡིན། ལྕགས་རི་རིང་བོ་དང་འབྲི་ཆུ། རྨ་ཆུ་སོགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མཚོན་བྱེད་གལ་ཆེན་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན།

ལོ་རྒྱུས་ལ་དོ་སྣང་བྱས་ན་ད་གཟོད་མ་འོངས་གསར་སྤེལ་བྱེད་ཐུབ་ལ། རིག་གནས་ཀྱི་རྔམ་མཐུག་ན་ད་གཟོད་རྒྱལ་ཁབ་ཀྱི་ཟུངས་རྒྱས་ཐུབ།

2018ལོར། རང་རྒྱལ་གྱི་སྤྱི་བའི་དཔེ་མཛོད་ཁང་གི་ཁ་གྲངས་དེ1949ལོའི55ནས3176ལ་ཇེ་མང་དུ་སོང་ཞིང་། རྟེན་མཛོད་ཁང་གི་ཁ་གྲངས་དེ21ནས4918ལ་ཇེ་མང་དུ་སོང་། མུ་འབྲེལ་བརྙན་འཕྲིན་ཟློས་གར་དང་དཔེ་དེབ་ཀྱི་ལོ་རེའི་ཐོན་ཚད་འཛམ་གླིང་ཡོངས་ཀྱི་ཨང་དང་པོ་ཡིན་ལ། གློག་བརྙན་གྱི་ཐོན་ཚད་འཛམ་གླིང་ཡོངས་ཀྱི་ཨང་གཉིས་པར་གནས། རྒྱལ་ཡོངས་ཀྱི་གློག་བརྙན་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར609.76ལ་བསླེབ་འདུག

རིག་གནས་ཀྱི་ལས་སྐལ་དེ་རྒྱལ་ཁབ་ཀྱི་ལས་སྐལ་དང་དམ་དུ་འབྲེལ་ཡོད་ལ། རིག་གནས་ཀྱི་ཁྲག་རྒྱུན་དེ་རྒྱལ་ཁབ་ཀྱི་སྲོག་རྒྱུན་དང་འབྲེལ་ནས་ཡོད།

དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་ནས་དྲུག་ཅུའི་ནང་། མི་རྣམས་ཀྱིས《ལས་སྐྲུན་ལོ་རྒྱུས》ལ་ལྟ་ཀློག་བྱེད་ཅིང་། 《ང་ཚོ་ལམ་ཆེན་དུ་བསྐྱོད་བཞིན་ཡོད》ཅེས་པའི་གླུ་དབྱངས་ལེན་བཞིན། བློ་གཅིག་སེམས་གཅིག་གིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཁྲོད་ཞུགས།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་། མི་རྣམས་ཀྱིས《རེ་བའི་ཞིང་སའི་སྟེང་》ཞེས་པའི་གླུ་དབྱངས་ལ་ཉན་བཞིན། 《ཕལ་བའི་འཇིག་རྟེན》ཞེས་པར་ལྟ་བཞིན། བརྩེ་བ་ཆེན་པོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་བཞུར་རྒྱུན་ཁྲོད་ཞུགས།

དུས་རབས་གསར་བའི་ནང་། མི་རྣམས་ཀྱིས《གཙང་ཆབ་ཆེན་མོ》ཞེས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་དང་《ཟླ་བའི་སྟེང་བསྐྱོད་པ》ཞེས་པའི་དངོས་བརྗོད་གློག་བརྙན། 《སའི་གོ་ལར་འཁྱམ་པ》ཞེས་པའི་གློག་བརྙན་ཁྲོད་ནས་རྒྱལ་ཁབ་ཆེན་མོའི་བློ་ཁོག་དང་གསར་གཏོད་ཡིད་ཀྱིས་མྱོང་བཞིན་འདུག

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འགོར་བའི་རིང་ལ། རིག་གནས་འཛུགས་སྐྲུན་དང་བཅོས་བསྒྱུར་གྱི་རླབས་ཆེན་སྟོབས་ཤུགས་བསྡུ་ལེན་བྱས་པས། མི་རིགས་ཀྱི་ལ་རྒྱ་དང་རང་སྟོབས། ཡིད་ཆེས་བཅས་རྔམ་བརྗིད་ཀྱིས་འཕྱོ་བཞིན་ཡོད།

