བྱེ་འགོག་བྱེ་བཅོས་ཀྱི་བྱ་བ་ལེགས་པོར་བསྒྲུབས་པས་ཀོས་ནན་རྫོང་གི་ས་གཞིར་སྔར་མེད་ཀྱི་ལྗང་མདོག་རྒྱས།
2019.10.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

བྱེ་འགོག་བྱེ་བཅོས་བྱས་པའི་བྱེ་སྣའི་རྣམ་པ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་ས་གཞི་ཁྱབ་ཁུལ་ཅུང་ཆེ་བ་དང་། བྱེ་འགྱུར་གྱི་གནོད་འཚེ་ཅུང་ཙམ་ཛ་དྲག་ཆེ་བའི་ས་ཁུལ་དུ་གཏོགས་ཤིང་། རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་གཙོ་གནད་དཔེ་སྟོན་རྫོང་ཡང་རེད། རྫོང་ཡོངས་ཀྱི་ས་ཆའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ས་ཡ་དགུ་དང་འབུམ་དགུ་ཁྲི་བདུན་སྟོང་བཞི་ཡོད་ལ། དེའི་ཁྲོད་དུ། བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ས་མུའུ་ས་ཡ་གསུམ་དང་འབུམ་བཞི་ཁྲི་གཉིས་ཡོད་ཅིང་། རྫོང་གི་མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་གཉིས་བཟུང་ཡོད། དེ་ཡང་གཙོ་བོ་མུ་གེ་ཐང་དང་དེའི་ཉེ་འཁོར་ས་ཁུལ་དུ་ཁྱབ་ཡོད།

བྱེ་སྣ་ནི་མུ་གེ་ཐང་གི་བྱེ་ཐང་ཤར་ལྷོའི་མཚམས་སུ་ཁྱབ་པའི་སྣེ་མོ་ཡིན་ཞིང་། དུས་རབས་གོང་མའི་དུས་དཀྱིལ་ནས་བཟུང་། བྱེ་སྣ་དང་མུ་གེ་ཐང་ལོ་རེར་མུས་ལྔ་ནས་མུས་བཅོ་ལྔ་ཡི་འགྲོས་ཚད་ལྟར་ཤར་ལྷོའི་ཕྱོགས་སུ་མུ་ནས་མུ་རུ་རྒྱ་བསྐྱེད། ལོ་རེའི་རྩྭ་ས་དང་རྨོ་ཞིང་ཁུལ་ས་མུའུ་སྟོང་གསུམ་ལ་ཉེ་བ་ཙམ་བྱེ་མས་ཁྱུར་མིད་བཏང་སྟེ། ས་ཁོངས་དེ་བརྒྱུད་པའི་རྒྱལ་ལམ་དང་ཞིང་ཆེན་གྱི་གཞུང་ལམ། མུ་གེ་ཐང་གི་ཉེ་འཁོར་གཞུང་ལམ་གྱི་ཤར་གཏོང་། ཚ་རྔ་འགག་ཆུ་གློག་ས་ཚིགས་ཀྱི་བདེ་འཇགས་དང་ཉེ་འཁོར་མང་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བ། ཁྱད་པར་དུ་འཚོ་གནས་ཁོར་ཡུག་ལ་འཇིགས་སྐྲག་ཆེན་པོ་ཐེབས་ཏེ། རོང་འབྲོག་མང་ཚོགས་སྐོར་ཞིག་རྒྱང་རིང་དུ་གནས་སྤར་བ་དང་། སྐོར་ཞིག་རི་ཁུག་ཏུ་གནས་སྤར་ཏེ། “བྱེ་འགྱུར་ཇེ་ཆེར་སོང་བ་དང་བསྟུན་ནས་མི་ཕྱི་ལ་སྣུར་བ”ཡི་རྣམ་པ་མངོན་ཏེ། གནས་དེ་ནས་བྱེ་ཐང་དང་མིའི་རིགས་ཀྱིས་ཡུན་རིང་འཐབ་འཛིང་བྱས་པའི“བྱེ་འགོག་གཡུལ་འགྱེད”ལྟ་བུ་ཞིག་བྱུང་མྱོང་།

