རྒན་པོ་ཏའེ་ཚུན་ཀྲུང་ཚང་དབུལ་ཐར་གཟི་བརྗིད་ཁྱིམ་ཚང་དུ་གྱུར་པ། 
2019.10.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ད་ལོར་ལོ་ན53ལ་བུད་པའི་ཏའེ་ཚུན་ཀྲུང་ནི་མ་གཞི་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ས་ཆའི་བོད་རིགས་ཤིག་ཡིན་ལ།སྔོན་ཆད་ཁོ་ཚོའི་རི་གྲོང་ལ་ཁྱིམ་ཚང་བཅུ་ལྷག་ལས་མེད་ཅིང་།རི་ཁུག་ལུང་ཀྱོག་ཏུ་ཡོད་པས་འགྲིམ་འགྲུལ་སྟབས་མི་བདེ་ཞིང་།ས་ཞིང་དང་འཐུང་ཆུ་དཀོན་པ་སོགས་འཚོ་བའི་དཀའ་ཚེགས་མི་ཉུང་བ་ཞིག་མྱངས་མཐར།ཁོས་རང་གི་བཟའ་ཟླ་དང་བུ་ཕྲུག་རྣམས་ཁྲིད་དེ2007ལོར་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་མཚོ་ཁུར་ལུག་གྲོང་རྡལ་དུ་ཞོར་ལས་ལ་ཡོང་།རིམ་གྱིས་ཁོ་རང་ས་དེ་ལ་བརྩེ་བ་ཆགས་ཤིང་གཏན་སྡོད་བྱེད་པའི་འདུན་པ་ཡང་ཡང་སྐྱེས།དགའ་འོས་པ་ཞིག་ལ།ས་གནས་འབྲེལ་ཡོད་ལས་ཁུངས་ཀྱིས་ཁོ་ཚང་གི་ཁྱིམ་ཐོ་གནས་དེ་རུ་སྤར་ཆོག་པའི་ཆོག་མཆན་ཐོབ་པས་ཁོའི་ཕུགས་བསམ་མངོན་འགྱུར་བྱུང་།

དེ་ནས་བཟུང་།ཁོ་དང་ཆུང་མ་གཉིས་ཀྱིས་གནས་དེ་ནས་ཞོར་ལས་སྣ་ཚོགས་བཙལ་ནས་འཚོ་བ་རོལ་ནའང་།ཡོང་སྒོ་བརྟན་འཇགས་མིན་པས་འབྱོར་འཁོས་ཞན་པའི་ཁྱིམ་ཚང་གི་གྲས་ན་ཡོད།ཁོ་ལ་བུ་མོ་གཉིས་ཡོད་པ་ལས།བུ་མོ་ཆེ་བ་གནས་ལ་བུད་སོང་བ་དང་།བུ་མོ་ཆུང་བ་ཏའེ་ཚེ་རིང་སྐྱིད་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་ཆེད་སྦྱོང་སློབ་གྲྭ་ཞིག་ཏུ་སློབ་གཉེར་བྱེད་བཞིན་ཡོད།

2014ལོར་ཁོའི་ཆུང་མར་སྐྲན་ནད་ཅིག་བྱུང་སྟེ།མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་གཤག་བཅོས་བྱས་པར་སྒོར་ཁྲི2ལྷག་གི་འགྲོ་སོང་བཏང་།སྒོར་སྟོང་ཕྲག་འགའ་རྩིས་ཞུ་བྱས་ཀྱང་།ཁོ་ཚང་མ་གཞི་ནས་འབྱོར་བ་ཞན་པས་སྔར་བཞིན་དབུལ་ཕོངས་ལས་ཐར་མ་ཐུབ་པར་གནས་ཤིང་།ཁོའི་ཆུང་མའི་ནད་སངས་དྲག་ཏུ་གྱུར་རྗེས་མཚམས་ལན་རེར་ཞོར་ལས་རེ་བཙལ་ནའང་ཡོང་སྒོ་མང་པོ་མེད་ལ།ཁྱིམ་ཚང་ལ་ཡོང་སྒོ་བཙལ་རྒྱུ་དེ་རྒན་པོ་ཏའེ་ཚུན་ཀྲུང་གི་ཕྲག་ཏུ་ལྷུང་།ཁོ་ཚང་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་མིང་ཐོའི་གྲས་སུ་ཡོད་པ་དང་།གནད་ཁེལ་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས།2015ལོར་ཁོ་ཚང་གི་བཟའ་མི་རེ་ལ་ཟླ་རེར་མ་མཐའི་འཚོ་བའི་འགན་སྲུང་གི་ཁ་གསབ་སྒོར་མོ150ཡོད་པ་དང་།ལོ་རེར་རིམ་གྱིས་ཇེ་མང་དུ་ཕྱིན་ཏེ་ད་ལོར་མི་རེའི་ཟླ་རེའི་གནད་ཁེལ་དབུལ་སྐྱོར་གྱི་སྒོར་མོ170ལྷག་ལོངས་སུ་སྤྱད་ཆོག་པར་གྱུར་ཅིང་།དེ་ལས་གཞན།དབུལ་ཕོངས་ཁྱིམ་ཚང་གཅིག་ལ་ལས་གནས་གཅིག་གི་སྲིད་ཇུས་ལྟར།2016ལོ་ནས་ཏའེ་ཚུན་ཀྲུང་ཚང་གི་མི་གཅིག་ལ་ནགས་སྲུང་པའི་ལས་ཀ་ཡོད་པར་གྱུར།དེ་ནི་ཁོ་རང་ཉིད་རེད།2016ལོར་ཁོའི་ཟླ་རེའི་ནགས་སྲུང་གི་ཟླ་ཕོགས་སྒོར2600ལ་འཕར་བས།ཡོང་སྒོ་སྔར་ལས་ཇེ་མང་དུ་ཕྱིན་ཏེ།2016ལོར་གཞི་ནས་ཁོ་ཚང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་དབུལ་ཐར་གཟི་བརྗིད་ཁྱིམ་ཚང་དུ་གྱུར།

