བདེ་སྐྱིད་ཀྱི་དུས་སྐབས་ནི་ཡུན་རིང་གི་དྲན་ཤིང་ཡིན།
2019.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བརྒྱད་པའི་ཚེས་དགུ་ཉིན། ང་ཚོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་མྱོང་བའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བར་བསྐྱོད་པ་ཡིན།

སྡེ་བ་དེ་རུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་སོ་ཕག་དམར་པོའི་ཁང་པ་གྲལ་དུ་བསྒྲིགས་འདུག“གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་བཀའ་ལ་ཉན། ཏང་གི་རྗེས་སུ་འབྲང”ཞེས་པའི་དྲིན་གཟོའི་སྦྱར་ཡིག་དེ་དག་གང་སར་མཐོང་རྒྱུ་འདུག་ལ། དེ་དག་གིས་སྡེ་བ་དེས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་བཅངས་པའི་སེམས་ཀྱི་བརྩེ་བ་མངོན་པར་མཚོན་ཞིང་།   ཁོ་ཚོ་མི་རེ་རེའི་གདོང་ན་བཞད་པའི་དགའ་སྤྲོའི་འཛུམ་མདངས་རེ་རེ་དང་མཛེས་སྡུག་ལྡན་པའི་གཏམ་རྒྱུད་རེ་རེ་ཡིས་ཏང་གི་མགོ་ཁྲིད་འོག་གི་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་ར་སྤྲོད་བྱས་ཡོད་པ་རེད། “ཁྱོད་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ཡུན་དུ་རྟག་ཅིང་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཞུ།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་མགོ་ཁུངས་སྡེ་བར་གཟིགས་ཞིབ་གནང་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན། འབྲི་ཆུའི་མགོ་ཁུངས་སྡེ་བའི་འབྲོག་པ་མང་ཚོགས་སྔར་བཞིན་བདེ་སྐྱིད་དང་དགའ་སྤྲོ་ཡི་ཁྲོད་དུ་འཚོ་བ་རོལ་བཞིན་ཡོད།

