འཆར་འགོད་གསར་པ་བཟོས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།
2019.10.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དབྱེན་འདུམ་ཞང་མདོ་ཁྲི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཁང་དུ་ཁག་དང་པོའི་སྡེ་བའི་བཅའ་སྡོད་ལས་དོན་ཁག་གི་རུ་གཙོ་གཞོན་པ་དང་གྲོང་ཁྱེར་ཕྱི་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཕུར་སྒྲོན་གྱིས་ཁག་བརྒྱད་པའི་སྡེ་བའི་བཅའ་སྡོད་ལས་དོན་རུ་ཁག་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་པ། ཐུན་མོང་དཔལ་འབྱོར་གྱི་འགན་འཁུར་བ་དང་མཉམ་དུ་ཉིས་སྟོང་བཅོ་བརྒྱད་ལོའི་སྡེ་བའི་བྱེ་རྡོ་བཟོ་གྲྭའི་ཁེ་སྤོགས་བགོ་བཤའ་བརྒྱབ་པའི་གནས་ཚུལ་དང་ཉིས་སྟོང་བཅུ་དགུ་ལོའི་བྲ་བོ་ལས་སྣོན་བཟོ་གྲྭའི་མ་དངུལ་འཁོར་རྒྱུག་གནས་ཚུལ་ལ་བགྲོ་གླེང་དང་ཞིབ་འཇུག་བྱས།

ཉིས་སྟོང་བཅུ་གཉིས་ལོར་ཕུར་སྒྲོན་སྡེ་བར་བཅའ་སྡོད་བྱེད་པ་མཇུག་རྫོགས་ཏེ་ཕྱིར་ལས་ཁུངས་སུ་ལོག་པ་དང་། ལོ་རེར་དུས་ཚོད་ཀྱི་ཁོམ་ལོང་བཙལ་ནས་སྡེ་བའི་ནང་དུ་སོང་སྟེ་མང་ཚོགས་ལ་རོགས་རམ་དང་ཐོན་ལས་དབུལ་སྐྱོར་ལས་དོན་ལ་འཆར་གཞི་བཟོ་བཞིན་ཡོད།

མདོ་ཁྲི་སྡེ་བ་ནི་བྲག་གཡབ་རྫོང་དང་བར་ཐག་སྤྱི་ལེ་བཅུ་དྲུག་ལྷག་ཙམ་ཡོད་ཅིང་། རང་བྱུང་སྡེ་བ་ལྔ་ལ་ཁྱིམ་ཚང་ང་བདུན་དང་མི་གྲངས་ཉིས་བརྒྱ་ང་བཞི་ཡོད། ཉིས་སྟོང་བཅུ་གཅིག་ལོར་སྡེ་བ་ཡོངས་ལ་ས་ཞིང་རྒྱ་ཁྱོན་མུའུ་བཞི་བརྒྱ་དང་ཉི་ཤུ་ལས་མེད་ལ། དབྱར་རྩྭའི་ཐོན་ཁུངས་དང་ཐུན་མོང་གི་དཔལ་འབྱོར་ཡོང་འབབ་དེ་བས་ཀྱང་མེད། མང་ཚོགས་ཀྱི་མི་རེའི་ཡོང་འབབ་ཧ་ཅང་དམའ་བས་གྲོང་ཁྱེར་ཡོངས་ཀྱི་དབུལ་པོའི་སྡེ་བར་གྱུར་ཡོད།

བྱ་བའི་ལས་མགོ་འཛུགས་རྒྱུ་དཀའ།

“སྡེ་བར་བཅའ་སྡོད་བྱས་མ་ཐག་པའི་སྐབས་སུ། ང་དང་སྡེ་བའི་བཅའ་སྡོད་ལས་དོན་རུ་མི་གཞན་དག་གིས་རང་འགུལ་ངང་དུད་ཁྱིམ་རེ་རེར་སོང་ཞིང་མང་ཚོགས་ལ་འཚམས་འདྲི་བྱས་ནས་དུས་ཐོག་ཏུ་མང་ཚོགས་ཀྱི་དངོས་ཡོད་དཀའ་ཁག་ཐག་གཅོད་བྱས་པ་ཡིན”ཞེས་ཕུར་སྒྲོན་གྱིས་ཕྱིར་དྲན་བྱེད་བཞིན་བཤད།