ད་ལོ་ནས་ཁོས་ཟླ་རེའི་ནགས་སྲུང་ཟླ་ཕོགས་སྒོར2800རེ་ལོངས་སུ་སྤྱོད་བཞིན་ཡོད་ལ།ད་དུང་ནགས་ལས་ཅུས་ཀྱིས་ནགས་སྲུང་པ་རྣམས་ལ་ལོ་རེར་རྒན་གསོའི་སྒོར་མོ2000རེའང་སྤྲོད་བཞིན་ཡོད་པ་དང་།ཆུང་མར་ཡང་དུས་རྒྱུན་དུ་ན་ཚ་མང་པོ་མེད་པར་ཕྱི་རོལ་ཏུ་སོང་ནས་ཁྱིམ་ཚང་ལ་ཡོང་སྒོ་རེ་འཚོལ་ཐུབ་པས་བཟའ་ཚང་འདི་གཉིས་ཀྱི་འཚོ་བ་ལོ་རེ་ནས་ལོ་རེར་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་འདུག

དབུལ་ཐར་གྱི་གྲུབ་འབྲས་མུ་མཐུད་ནས་སྲ་བརྟན་དུ་གཏོང་ཆེད།གཏེར་ལེན་ཁ་གྲོང་ཁྱེར་མཚོ་ཁུར་ལུག་གྲོང་རྡལ་གྱིས་མུ་མཐུད་དུ་དྲིལ་སྒྲོག་ལ་བརྟེན་ནས་རིང་ནས་གོམས་པའི “བསྒུག་སློང་བརྟེན”གསུམ་གྱི་འདུ་ཤེས་བཅོས་བསྒྱུར་བཏང་དང་གཏོང་བཞིན་ཡོད་ཅིང་།ནགས་ལས་ཀྱི་ལས་ཀའི་སྟེང་མུ་མཐུད་དུ་ཏན་ཏན་ཏིག་ཏིག་གིས་བྱ་བ་བསྒྲུབ་པར་སྐུལ་འདེད་བཏང་སྟེ།རྒྱ་གྲོ་འདེབས་འཛུགས་སོགས་གང་ལ་གང་འཚམ་གྱི་ཡོང་སྒོ་འཚོལ་སྟངས་སྣ་ཚོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱས་ཏེ།ཁོ་ཚང་གི་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི2ལས་མི་དམའ་བར་འགན་སྲུང་བྱེད་བཞིན་ཡོད།ལོ་གཅིག་གི་ཡོང་སྒོའི་ནང་ནས་ཇ་ཚྭ་ཁུ་སྣུམ་ཚལ་སོགས་འཚོ་བའི་ཉེར་མཁོ་དང་བུ་མོའི་སློབ་ཡོན་གཉིས་མ་གཏོགས་གཞན་འགྲོ་སྒོ་གཏོང་ས་མེད།

གཞན་ཡང་མཚོ་ཁུར་ལུག་གྲོང་རྡལ་ཨན་ཁང་སྡེ་བ་ཡོངས་ལ་རྒྱལ་ཁབ་ཀྱིས་གཅིག་གྱུར་གྱི་ཁང་པ་ལས་པ་དང་།ཉེན་ཁང་ཞིག་གསོ་བྱས་ལ།རང་འབབ་ཆུའང་ཁྱིམ་ཚང་གི་ནང་དུ་འཐེན་པས།ཁོའི་སྔོན་གྱི་ཕ་ཡུལ་གྱི་རྣམ་པ་ཡིད་ལ་དྲན་ཚེ།ད་ལྟའི་འཚོ་བ་ནི་དངོས་གནས་བདེ་ཞིང་སྐྱིད། “གུང་ཁྲན་ཏང་གི་སྲིད་ཇུས་མང་ཚོགས་ལ་བཟང”བས་ང་ཚོའི་མ་འོངས་པའི་འཚོ་བ་ལོ་རེ་ནས་ལོ་རེར་ཇེ་བཟང་ཡིན་པར་གདེང་ཚོད་ཡོད་ལ།བདེ་སྐྱིད་དང་བདེ་འཇགས་ཀྱི་ཚོར་སྣང་ཟབ་མོ་ཡོད་ཅེས་གསར་འགོད་པར་བཤད། །

                                                                                                                    རྩོམ་སྒྲིག་པ། གཡང་འབུམ་རྒྱལ།