བདེ་སྐྱིད་སྒོར་ཁར་བསླེབས་བྱུང་།

ཟླ་བརྒྱད་པའི་འབྲི་ཆུའི་མགོ་ཁུངས་སྡེ་བའི་ག་ས་གང་དུ་འཕེལ་རྒྱས་དང་འཆམ་མཐུན་གྱི་རྣམ་པས་ཁེངས་དུག འབྲི་ཆུའི་མགོ་ཁུངས་སྡེ་བར་ཐོན་དུས་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ཆེན་ཞིག་སྡེ་འདབས་སུ་ཀྲོང་ངེར་ལངས་འདུག་ལ།  “མཉམ་དུ་དར་རྒྱས་འཕེལ་རྒྱས་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད། ”ཅེས་པའི་ཡི་གེ་ཆེན་པོ་དེ་དག་ནི་ཤིན་ཏུ་མངོན་གསལ་དོད་པོ་འདུག གཞུང་ལམ་གྱི་གཡས་གཡོན་གཉིས་སུ་མཛེས་སྡུག་ལྡན་པའི་སྤྱི་གླིང་ཆུང་ཆུང་ཞིག་དང་རིག་གནས་ཀྱི་བར་ཁྱམས་རིང་པོ་ཞིག་གསར་འཛུགས་བྱས་ཡོད་པས། ཐོག་དང་པོར་འབྲི་ཆུའི་མགོ་ཁུངས་སྡེ་བར་ཐོན་དུས་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་དེང་རབས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་མཛེས་སྡུག་ལྡན་པའི་ཞིང་སྡེ་གསར་བ་དེས་ང་ཚོར་སེམས་ཚོར་ཟབ་མོ་ཞིག་སྦྱིན་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་མགོ་ཁུངས་སྡེ་བར་གཟིགས་ཞིབ་གནང་སྐབས་སྡེ་མི་རྣམས་དང་མཉམ་དུ་བླངས་པའི་དྲན་རྟེན་གྱི་འདྲ་པར་མང་པོ་ཁང་པའི་བར་ཁྱམས་སུ་བཤམས་འདུག་པ་དང་།  ཁང་པའི་སྒོ་མགོ་རུ་ “བརྩེ་བ་ཟབ་མོའི་བཅོལ་གདམས་ཡིད་ལ་བརྟན་པོར་བཅངས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད།”ཅེས་པའི་ཡི་གེ་དམར་པོ་འགའ་གསལ་བོར་མཐོང་ཐུབ།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་སུ། མཚོ་ངོས་ལས་མཐོ་ཚད་ལ་རྨིད་སུམ་སྟོང་ཡོད་པའི་བོད་རིགས་སྡེ་བ་ཞིག་སྟེ། འབྲི་ཆུའི་མགོ་ཁུངས་སྡེ་བར་ཕེབས་ནས་སྐྱེ་ཁམས་གནས་སྤོར་དང་མི་རིགས་མཐུན་སྒྲིལ། གཞི་རིམ་གྱི་ཏང་འཛུགས་ལས་དོན་བཅས་ལ་གཟིགས་ཞིབ་གནང་བར་མ་ཟད། ཡུལ་མི་རྣམས་དང་མཉམ་དུ་མཛའ་བརྩེའི་གླེང་མོལ་གནང་བས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཧ་ཅང་ཆེན་པོ་ཐེབས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་རྒྱལ་ཁབ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་ཁག་ཁྱིམ་ཚང་གཅིག་གི་མི་ཡིན་པས་ཚང་མ་ཕན་ཚུན་དགའ་ཞིང་དུང་བ་དང་། མཉམ་དུ་མཐུན་སྒྲིལ་ཡར་ཐོན་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་ནན་མོར་གསུངས།  དྲོད་ཁོལ་ལྡན་པའི་བརྩེ་བ་དང་ཟོལ་མེད་ཀྱི་ཐུགས་ཁུར་དང་མངགས་བཅོལ་དེ་དག་ནི་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་རྣམས་ཀྱི་སེམས་ལ་དམ་པོར་བཅངས་ཡོད། འབྲི་ཆུའི་མགོ་ཁུངས་སྡེ་བ་ནི་གནས་སྤོར་སྡེ་བ་ཞིག་ཡིན་པ་དང་། ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཅིག་པར་འབྲོག་པ་མང་ཚོགས་ཁྱིམ་ཚང་བརྒྱ་དང་ཉེར་བདུན་གྱིས་རྒྱལ་ཁབ་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུའི་སྲིད་ཇུས་དང་ལེན་བྱས་ནས།  མཚོ་ངོས་ལས་མཐོ་ཚད་ལ་རྨིད་བཞི་སྟོང་བདུན་བརྒྱ་ཡོད་པའི་ན་གོར་མོ་གྲོང་ཁྱེར་དུ་གནས་སྤར། ད་ལྟའི་བར་དུ་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་ཞེ་ལྔའི་མི་གྲངས་ལྔ་བརྒྱ་རེ་བརྒྱད་གནས་དེ་ན་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རླངས་འཁོར་ལས་བྱོན་མ་ཐག་ཏུ་ངས་ཁོང་ལ་ཁ་བཏགས་ཕུལ་བ་དང་སྡེ་མི་རྣམས་ཀྱིས་གྲོ་སོ་ཕྱེ་མར་དང་ནས་ཆང་བཏེགས།”ཞེས་ལོ་གསུམ་གྱི་ཡར་སྔོན་གྱི་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུན་དགའ་རྣམ་རྒྱལ་གྱིས་དགའ་སྤྲོའི་སེམས་འགུལ་ཐེབས་པའི་སྒོ་ནས་དེ་ལྟར་བཤད།

“སྤྱི་ཁྱབ་ཧྲུའུ་ཅིས་ཡུན་རིང་བོར་ངའི་ལག་པར་འཇུས་ནས་ངས་སྡེ་བའི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་དང་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་དུས།  སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ནི་ཧ་ཅང་དྲོ་སྐྱིད་ལྡན་པ་ཞིག་རེད།”ཅེས་ཀུན་དགའ་རྣམ་རྒྱལ་གྱིས་མུ་མཐུད་དུ་བཤད་བྱུང་།  ལོ་གསུམ་གྱི་རིང་ལ་སྡེ་བར་འགྱུར་བ་ཧ་ཅང་ཆེན་པོ་བྱུང་ཡོད་པ་ནི། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་ཡིད་ལ་བརྟན་པོར་བཅངས་ནས་རང་གི་ལག་ཟུང་ལ་བརྟེན་ནས་ཕྱུག་པོར་ཆགས་པ་རེད། ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པར་སྡེ་བ་དེའི་མང་ཚོགས་རྣམས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་སོགས་ཕྱེས་པས་ཁྱིམ་ཚང་གི་ཡོང་སྒོའི་ཐད་འཕར་སྣོན་ཆེན་པོ་བྱུང་ཞིང་འཚོ་བའང་ཉིན་རེ་ནས་ཉིན་རེར་ཇེ་སྐྱིད་དུ་འགྲོ་བཞིན་ཡོད།

སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཀྲ་ཤིས་ཟླ་བས་བཤད་རྒྱུར། སྣ་མང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཏུ། འབྲི་ཆུའི་མགོ་ཁུངས་སྡེ་བས་སྔ་རྗེས་སུ་སྡེ་བའི་སློབ་ཆུང་བཙུགས་པར་མ་ཟད་ཨར་འདམ་གྱི་གཞུང་ལམ་ལས་པ་དང་། རང་འབབ་ཆུ་འཐེན་པ།  སྡེ་བར་རླངས་འཁོར་ས་ཚུགས་དང་རིག་གནས་ཐང་ཆེན་ལས་པ།   དེ་མིན་ཕྱོགས་བསྡུས་ཚོང་ར་འཛུགས་སྐྲུན་བྱས་པར་མ་ཟད།   གློག་དྲ་བསྒྱུར་བཀོད་དང་རང་བྱུང་སོལ་རླངས་ཁྱིམ་ཚང་རེ་རེར་འཐེན་པ།  གད་སྙིགས་འཕེན་ས་རྒྱ་བསྐྱེད་པ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་བྱས་ཏེ།  སྡེ་བའི་ནང་རྗེས་མཐུད་ཐོན་ལས་མེད་པ་ནས་ཡོད་པར་བྱས་པ་དང་ཡོད་པ་ནས་ཕན་འབྲས་འབུར་དུ་ཐོན་པར་བྱས་ཡོད་པས།  སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོར་སེམས་བདེ་རིལ་བུ་ཞིག་གནང་སོང་ཟེར།

“བདེ་སྐྱིད་ཀྱི་དུས་སྐབས་ནི་ཡུན་རིང་གི་དྲན་ཤིང་ཡིན།” གསར་དུ་མཛེས་སྤྲས་བྱས་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཚོམས་ཆེན་གྱང་ངོས་ཀྱི་ཡི་གེ་དམར་པོ་དེ་དག་གིས་སྡེ་མི་ཡོངས་ཀྱི་སེམས་གཏམ་མཚོན་ཡོད།

རེ་བའི་རྨི་ལམ་མངོན་འགྱུར་བྱུང་།

འབྲི་ཆུའི་མགོ་ཁུངས་སྡེ་བའི་སྒོ་རྟགས་གྱ་བདུན་པ་ནི་སྡེ་མི་སངས་ཀེ་ཚང་རེད།  ཁོ་ཚང་གི་སྡོད་ཁང་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད་གཙང་ཞིང་གྲལ་དག་ལ་ཁང་པའི་ནང་དུ་ཡང་གསལ་ཞིང་དཀར་ཆ་དོད་པ་ཞིག་རེད།  ལོ་གསུམ་གྱི་སྔོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སངས་ཀི་ཡི་ཁྱིམ་དུ་སྡོད་ཁང་དང་འཚོ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་བར་ཕེབས་ཏེ། སངས་ཀི་ཁྱིམ་མི་གང་བོ་དང་མཉམ་དུ་དུས་རྒྱུན་གྱི་འཚོ་བའི་སྐོར་ནས་གླེང་མོལ་མཛད། “ཁྱོད་ཚང་གི་བྱིས་པ་ལོ་རིམ་དུ་བ་རེད། ” སྤྱི་ཁྱབ་ཧྲུའུ་ཅི་ཡིས་བརྩེ་བའི་ཐུགས་ཁུར་དང་བཅས་ཏེ་ཐོག་མར་སངས་ཀིའི་ཚ་བོའི་སློབ་སྦྱོང་གི་གནས་ཚུལ་སྐོར་ནས་བཀའ་འདྲི་མཛད།    “ལོ་རིམ་ལྔ་བ་ཡིན། ”སྐབས་དེར་ལོ་བཅུ་གསུམ་ཅན་གྱི་ཚེ་རིང་པ་སངས་ཡར་ལངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ལ་གདོང་ལེན་རུ་མིའི་གུས་འདུད་ཞུ་བཞིན་དེ་ལྟར་ལན་བཏབ་པར་སྤྱི་ཁྱབ་ཧྲུའུ་ཅི་ཐུགས་དགྱེས་པའི་ངང་དབུ་ལྕོག་ལྡེམ་ལྡེམ་མཛད། ངས་ཀི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ལ། སྐྱེ་ཁམས་གནས་སྤོར་མ་བྱས་པའི་ཡར་སྔོན་དུ་ཁོ་ཚོ་གཙང་གསུམ་འབྱུང་ཁུངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བསྡད་ཡོད་པ་དང་། གནས་དེ་རུ་མཚོ་ངོས་ལས་མཐོ་ཚད་ལ་རྨིད་བཞི་སྟོང་བདུན་བརྒྱ་ལྷག་ཡོད་ཅིང་། མཚན་མོ་སྦྲ་ནག་གི་ནང་དུ་སྒྲོན་མེ་བཀར་ནས་ཉལ་དགོས་ཚུལ།  གནས་སྤར་བའི་རྗེས་སུ་རྒྱལ་ཁབ་ཀྱིས་ལས་པའི་ཁང་པ་གསར་བའི་ནང་དུ་འདུག་ཐུབ་པ་བྱུང་བ་དང་། ཉལ་ས་ཡང་མལ་ཁྲི་ཡིན་ལ་ཁྱིམ་ཆས་སྣ་ཚོགས་ཀྱང་ཁ་ཚང་ཡིན། ཏང་གི་སྲིད་ཇུས་ངོ་མ་ཡག་གི འཚོ་བ་ཇེ་སྐྱིད་དུ་ཡོང་ནས་རེ་བའི་རྨི་ལམ་སྔོན་ལ་མངོན་འགྱུར་བྱུང་ཡོད་པའི་གནས་ཚུལ་སྐོར་གླེང་དུས། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་དགྱེས་པའི་ངང་ནས“ཁྱོད་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ནི་ཤིན་ཏུ་རིང་བས་ཁྱོད་ཚོར་ནད་མེད་ཚེ་ཐག་རིང་ཡོང་བའི་སྨོན་འདུན་ཞུ”ཞེས་གསུངས།