2019ལོའི་ཟླ7ཚེས6ཉིན། ལིང་ཀྲུའུ་གནའ་མཁར་གྱི་གནས་ཤུལ་དེ་བདེ་བླག་ངང་འཛམ་གླིང་ཤུལ་བཞག་གི་མིང་ཐོའི་ནང་ཚུད། དེའི་བར་དུ་ཀྲུང་གོར་འཛམ་གླིང་ཤུལ་བཞག་ལྔ་བཅུ་ང་ལྔ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གཟུགས་འདས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་པ་བཞི་བཅུ་ཡོད་ལ། འཛམ་གླིང་ཡོངས་ཀྱི་མདུན་གྲལ་དུ་གནས་ཡོད།

རང་བྱུང་དང་རིག་གནས་ཀྱི་རྣམ་ཤེས་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་མོ་ཞིག་གི་རིག་གནས་ཀྱི་ཉིང་བཅུད་མངོན་ཡོད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་ང་ཚོ་འཛམ་གླིང་དུ་བསྐྱོད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུར་གྱུར་ནས་ཡོད།

ད་ལྟ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ70ལྷག་གིས་རྒྱ་ཡིག་སློབ་ཁྲིད་དེ་རྒྱལ་དམངས་སློབ་གསོའི་མ་ལག་ཁྲོད་བཞག་ཡོད་ཅིང་། ཕྱི་རྒྱལ་ནས་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་མི་དུང་ཕྱུར1.2ལས་བརྒལ་ཡོད། སྤྲོ་སྐྱིད་ཀྱི་ལུགས་རྙིང་ལོ་སར་སོགས་ཀྲུང་ཧྭའི་རིག་གནས་ཕྱིར་བསྒྲགས་པའི་འགུལ་སྐྱོད་ལས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱིས་འཆམ་མཐུན་འཛམ་གླིང་ལ་དམིགས་པའི་རིན་ཐང་འཚོལ་སྙེག་ལ་མྱོང་རོལ་བྱེད་དུ་བཅུག་ཡོད།

ད་ལྟ་འཛམ་གླིང་གི་དཔེ་ཆའི་འགྲེམ་སྟོན་ཆེན་མོ་ཨང་གཉིས་པ་སྟེ་པེ་ཅིང་རྒྱལ་སྤྱིའི་དཔེ་ཆའི་འགྲེམ་སྟོན་ཚོགས་འདུའི་ཡུལ་དངོས་སུ་སོང་ན། འཛམ་གླིང་གི་རིག་གནས་སྟེགས་བུའི་བྱ་དགའ་སྣ་ཚོགས་རེག་པའི་དཔེ་ཆ་སྐོར་ཞིག་དེང་རབས་ཀྲུང་གོའི་དར་རྒྱས་ཀྱི་རྣམ་པ་གསར་བའི་འགྲེལ་བརྗོད་དུ་གྱུར་ཡོད།

2019ལོའི་ཟླ5ཚེས15ཉིན། ཨེ་ཤ་ཡཱའི་རྒྱལ་ཁབ་ཞེ་བདུན་དང་གླིང་ཆེན་ལྔའི་ཕྱོགས་སོ་སོའི་སྐུ་མགྲོན་དག་དཔལ་ཡོན་ལྡན་པའི་གནའ་མཁར་པེ་ཅིང་དུ་འཛོམས་ཏེ། སྣ་མང་རིག་གནས་ཀྱི་མཛེས་པར་མཉམ་དུ་རོལ་བ་དང་། དཔལ་ཡོན་བརྗེ་རེས་ཀྱི་ལམ་བུ་མཉམ་འཚོལ་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཀྲུང་གོར་སྡོད་པའི་འཐུས་མིའི་ཁྲུའུ་ཡི་སྤྱི་ཚོགས་དང་མི་གཞུང་ཚན་རིག་ཁྲུའུ་ཡི་འགན་ཁུར་བ་ལོ་སོ.རི་ཝ་ལན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་རིག་གནས་དང་དཔལ་ཡོན་མི་འདྲ་བའི་བར་གྲོས་མོལ་བྱེད་པའི་བྱེད་ཐབས་སྣ་མང་བཏོན་པ་དང་། དེ་མིག་སྔའི་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད།

གཅིག་ཏུ་འདྲེས་ཀྱང་གཅིག་མཚུངས་མིན་པ་དང་། རེ་རེའི་མཛེས་པ་མཉམ་དུ་རོལ། སྒོ་འབྱེད་དང་བཟོད་སྒོམ་ཁྲོད་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད།

---འདི་ནི་དུས་རབས་གསར་བའི་ཀྲུང་གོའི་རིག་གནས་ཀྱི་ཡིད་རྟོན་ཡིན།

                                                                                                                     ལོ་ཙཱ། ཚེ་རིང་སྒྲོལ་མ།