དཀའ་ཚེགས་ཆེ་ཡང་སྡུག་ལ་མི་སྐྲག དབྱང་དབུགས་དཀོན་རུང་སྙིང་སྟོབས་མི་དཀོན།
ཟླ་དགུ་པའི་རྩྭ་ཐང་དུ་སྟོན་གྱི་རང་མདངས་མངོན་པར་རྫོགས་ཏེ་ག་ས་ཀུན་ཏུ་སེར་ལམ་ལམ་བྱེད་ལ། སྨུག་སྤྲིན་ལང་ལོང་འཕྱུར་ཏེ་རི་རབ་ཀྱི་རྩེ་མོ་མ་ལུས་རེས་གསལ་རེས་མོག་ཏུ་བསྒྱུར་ཅིང་། མཚམས་རེར་ཁ་ཆར་འདྲེས་མས་རྩྭ་ཐང་གི་ཕང་བ་རློན་ཤིག་ཤིག་ཏུ་བཏང་འགྲོ། གནམ་གཤིས་ཀྱི་འགྱུར་ལྡོག་རྒོད་པའི་དུས་ཚིགས་འདིའི་ནང་། གསར་འགོད་པ་ཆེད་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཕྱིན་ནས་རྨ་ཆུའི་གླིང་ཁུལ་དུ་ཡུལ་དེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལང་ཚོའི་བཀྲག་མདངས་སྟིམ་བཞིན་པའི་སྐྱེ་ཁམས་ཁོར་སྲུང་པ་དག་ལ་བཅར་འདྲི་ཞུས་པ་ཡིན།
རྨ་སྟོད་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་གི་མཚམས་སུ་ཆགས་ཤིང་། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཁུལ་ཏེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གླིང་ཁུལ་གསུམ་གྱི་ཡ་གྱལ་དུ་གཏོགས་པའི་རྨ་ཆུའི་གླིང་ཁུལ་དུ་རྫོང་དེའི་ཡུལ་གྲུ་ཕལ་མོ་ཆེ་ཚུད་ཡོད། རྨ་ཆུའི་གླིང་ཁུལ་དུ་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཚོ་སྐྱ་རེངས་སྔོ་རེངས་དང་། ཝ་གཞོང་མཚོ་སྟེ་ཡན་ལག་སྲུང་སྐྱོབ་ཁུལ་གཉིས་འདུས་ཤིང་། དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་སྟོང་དགུ་བརྒྱ་ཡོད།
རྨ་ཆུའི་གླིང་ཁུལ་དུ་འབྱོར་ཚེ། སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པའི་སྐྱེ་ཁམས་ཁོར་སྲུང་པ་ཞིག་ཡོད་དེ། ཁོའི་མིང་ལ་བསོད་བསོད་ཟེར། ད་ལོ་ཕོ་ལོ་སོ་གཅིག་ལ་བུད་པའི་བསོད་བསོད་ནི་རྨ་ཆུའི་མགོ་ཁུངས་ཀྱི་མཚལ་རྩེ་སྡེ་བར་སྐྱེས་པ་རེད། བསོད་བསོད་ཅེ་ན་མི་ཤེས་མཁན་ཞིག་མེད་པའི་རྒྱུ་མཚན་འདྲི་དུས། མ་གཞི2016ལོའི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་ལམ་ནས་བསོད་བསོད་ལ་མཚོ་སྐྱ་རེངས་སྔོ་རེངས་གི་སྐྱེ་ཁམས་གནས་ཚུལ་འདྲི་རྟོག་བྱས་པ་རེད། བསོད་བསོད་ཀྱིས་ཕྱིར་དྲན་བྱེད་དུས། ཁོ་ད་དུང་ཡིད་འགུལ་ཐེབས་བཞིན“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པའི་མངག་བཅོལ་གནང་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་ལ། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་པ་དང་། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་པས། ང་ཚོས་དཔྲལ་བའི་མིག་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། ཚེ་སྲོག་ལ་གཅེས་པ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ། མཚོ་སྔོན་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་རི་བོ་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་དྭངས་ཤིང་ཁོར་ཡུག་སྔར་ལས་མཛེས་པར་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོར་ཁ་དོག་གསར་པ་སྣོན་དགོས་ཞེས་གསུང་བཤད་གལ་ཆེན་གནང་ཡོད་པས། ང་ཚོས་ཁོང་གི་རེ་བ་སྟོང་ཟད་དུ་གཏན་ནས་མི་གཏོང”ཟེར།
ང་ཚོ་རྨ་ཆུའི་མགོ་ཁུངས་ཀྱི་ནོར་མགོའི་རྡོ་རིང་གཤམ་གྱི་སྤང་ངོས་སྙོམས་ས་ཞིག་ཏུ་བསྡད་ནས་བཅར་འདྲི་བྱེད་དུས། དེའི་ཉེ་འདབས་སུ་ཁོར་ཡུག་བདག་སྐྱོང་བྱེད་པའི་ཁོར་སྲུང་པ་མང་པོ་ཕྱོགས་དང་ཕྱོགས་ནས་ཡོང་སྟེ་གསར་འགོད་པའི་མཐའ་རུ་རུབ་བྱུང་། བསོད་བསོད་ཀྱིས་བཤད་པ་ལྟར་ན། 2012ལོ་ནས་བཟུང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མགོ་བརྩམས་ཤིང་། ཐོག་མར་མཚལ་རྩེ་སྡེ་བར་སྐྱེ་ཁམས་ཁོར་སྲུང་པ་ཉེར་བཞི་ལས་མེད་ཅིང་། 2016ལོར་ཁོར་སྲུང་པ་རེ་བཞི་རུ་སླེབས་ཡོད་ལ། ད་ལོར་ཁོར་སྲུང་པ་བརྒྱ་དང་བཅུ་དགུ་ལྷག་ལ་སླེབས་ཡོད་ཟེར། ཁོ་ཚོ་སྔ་སེ་ཆུ་ཚོད་བདུན་པ་ནས་སྒོར་འབུད་པ་དང་། ཉིན་གུང་ཆུ་ཚོད་བཅུ་གཉིས་ཙམ་ལ་དྲོས་ཇ་འཐུང་བ། དེ་ནས་ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་སྟེང་ནས་ཡང་བསྐྱར་ལམ་ལ་ཆས་དགོས། ཉིན་གཅིག་ལ་སྤྱི་ལེ་བཞི་བཅུ་ལྷག་གི་མཚམས་སུ་ཡར་འགྲོ་མར་འགྲོ་བྱས་ཏེ་སྲོག་ཆགས་ལ་གནོད་པ་བཟོ་མཁན་ཡོད་མེད་དང་། རྩྭ་ཐང་ལ་གཏོར་བརླག་གཏོང་མཁན་ཡོད་མེད། དེ་མིན་ལམ་འགྲམ་གྱི་གད་སྙིགས་འཐུ་བ་སོགས་ནི་ཁོ་ཚོའི་ལས་ཀ་གཙོ་བོ་རེད།
བསོད་བསོད་ཀྱིས“ལོ་འདི་དག་རིང་གི་བཅོས་སྐྱོང་བརྒྱུད། ད་ལྟ་ང་ཚོའི་བདག་སྐྱོང་བྱེད་སའི་ཁོངས་སུ་རྐྱང་ནི་ག་ས་གང་དུ་མཐོང་ཐུབ་པ་དང་། དྲེད་མོང་ཡང་རྒྱུན་པར་མཐོང་ཐུབ། ན་ནིང་ང་ཚོ་སྡེ་བའི་སྐྱེ་ཁམས་ཁོར་སྲུང་པ་ལྷ་ཡབ་རྩྭ་ཐང་དུ་སྐོར་སྐྱོད་བདག་སྐྱོང་དུ་འགྲོ་དུས་དྲེད་མོང་གིས་བཟུང་ནས་རྨས་པ་རེད། ད་དུང་ཁོར་སྲུང་པའི་རས་གུར་དྲེད་མོང་གིས་ཐེངས་འགར་གཤགས་མྱོང་། གནས་འདི་ཡི་སྲོག་ཆགས་རྣམས་མི་ལ་གཏན་ནས་མི་སྐྲག”ཅེས་བརྗོད་དུས། གསར་འགོད་པའི་མཐའ་རུ་རུབ་པའི་གསར་བུ་ཞིག་གིས“རྐྱང་། རྐྱང”ཟེར་བཞིན་མཛུབ་མོས་ཕ་རོལ་བསྟན་བྱུང་ལ། དེ་དུས་ང་ཚོ་དང་ཁད་ཐག་ཉེ་བའི་ཕ་གིའི་ཉག་ཁིས་སུ་རྐྱང་ཁྱུ་གཤར་ནས་འགྲོ་བཞིན་འདུག
སྐྱེ་ཁམས་ཁོར་སྲུང་པའི་ཉི་མ་རེ་རེ་ནི་བསྐྱར་ཟློས་འབའ་ཞིག་ཡིན་མོད། ཁོ་ཚོས་རང་ཉིད་ཀྱི་ཚོར་སྣང་གླེང་དུས“ང་ཚོ་ནི་ཡུལ་འདིར་སྐྱེས་ཤིང་ནར་སོན་པ་ཡིན་པས། ང་ཚོ་ཡུལ་འདིར་བརྩེ་བ་ཟབ་མོ་ཡོད། ལོ་འདི་དག་གི་རིང་ལ་རྩྭའི་སྐྱེས་ཚུལ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། རི་དྭགས་དང་གཅན་གཟན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེ་སྔའི་ཉ་བདའ་དེ་དག་ཀྱང་གར་སོང་ཆ་མེད་དུ་གྱུར་སོང་། འདི་ལས་ཕ་ཡུལ་གྱི་ཁོར་ཡུག་ཇེ་བཟང་དུ་སོང་བ་རྟོགས་ཐུབ་པས། ང་ཚོའི་སེམས་པ་ཧ་ཅང་དགའ”ཟེར།