རྩྭ་ཆུ་དེད་ནས་ཕྱུགས་འཚོ་སྐྱོང་བྱེད་པའི་འཚོ་བ་རོལ་སྟངས་མཇུག་བསྡུས་ཤིང་སྦྲ་ནག་དང་སྟབས་བདེའི་ཁང་པར་སྡོད་པའི་ལོ་རྒྱུས་ཡོངས་སུ་མཇུག་བསྡུས་ནས། གཙང་ཞིང་གསལ་ལ་དྲོད་སྐྱིད་ལྡན་པའི་ཁང་པ་གསར་བའི་ནང་དུ་བསྡད་དེ། ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་མངོན་འགྱུར་བྱས་ནས། སངས་ཀི་ཁྱིམ་མི་གང་བོས་ས་དེའི་འབྲོག་པ་མང་པོ་དང་མཉམ་དུ་དེང་རབས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བཞིན་འདུག

རྨིད་གྲུ་བཞི་མ་སུམ་རྒྱ་ཡོད་པའི་ཕྱིའི་ར་སྐོར་གྱི་ནང་དུ་རྨིད་གྲུ་བཞི་མ་རེ་གཉིས་ཡོད་པའི་སྡོད་ཁང་དང་། དེའི་ཁར་ར་སྐོར་ནང་དུ་རང་ཉིད་ཀྱིས་འཛུགས་སྐྲུན་བྱས་པའི་སྒྲིག་ཆས་སྣ་ཚོགས་དང་ཆུ་དང་གློག རང་བྱུང་སོལ་རླངས་ཅན་གྱི་གཡོས་སྦྱོར་ཁང་། དེ་མིན་གསང་སྤྱོད་ཁང་སོགས་ཡོངས་སུ་ཆ་ཚང་ཞིང་། ཐ་ན་གློག་ཆས་སོགས་འཚོ་བའི་སྤྱོད་ཆས་སྣ་ཚོགས་ཀྱང་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་ཞིག་རེད།

ལོ་ན་དྲུག་ཅུ་ལ་སོན་པའི་སངས་ཀི་ཡིས་ཁོའི་བུ་བཞི་ལ་ཁྱིམ་བགོས་རྗེས་ད་ལྟ་ཁོ་ཚོ་ཁྱིམ་ཚང་སོ་སོར་བསྡད་ཡོད་པ་དང་། ཁོའི་ཉིན་རེའི་ལས་འགན་གཙོ་བོ་ནི་གྲུམ་ནད་དང་སྙིང་ནད་ཕོག་ཡོད་པའི་ཁོའི་བཟའ་ཟླ་ལ་ལྟ་སྐྱོང་བྱེད་རྒྱུ་དེ་རེད། “ད་ལྟ་ང་ཚོར་རྩྭ་སའི་བྱ་དགའི་ཁ་གསབ་དང་འཚོ་བ་དཀའ་ངལ་ཅན་ལ་སྟེར་བཞིན་པའི་ཁ་གསབ་རོགས་དངུལ།  རྒན་གསོའི་ཁ་གསབ་དངུལ། རྒྱུ་ཆའི་ཁ་གསབ། ཐུན་མོང་དཔལ་འབྱོར་གྱི་ཁེ་བཟང་བགོ་བ་སོགས་ཡོད་པས་ཡོང་འབབ་ལོ་རེ་ལས་ལོ་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་པས། ཁྱིམ་ཚང་གང་བོའི་འཚོ་བར་སེམས་ཁྲལ་ཅི་ཡང་མེད།”ཟེར།  སངས་ཀི་ཡིས་ཕྱོགས་གཅིག་ནས་བཟའ་ཟླའི་་སྐྲ་ཤད་ཞོར་དུ་བཤད་རྒྱུར།  ཚེ་སྟོད་ལ་རྩྭ་ཐང་དུ་ཕྱུགས་འཚོ་སྐྱོང་བྱས་ནས་བསྡད་པས་གྲོང་ཁྱེར་གྱི་མིའི་འཚོ་བ་འདི་འདྲ་ཞིག་རོལ་ཐུབ་རྒྱུ་ནི་ཡིད་ལའང་ཤར་མ་མྱོང་ཟེར།

ལོ་ངོ་འདི་གསུམ་གྱི་རིང་དུ་སངས་ཀི་ཡིས་ཁོའི་འཚོ་བ་ནི་སྔར་ལས་བདེ་སྐྱིད་ལྡན་ཞིང་སྟབས་བདེ་ཡིན་པར་འདོད།

སངས་ཀི་ཡི་ཆུང་མར་ནད་ཕོག་ཐེངས་རེར་སྡེ་བའི་ལས་བྱེད་པས་ཁོ་ལ་རོགས་རམ་བྱས་ནས་ན་གོར་མོ་གྲོང་ཁྱེར་སྨན་ཁང་ལ་འབྲེལ་བ་བྱས་ནས་སྨན་བཅོས་བྱེད་དུ་འཇུག་བཞིན་ཡོད་པ་དང་། སྨན་ཁང་གིས་ཀྱང་སངས་ཀི་ལོ་ན་ཆེ་བས་ལུས་པོས་མི་ལྕོགས་པར་བསམས་ནས་སྨན་གཡོག་པར་ཆེད་དུ་རེས་མོས་ཀྱིས་ཁོའི་ཆུང་མར་བདག་སྐྱོང་བྱེད་དུ་བཅུག་པ་དང་།   སྨན་བཅོས་ཀྱི་ཐད་ནས་རོགས་རམ་བྱས་པར་མ་ཟད་བཟའ་བཏུང་གི་སྐོར་ནས་ཀྱང་རོགས་རམ་བྱས།    སྨན་ཁང་དུ་སྡོད་པའི་རིང་ལ་སངས་ཀིའི་ཆུང་མ་ནི་ཕལ་ཆེར་ཚན་ཁག་དེར་ཞག་སྡོད་བྱེད་པའི་བོད་རིགས་གཅིག་པུ་ཡིན་ནའང་ཕན་ཚུན་ཁྱིམ་ཚང་གཅིག་གི་མི་ནང་བཞིན་འབྲེལ་འདྲིས་ཤིན་ཏུ་ལེགས། སྨན་བཅོས་མི་སྣས་རྒྱུན་ཆད་མེད་པར་སངས་ཀིའི་ཆུང་མར་སྨན་བཅོས་བྱས་པ་དེས་ཁོའི་ཆུང་མའི་ནད་གཞི་དེ་ཡང་རིམ་བཞིན་ཇེ་དགར་སོང་བས་སངས་ཀིས་ཀྱང་སེམས་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད།

སངས་ཀི་ཚང་ནས་མིག་ལམ་དུ་ཆེས་གསལ་བོར་མཐོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཁོ་ཚང་ལ་ཕེབས་དུས་ཀྱི་འདྲ་པར་དེ་དག་རེད། སྡེ་བའི་ནང་གི་ཁ་སང་དེ་རིང་གི་འཚོ་བའི་གནས་ཚུལ་སྐོར་གླེང་དུས་སངས་ཀི་ཡི་སེམས་སུ་སྤྲོ་སྣང་དང་བཅས་ཏེ། “ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག་ང་ཚོའི་བདེ་སྐྱིད་འཚོ་བའི་ལམ་ཐག་ད་དུང་ཧ་ཅང་རིང་། ”ཟེར།

མཐུན་སྒྲིལ་དང་བདེ་སྐྱིད་ལྡན་པའི་འབྲི་ཆུའི་འབྱུང་ཁུངས།

སློབ་སྐབས་གསར་བ་མགོ་རྩོམ་ལ་ཉེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲི་ཆུའི་མགོ་ཁུངས་སྡེ་བར་ཕེབས་དུས་སུ་ཁོང་ལ་དྭངས་གཙང་གི་ཁ་བཏགས་ཕུལ་མྱོང་བའི་བོད་རིགས་བུ་མོ་ཆུང་ཆུང་ཚེ་གཡང་ལྷ་མོ་ནི་ད་ལོ་ལོ་ན་བརྒྱད་ཡིན་པ་དང་། ཐེངས་འདིའི་སློབ་མགོ་བརྩམ་རྗེས་བུ་མོ་ཆུང་ཆུང་དེ་ལོ་རིམ་གཉིས་པའི་སློབ་མ་རེད། ཉིས་སྟོང་བཅུ་དྲུག་ལོའི་དབྱར་ཁའི་གུང་གསེང་དེ་བློ་རིག་གསལ་ཞིང་སྤྱང་གྲུང་འཛོམས་པའི་བུ་མོ་དེས་ཚེ་གང་བོར་བརྗེད་དུ་མེད།