གྲོང་མི་བཀྲ་ཤིས་ཆོས་སྒྲོན་གྱི་ཁང་པ་ནི་ཉེན་ཁ་ཆེ་བའི་གྲས་སུ་གཏོགས་པས་ག་དུས་ཡིན་རུང་ལོག་ཉེན་ཡོད། ཁྱིམ་ནང་དུ་ལོ་ན་ཆེ་བའི་ཨ་མ་དང་ལོ་ན་གཞོན་པའི་ཕྲུ་གུ་ཡོད་ཀྱང་ངལ་རྩོལ་པ་མེད་པས་ཉམས་གསོ་བྱེད་ཐབས་བྲལ།

“ངའི་ཁང་པ་གསར་སྐྲུན་བྱེད་པར་རོགས་རམ་བྱེད་ཆེད། སྡེ་བའི་བཅའ་སྡོད་ལས་བྱེད་པས་སྡེ་བ་ཡོངས་ཀྱི་མང་ཚོགས་ལ་སྐུལ་སློང་བྱས་ནས་སྒོར་མོ་ཡོད་མཁན་གྱིས་སྒོར་སྤྲད་པ་དང་ནུས་ཤུགས་ཡོད་མཁན་གྱིས་ནུས་ཤུགས་བཏོན་ནས་གསར་དུ་ཁང་པ་ཉིས་ཐོག་ཅན་འདི་ལས་པ་རེད”ཅེས་ནམ་རྒྱུན་དོན་འདི་གླེང་སྐབས་བཀྲ་ཤིས་ཆོས་མཚོ་སེམས་འགུལ་ཐེབས་བཞིན་ཡོད།

ཇི་ལྟར་བྱས་ན་དུས་ཡུན་ཐུང་ངུའི་ནང་སྡེ་བ་ཕྱུག་པོ་བསྒྱུར་ཐུབ་བམ། རྟོག་ཞིབ་དང་བསམ་གཞིག་གང་མང་བཏང་བ་བརྒྱུད་དེ། སྡེ་བའི་བཅའ་སྡོད་ལས་དོན་རུ་ཁག་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་འདི་ལྟར་མདོ་ཁྲི་སྡེ་བའི་འཕེལ་རྒྱས་ཀྱི་དགེ་མཚན་རྙེད་པ་རེད། མདོ་ཁྲི་སྡེ་བ་ནི་སྨད་ཆུ་གཙང་པོའི་རིམ་པ་དང་པོའི་ཆུ་ཕྲན་གསེར་ཆུ་གཙང་པོའི་སྨད་རྒྱུད་དུ་འབབ་པ་དང་། ལོ་རེར་ཆར་ཞོད་བབས་རྗེས་ཆུ་ལམ་འགྲམ་རྒྱུད་ཀྱི་བྱེ་རྡོ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རྫོང་མཁར་དང་བར་ཐག་ཉེ་ཞིང་འགྲིམ་འགྲུལ་སྟབས་བདེ་བས་ལུང་ཤུར་ས་རྒོད་དུ་བྱེ་རྡོ་རྟེན་གཞི་ཞིག་འཛུགས་རྒྱུ་བྱས།

འཆར་གཞི་ཡོད་ན་ལག་བསྟར་བྱེད་དགོས།

ཉིས་སྟོང་བཅུ་གཅིག་ལོར་སྡེ་བའི་བཅའ་སྡོད་ལས་དོན་རུ་ཁག་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་པས་ཆབ་མདོ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་དུ་ལས་གཞི་རེ་ཞུ་བྱས་པ་དང་། ཉིས་སྟོང་བཅུ་གཉིས་ལོའི་ཟླ་ལྔ་བར་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་མ་དངུལ་སྒོར་འབུམ་བཞི་ཐོབ་ནས། དེས་གཞུང་དོན་ཁང་པ་དང་བྱེ་རྡོ་སྤུངས་ར་བཅས་རྨང་གཞིའི་སྒྲིག་བཀོད་ཁག་བསྐྲུན་པ་དང་ཐོན་སྐྱེད་བྱེད་མགོ་ཚུགས་པའི་གཞི་ཁྱོན་གྲུབ་ཡོད།