རྨ་སྟོད་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་གཅིག་ལྷག་བཏང་ནས། རྫོང་མཁར་ནས་ནོར་མགོ་རྡོ་རིང་བར་གྱི་གཞུང་ལམ་འགྲམ་རྒྱུད་དུ་ཡོད་པའི་བྱེ་ཟེགས་བརྐོས་ཤུལ་མ་ལུས་རེ་རེ་བཞིན་བསུབས་ཏེ་སྙོམས་པོར་བཏང་བར་མ་ཟད། དེའི་མཐའ་འཁོར་དུ་རྩྭ་བཏབ་ནས་སྔོ་ཁེབས་སླར་གསོ་བྱས་ཤིང་། བསྡོམས་པས་བྱེ་ཟེགས་བརྐོས་ཤུལ་ས་དོང་བཞི་བརྒྱ་ལྔ་བཅུ་དང་ས་མུའུ་ཁྲི་གསུམ་དང་སྟོང་གཉིས་རེ་གསུམ་བསུབས་པ་དང་། རྩྭ་མུའུ་འབུམ་གཉིས་ལྷག་ལ་རྩྭ་བཏབ། དེ་མིན་གྲམ་གཞུང་ལྔ་བཅོས་སྐྱོང་བྱས་པ་དང་གསལ་འདེབས་རྡོ་རིང་གཉིས་བསླངས། ལོ་ངོ་གསུམ་གྱི་རིང་དུ། རྒྱལ་ཁབ་དང་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་བཅོས་སྐྱོང་བྱས་པ་བརྒྱུད་རྩྭའི་སྐྱེས་ཚུལ་ལེགས་ཤིང་། རྩྭ་ཐང་གི་ས་དོང་མ་ལུས་བསྙམས་ནས་བདེ་ཐང་དུ་བསྒྱུར་པས། མཚེའུ་སྐར་ཚོགས་བཞིན་རྣམ་པར་བཀྲ་བ་དང་། རྩྭ་ཐང་གོས་ལྗང་བཞིན་སྣུམ་ཤིག་ཤིག་གི་མཛེས་ལྗོངས་སུ་གྱུར།
རྨ་སྟོད་རྫོང་དུ་ཞང་དང་གྲོང་རྡལ་གསུམ་དུ་ཁོར་སྲུང་ས་ཚིགས་གསུམ་བཙུགས་ཤིང་། དེའི་ནང་དུ་སྡེ་བ་རིམ་པའི་ཁོར་སྲུང་རུ་ཁག་བཅུ་དགུ་དང་ཡན་ལག་ཁོར་སྲུང་རུ་ཁག་བརྒྱ་དང་ཉེར་གསུམ་ཡོད་པས། ཁྱོན་ཡོངས་ནས་གླིང་ཁུལ་དུ་ཁྱིམ་རེར་ཁོར་སྲུང་པ་གཅིག་རེ་ཡོད་པ་མངོན་འགྱུར་བྱུང་སྟེ། སྐྱེ་ཁམས་ཁོར་སྲུང་པ་སུམ་སྟོང་ཞེ་གཉིས་ཀྱིས་དཔང་ཡིག་བཏགས་ནས་ལས་རྐང་དུ་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད་ལ། སྔོན་གྱི་རྩྭ་ཐང་བེད་སྤྱོད་གཏོང་མཁན་ནས་ད་ལྟའི་རྩྭ་ཐང་བདག་སྐྱོང་པར་གྱུར་ཅིང་། རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་པ་རྣལ་མར་གྱུར་ཡོད།
གཙང་གསུམ་མགོ་ཁུངས་ཀྱི་རྨ་ཆུའི་གླིང་ཁུལ་དུ་བསོད་བསོད་དང་། བཀྲ་བྷོ། ཚེ་དགའ། བསོད་ནམས། སྒྲོལ་མ། ཉི་མ། ཚེ་རིང་སོགས་སྐྱེ་ཁམས་ཁོར་སྲུང་པ་སུམ་སྟོང་ཞེ་གཉིས་ཀྱིས་ཉིན་རེ་རེ་བཞིན་རང་འཁྲིར་བབས་པའི་ལས་འགན་ཕྲག་ཏུ་བླངས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་རང་ཤུགས་འབུལ་བཞིན་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ་མི་ཡུལ་གྱི་མཐའ་མཇུག་གི་དག་ཞིང་འདི་སྔར་ལས་མཛེས་སྡུག་ལྡན་པར་ཡོང་ཆེད་ལང་ཚོ་དང་ཚེ་སྲོག་བསྟིམས་དང་སྟིམ་བཞིན་ཡོད་དོ།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།