ལོ་གསུམ་གྱི་ཡར་སྔོན་དུ། འབྲུ་ཆུའི་མགོ་ཁུངས་སྡེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལ་བསུ་བ་བྱེད་པའི་དཔུང་སྡེའི་ཆེས་སྔོན་རོལ་དུ། ཚེ་གཡང་ལྷ་མོས་ལག་ཏུ་དྭངས་གཙང་གི་ཁ་བཏགས་དཀར་པོ་ཡུག་གཅིག་ཨ་མྱེས་ཞིས་ཅིན་ཕིང་ལགས་ལ་ཕུལ། སྐབས་དེའི་སྣང་ཚུལ་དེ་ནི་ད་དུང་ཡང་ཚེ་གཡང་ལྷ་མོ་ཁྱིམ་མི་གང་བོའི་སེམས་ན་གསལ་ལེར་ཡོད།

བོད་རིགས་བུ་མོ་ཆུང་ཆུང་དེ་ང་ཚོའི་བརྙན་མིག་གྱི་མདུན་དུ་ལངས་ནས་དགའ་སྤྲོ་དང་བཅས་ཏེ། “ ང་རང་མྱུར་དུ་འཚར་ལོངས་བྱུང་རྗེས་རྒྱལ་ས་པེ་ཅིན་དུ་སློབ་ཆེན་འགྲིམ་རྒྱུ་ཡིན། དེ་ལྟར་བྱས་ན་ཨ་མྱེས་ཞིས་ཅིན་ཕིང་དང་ཐག་ཉེ་བ་རེད། ང་རང་ཨ་མྱེས་ཞི་ཅིན་ཕིང་ལ་བལྟ་རུ་འགྲོ་རྒྱུ་ཡིན་པར་མ་ཟད། ངས་ད་དུང་ཁོང་ལ་སྨོན་འདུན་ཡང་ཞུ་རྒྱུ་ཡིན། ཨ་མྱེས་ཞིས་ལགས། ང་རང་ཁྱེད་ལ་དགའ།”ཟེར།

ཚེ་གཡང་ལྷ་མོ་ནི་འབྲི་ཆུའི་མགོ་ཁུངས་སྡེ་བ་ནས་སྐྱེས།  ཁོ་མོའི་ད་ལྟའི་འཚོ་བའི་སྐོར་གླེང་དུས་མོའི་ཨ་མ་དཔལ་ལྷས་ཚོར་སྣང་ཟབ་མོ་དང་བཅས་ཏེ།“མཁར་གྲོང་དུ་གནས་སྤར་བ་དེས་རང་ཉིད་ཆུང་དུས་དང་མི་འདྲ་བར་དེ་དང་བསྡུར་ན་བུ་མོས་ཆུང་དུས་ནས་སློབ་གསོ་ཡག་པོ་མྱངས་ཐུབ་སོང་། ང་ཚོར་འདི་ལྟ་བུའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཏུ་བཅུག་པར་ཏང་གི་སྲིད་ཇུས་བཟང་བོར་དངོས་གནས་བཀའ་དྲིན་ཆེ། ”ཟེར།