རྨང་གཞིའི་སྒྲིག་བཀོད་ལེགས་པོ་ཡོད་རྗེས། ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར་བྲག་གཡབ་རྫོང་བཟོ་ཚོང་ཅུས་ལ་རེ་ཞུ་བྱས་ཏེ་ལམ་འགྲམ་རྒྱུད་དུ་བྱེ་མ་སྔོག་འདོན་ཆོག་མཆན་ལག་འཁྱེར་སྒྲུབ་པ་དང་། དེ་ནི་བྲག་གཡབ་རྫོང་གི་བདག་གཉེར་གྱི་ཆོག་མཆན་ལག་འཁྱེར་ཡོད་པའི་བྱེ་རྡོ་བཟོ་གྲྭ་ཐོག་མར་གྱུར། ཆབ་མདོ་གྲོང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་། བྲག་གཡབ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རོགས་རམ་འོག ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་ཏུ་ཡོང་འབབ་སྒོར་མོ་འབུམ་གཉིས་བགོས་པ་དང་། ཉིས་སྟོང་བཅུ་བདུན་ལོར་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་གཅིག་བཏང་ནས་བྱེ་མ་འཕྲུལ་ཆས་ཉོས། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མགོར་བརྟན་འཇགས་མ་དངུལ་སྒོར་མོ་ས་ཡ་གསུམ་དང་འབུམ་གཉིས་ཀྱི་ནང་ནས་སྒོར་མོ་འབུམ་གཉིས་དང་ཁྲི་དགུ་བགོ་བཤའ་བྱས་པས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་བ་དང་། ཆ་སྙོམས་མི་རེའི་ལོ་རེའི་ཡོང་འབབ་སྒོར་སྟོང་དྲུག་ལ་སླེབས་ཏེ་ཉིས་སྟོང་བཅུ་གཅིག་ལོ་ལས་ལྡབ་དྲུག་འཕར།

དེ་མིན་བྱེ་རྡོ་བཟོ་གྲྭའི་སྒྲིག་ཡིག་ལམ་ལུགས་ཀྱང་རིམ་གྱིས་འཐུས་ཚང་དུ་བཏང་བ་དང་། བྱ་དགའ་དང་ཆད་པ་གཅོད་པའི་ལམ་ལུགས་ཀྱིས་སྡེ་བའི་མང་ཚོགས་ལས་ཀར་ཞུགས་པའི་བརྩོན་སེམས་ལ་སྐུལ་འདེད་བཏང་ཡོད།

“ཉིས་སྟོང་བཅུ་བདུན་ལོར་ངས་བྱེ་རྡོ་བཟོ་གྲྭའི་ལས་སྐུལ་གྱི་འགན་འཁུར་བ་དང་ལས་ཀར་མཉམ་འཇོག་མ་བྱས་པའི་རྐྱེན་གྱིས་ཚང་མས་ང་ལ་སྒོར་ཁྲི་གཅིག་གིས་ཆད་པ་བཅད། སྐབས་དེར་སེམས་ཧ་ཅང་སྡུག ན་ནིང་དུས་ཚོད་དམ་འཛིན་བྱས་ནས་ལས་ཀ་ལས་པས་སྒོར་སྟོང་ཕྲག་འགའི་བྱ་དགའ་གནངས། སེམས་ཧ་ཅང་དགའ་པོ་ཡོད”ཅེས་བྱེ་རྡོ་བཟོ་གྲྭའི་ལས་སྐུལ་འཇམ་དབྱངས་ཤེས་རབ་ཀྱིས་དེ་ལྟར་བཤད།

བྱེ་རྡོ་བཟོ་གྲྭའི་དོ་དམ་རིམ་གྱིས་ཚད་ལྡན་ཅན་དུ་གྱུར་བ་དང་བསྟུན་ནས། བྱེ་རྡོ་བཟོ་གྲྭའི་ཐོན་ལས་ལས་གཞི་ཡང་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད། “ད་ལྟ་ང་ཚོ་བྱེ་རྡོ་བཟོ་གྲྭར་ས་བརྐོ་འཕྲུལ་ཆས་གཅིག་དང་། ལྡུག་འཁོར་གཉིས། ཤར་རླུང་རྟགས་ཅན་གྱི་ལྗིད་འཁོར་གཅིག ལས་བཟོ་པ་སུམ་ཅུ་བཅས་ཡོད། ལོ་རེར་ཁྱིམ་ཚང་གཅིག་ནས་གཉིས་དབུལ་པོ་ལས་ཐར་བ་རེད། ཉིས་སྟོང་བཅུ་དགུ་ལོར་ང་ཚོས་ཡོང་འབབ་ལྡབ་གཅིག་འཕར་སྣོན་བྱུང་བར་བརྩོན་ལེན་བྱས་ནས་སྡེ་བ་ཡོངས་དབུལ་ཕོངས་ལས་ཐར་ཏུ་འཇུག་རྒྱུ་ཡིན”ཞེས་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཐོན་ལས་ལས་གཞིའི་བློ་འདྲི་ས་ནོར་བུས་སྤོབས་སེམས་ཆེན་པོས་དེ་ལྟར་བཤད།

ཡིད་ཆེས་ཡོད་ན་ལམ་བུ་ཡངས།

སྲིད་གཞུང་གི་རོགས་སྐྱོར་འོག་ཏུཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་བར་སྡེ་བའི་ནང་དུ་ཡང་བསྐྱར་དམངས་ཕྱུག་ཨར་ལས་རུ་ཁག་བཙུགས་ནས། སྔ་རྗེས་སུ་མ་དངུལ་སྒོར་མོ་འབུམ་གསུམ་དང་ཁྲི་དྲུག་བཏང་བའི་ཁྲི་ཕུ་སྡེ་བའི་ཆུ་རྫིང་དང་། མ་དངུལ་སྒོར་མོ་འབུམ་བརྒྱད་དང་ཁྲི་གཅིག་བཏང་བའི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་བྱེད་སྒོ་སྤེལ་གནས། མ་དངུལ་སྒོར་མོ་འབུམ་ལྔ་དང་ཁྲི་གཅིག་བཏང་བའི་དུང་ཕང་རང་བྱུང་སྡེ་བའི་གཞུང་ལམ་སོགས་ལས་གཞི་འཛུགས་སྐྲུན་བྱས་ནས། མདོ་ཁྲི་སྡེ་བའི་ངལ་རྩོལ་པ་ལྷག་མ་འཁོར་སྒྱུར་གྱི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། ཡོང་འབབ་འཕར་སྣོན་གྱི་ལམ་བུ་ཆེ་རུ་བཏང་ཡོད། ཉིས་སྟོང་བཅུ་བདུན་ལོར་བྲག་གཡབ་རྫོང་དབྱེན་འདུམ་ཞང་གི་ཏུན་བརྒྱ་ཡོད་པའི་བྲ་བོ་ཁྱད་ལྡན་ཐོན་ལས་ཀྱི་ལས་གཞི་བརྩོན་ལེན་བྱས་པར་མ་ཟད། སྒོར་མོ་ས་ཡ་བཞིའི་ཆོག་མཆན་ཐོབ་པ་ལས་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་མོ་ས་ཡ་གཉིས་བཏང་བ་དང་། རང་གིས་མ་དངུལ་སྒོར་མོ་ས་ཡ་གཉིས་གྲབས་གསོག་བྱས། མིག་སྔར་བྲ་བོ་འདེབས་འཛུགས་ལས་སྣོན་བྱེད་པའི་ཞིང་འབྲོག་ཆེད་ལས་མཉམ་ལས་ཁང་འཛུགས་གཉེར་བྱེད་བཞིན་ཡོད་ལ། སྔོན་དཔག་བྱས་པ་ལྟར་ན་ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བར་དངོས་སུ་སྤྱོད་མགོ་བརྩམ་རྒྱུ་རེད།

“ཉིས་སྟོང་བཅུ་དགུ་ལོར་ང་ཚོས་འདེབས་འཛུགས་དཔེ་སྟོན་རྟེན་གཞིའི་ལས་གཞི་འཛུགས་སྐྲུན་བརྒྱུད་དེ། བྲ་བོ་མུའུ་རེ་ནས་སྒོར་སྟོང་གཅིག་བསྡུ་ཐུབ་པ་དང་། དཔལ་འབྱོར་ཡོང་འབབ་སྒོར་མོ་འབུམ་གཅིག་འཕར་སྣོན་ཡོང་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་པོ་ཞང་ཐའེ་ལང་ཉིས་སྟོང་བཅུ་དགུ་ལོའི་ལས་དོན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།

                                                                                                           རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།