ད་ལོ་ལོ་ན་ཞེ་ལྔ་ཡིན་པའི་ནོར་བུ་ཚེ་རིང་ནི་ཉོ་ཚོང་ཀུང་ཟི་ཆུང་ངུ་ཞིག་གི་འགན་ཁུར་མི་སྣ་ཡིན་ཞིང་། ཉིན་རྒྱུན་འཚོ་བའི་སྤྱོད་ཆས་རིགས་དང་ཕྱུགས་ཟོག་ཉོ་འཚོང་སོགས་བྱེད་བཞིན་ཡོད་པས་ཁོའི་འཚོ་བའི་ཆ་རྐྱེན་ཤིན་ཏུ་བཟང་། ནོར་བུ་ཚེ་རིང་གིས་རྒྱ་རིགས་སྤུན་ཟླ་དང་མཉམ་དུ་འཛུགས་སྐྲུན་སྐོར་གྱི་ལག་རྩལ་སློབ་སྦྱོང་བྱས་པ་དང་ཁ་ཆེ་མི་རིགས་ཀྱི་སྤུན་ཟླ་དང་མཉམ་དུ་ཕྱུགས་ཟོག་འཚོ་གསོ་བྱེད་པའི་ཤེས་བྱ་སྦྱངས་པ། སོག་པོ་མི་རིགས་ཀྱི་སྤུན་ཟླ་དང་མཉམ་དུ་དོ་དམ་གྱི་ཉམས་མྱོང་སྐོར་ལ་སློབ་སྦྱོང་བྱས་པས། ད་ལྟ་ཁོས་གཞི་ནས་ཕྱུག་འགྱུར་གྱི་ལམ་ཁ་ཞིག་རྙེད་ཡོད་པ་རེད། རང་ཉིད་ཕྱུག་པོར་གྱུར་ཟིན་ནའང་ཁོས་རང་གི་ཡུལ་མི་རྣམས་སེམས་ནས་བརྗེད་ཀྱི་མེད་པར་ལོ་རེ་བཞིན་སྡེ་བའི་ནང་གི་འཚོ་བར་དཀའ་ཁག་ཆེ་བའི་མང་ཚོགས་རྣམས་ལ་མ་དངུལ་བཏང་ནས་རོགས་སྐྱོར་བྱེད་བཞིན་ཡོད།

“མི་རིགས་གང་ཞིག་ཡིན་ནའང་འདྲ་གལ་སྲིད་དཀའ་ངལ་ཡོད་ཚེ། རོགས་སྐྱོར་བྱེད་ཐུབ་པ་ཞིག་ཡིན་ཚེ་ངས་ཅིས་ཀྱང་རོགས་སྐྱོར་བྱེད་ངེས། རྒྱ་མཚན་ནི་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན། ”འདི་འདྲའི་བབ་ཆགས་ཀྱི་བསམ་བློས་ནོར་བུ་ཚེ་རིང་གིས་ལོ་རེ་བཞིན་དགེ་བའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བཞིན་ཡོད།

ཐིན་གིན་ཧི། སྡེ་བའི་ནང་གི་མི་མང་ཆེ་བས་ཁོའི་མིང་ངོ་མར་ཅི་ཟེར་བ་མི་ཤེས། འོན་ཀྱང“ལོ་ཐིན”ཟེར་དུས་མི་ཤེས་མཁན་གཅིག་ཀྱང་མེད།  ཐིན་གིན་ཧི་དང་ཁོའི་བཟའ་ཟླ་གཉིས་ཀྱིས་འབྲི་ཆུའི་མགོ་ཁུངས་སྡེ་བ་རུ་སྒོ་རྩིས་ཚོང་ཁང་ཆུང་ཆུང་ཞིག་གཉེར་གྱི་ཡོད་ཅིང་། ལོ་བཅུ་ལྷག་ཙམ་གྱི་རིང་ལ་དཀའ་ངལ་སྣ་ཚོགས་ལ་ཐུག་ཐེངས་རེ་རེར་སྡེ་མི་རྣམས་ཀྱིས་རང་འགུལ་སྒོས་ཁོ་བཟའ་མི་གཉིས་ལ་རོགས་སྐྱོར་གྱི་ཕྱག་ཟུང་བརྐྱངས་བཞིན་ཡོད་པས་ཐིན་གིན་ཧི་ཡིས་ཀྱང་ད་ལྟ་རང་གི་ནུས་པ་ཡོད་ཚད་བཏོན་ནས་སྡེ་མི་རྣམས་ལ་དྲིན་ལན་འཇལ་བཞིན་ཡོད་པ་རེད།

“མི་རིགས་ཁག་གི་སྤུན་ཟླའི་སེམས་པ་གཅིག་ཏུ་འབྲེལ་ཞིང་མཐུན་སྒྲིལ་གྱི་ལག་རྡང་མཉམ་དུ་སྦྲལ་ཚེ། བདེ་སྐྱིད་ཀྱི་འཚོ་བར་ཡུན་དུ་རོལ་ཐུབ། ”ཅེས་པ་འདི་ནི་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་རྣམས་ཀྱིས་མི་རིགས་མཐུན་སྒྲིལ་ལ་གོ་བ་ལེན་ཚུལ་ཆེས་བབ་ཆགས་པ་དེ་རེད། དེ་སྔའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཀུན་དགའ་རྣམ་རྒྱལ་ཏང་ནང་དུ་ཞུགས་ནས་ལོ་ན་སུམ་ཅུ་ལྷག་འགོར་ཡོད་པ་དང་། ཁོ་ལ་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྒེར”དང“མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར།”དེ་མིན“གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཚོད་ལྟ་བྱ་བའི་སྔོན་ཐོན་མི་སྒེར”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་།

ཉིས་སྟོང་བཅུ་དྲུག་ལོར། ལོར་སྡེ་མི་ཚེ་རིང་འཆི་མེད་ཀྱི་ནད་བརྟག་བྱས་རྗེས་སུ། རུས་པའི་འདུས་འདྲིལ་ནད་ཕོག་ཡོད་པ་ཤེས། ཡིན་ནའང་ཁོ་ལ་བཤགས་བཅོས་བྱེད་པའི་སྒོར་མོ་མེད་པ་ཤེས་སྐབས། ཀུན་དགའ་རྣམ་རྒྱལ་གྱིས་རང་འགུལ་ངང་སྡེ་མི་རྩ་འཛུགས་བྱས་ནས་ཞལ་འདེབས་བསྡུས་པ་རེད། དུས་ཡུན་ཐུང་ཐུང་ཉིན་འགའི་ནང་སྒོར་ཁྲི་དྲུག་བསྡུས་ནས་ཁོ་ལ་རོགས་རམ་བྱས་ཏེ་ནད་བཅོས་བྱས། ད་ལྟ་དོན་དག་དེ་གླེང་སྐབས་སུ་ཚེ་རིང་འཆི་མེད་ལ་སེམས་འགུལ་ཆེན་པོ་ཐེབས་བཞིན། “ཧྲུའུ་ཅི་གཞོན་པ་སྔོན་མ་ཀུན་དགའ་རྣམ་རྒྱལ་དང་སྡེ་མི་རྣམས་ཀྱི་བཀའ་དྲིན་གྱིས་ང་ལ་ཚེ་སྲོག་གཉིས་པ་སྦྱིན་སོང”ཟེར།

ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ལས་བརྩོན་ཞིང་ཕྱུག་འགྱུར་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད།  ལོ་གསུམ་རིང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཁྲིད་སྟོན། རོགས་རམ་བཅས་བྱས་པ་དང་འབྲོག་པ་མང་ཚོགས་རང་ངོས་ཀྱི་འབད་བརྩོན་འོག་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་རྣམས་ཀྱི་ཡོང་འབབ་བསྟུད་མར་འཕར་སྣོན་བྱུང་ནས་འཚོ་བར་ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བསྟུད་མར་ལོ་གཉིས་ཀྱི་ནང་དུ་འབྲི་ཆུའི་མགོ་ཁུངས་སྡེ་བའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་ལས་བརྒལ་ཞིང་། གནས་མ་སྤར་གོང་གི་ཉིས་སྟོང་བཞི་ལོ་དང་བསྡུར་ན་ལྡབ་བཅུ་གྲངས་འཕར་བ་དང་། མང་ཚོགས་རྣམས་གནས་སྤོར་བ་དང་འཚོ་བ་གཏན་འཇགས་ཡོང་བ།  ཕྱུག་པོར་འགྱུར་ཐུབ་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་ཡོད།

འཚོ་བ་གཏན་འཇགས་བྱུང་བ་དང་ཡོང་འབབ་ཇེ་མཐོར་སོང་བས་མང་ཚོགས་ཀྱིས་འཚོ་བའི་སྤུས་ཀ་ལ་སྔར་ལས་དོ་སྣང་བྱེད་བཞིན་ཡོད་དེ།  ཁྱིམ་ཚང་ཕལ་ཆེ་བས་རླངས་འཁོར་ཆུང་བ་ཉོས་ཡོད་པ་མ་ཟད། མི་མི་ཉུང་བ་ཞིག་གིས་གྲོང་ཁྱེར་དུ་ཐོག་ཁང་ཉོས་ཡོད་པ་རེད།   མང་ཚོགས་ཀྱི་འཚོ་བར་འགན་སྲུང་གང་ལེགས་ཐོབ་པ་དང་བདེ་སྐྱིད་ཀྱི་ཚོར་སྣང་དང་བདེ་འཇགས་ཀྱི་ཚོར་སྣང་རིམ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། གྲལ་སྒྲིག་པའི་ཁང་པ་དང་ཡངས་ཤིང་རྒྱ་ཆེ་བའི་ཞིང་གྲོང་གི་གཞུང་ལམ།  དགའ་སྐྱིད་དང་སྤྲོ་སྣང་ལྡན་པའི་ཞབས་བྲོ་བཅས་ཀྱིས་འབྲི་ཆུའི་མགོ་ཁུངས་སྡེ་བར་བདེ་སྐྱིད་དང་འཆམ་མཐུན། མཛེས་སྡུག་བཅས་ཀྱི་རི་མོ་ཞིག་ངང་གིས་འབྲི་བཞིན་འདུག

                                                                              ལོ་ཙཱ་བ། གཡང་འབུམ་རྒྱལ།