ལོ་མང་པོའི་རིང་ལ་རྫོང་ཡོངས་ཀྱི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ“སྐྱེ་ཁམས་རྫོང་འཛུགས་སྐྲུན་དང་། སྐྱེ་ཁམས་རྫོང་དར་སྤེལ”གྱི་འཕེལ་རྒྱས་འཐབ་ཕྱོགས་ལ་འགྱུར་བ་མེད་པར་བྱེ་འགྱུར་ཁུལ་བཀག་སྡོམ་སྲུང་སྐྱོབ་བྱས་ཤིང་། སྐྱེ་ཁམས་བཅོས་སྐྱོང་རིམ་བཞིན་ཆེད་ལས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་གྱི་ཕྱོགས་སུ་གོམ་ཁ་བསྒྱུར། ཁྱད་པར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། ཞིང་ཆེན་ནགས་ལས་ཐིན་སོགས་གཙོ་བདག་ལས་ཁུངས་དག་གི་ཚད་མཐོ་བའི་མཐོང་ཆེན་དང་ཤུགས་ཆེན་པོའི་རྒྱབ་སྐྱོར། ཀོས་ནན་རྫོང་གི་ལས་བྱེད་པ་དང་མང་ཚོགས་མང་པོའི་ཐུན་མོང་གི་འབད་བརྩོན་བརྒྱུད། བྱེ་སྣ་དང་དེའི་ཉེ་འཁོར་བྱེ་ཁུལ་དུ་སྔར་བྱུང་མ་མྱོང་བའི་གཞི་རྒྱ་ཅན་གྱི་དམག་དམངས་མཉམ་འབྲེལ་གྱིས་ས་མུའུ་ཁྲི་ལ་བྱེ་འགོག་བྱེ་བཅོས་བྱེད་པའི་ལས་འགུལ་སྤེལ།

2003ནས2005བར་གྱི་ལོ་གསུམ་གྱི་རིང་ལ་བསྡོམས་པས་སྡོང་རྐང་ཁྲི་གསུམ་དང་སྟོང་ལྔ་བཙུགས་གྲུབ་བྱུང་སྟེ། ཀོས་ནན་ས་ཁུལ་དུ་དམག་དམངས་མཉམ་འབྲེལ་གྱིས་བྱེ་བཅོས་བྱེད་པའི་སྲོལ་ཐོག་མར་བཏོད། དུས་མཚུངས་སུ། ལོ་རེར་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་དང་། དམངས་ཡོངས་འོས་འགན་ངལ་རྩོལ་ལ་གཞི་བཅོལ་ཏེ། བྱང་གསུམ་འགོག་སྲུང་ནགས་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ། བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ། བྱེ་འགྱུར་ས་གཞིར་བཀག་སྡོམ་སྲུང་སྐྱོབ་བྱེད་པ་སོགས་སྐྱེ་ཁམས་ཀྱི་བཟོ་འགོད་གཙོ་བོ་སྐོར་ཞིག་ལག་བསྟར་བྱས། ལོ་ངོ་ཉེར་གཅིག་ཙམ་གྱི་རིང་ལ་རིམ་བརྩིས་ཀྱི་དངུལ་བཏང་ཚད་སྒོར་དུང་ཕྱུར་བཅུ་གཉིས་ལས་བརྒལ་ཞིང་། བྱེ་བཅོས་བྱས་པའི་རྒྱ་ཁྱོན་མུའུ་ས་ཡ་གཅིག་དང་འབུམ་བཞི་ཁྲི་བདུན་ལ་སླེབས། རྫོང་ཡོངས་ཀྱི་ནགས་ཚལ་ཁེབས་ཚད1996ལོའི་སྔོན་གྱི་བརྒྱ་ཆའི་གཉིས་དང་གྲངས་ཆུང་དྲུག་ནས2015ལོའི་ལོ་མཇུག་ཏུ་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་དགུ་བཞི་བར་མཐོར་འདེགས་བྱུང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་བྱེ་རླུང་གནོད་འཚེའི་གནམ་གཤིས་ཇེ་ཉུང་དུ་ཕྱིན་ཏེ། ས་ཆ་བྱེ་འགྱུར་དང་། རྩྭ་ཐང་ཞན་འགྱུར་གྱི་འགྲོས་ཚད་ཇེ་དལ་དུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་གི་རྣམ་པར་ཡང་མངོན་གསལ་གྱི་འགྱུར་བ་ཐེབས་ཤིང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འཚོ་གནས་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་། “བྱེ་མས་མི་རྣམས་བཙན་གྱིས་ཕྱི་ལ་འདེད་པ”ནས“ལྗང་མདོག་རྒྱས་པ་དང་བསྟུན་ནས་བྱེ་མ་ཕྱི་ལ་བསྣུར་བ”ཡི་ལོ་རྒྱུས་ཀྱི་འགྱུར་ལྡོག་བྱུང་།

བྱེ་སྣའི་བྱེ་འགོག་བྱེ་བཅོས་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད་དང་། མཐོ་སྒང་གི་བྱེ་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གྲུབ་འབྲས་ཕྱི་ལ་འགྲེམ་སྟོན་བྱེད་པའི་ཆེད་དུ། 2016ལོ་ནས2017ལོའི་བར་ལ། ཀོས་ནན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ནོར་སྲིད་དཀོན་པའི་གནས་བབ་འོག་ཏུ། ཕྱོགས་མང་པོ་ནས་མ་དངུལ་བསྡུ་རུབ་བྱས་ཏེ། མ་དངུལ་སྒོར་ས་ཡ་བཞི་དང་འབུམ་ལྔ་བཏང་སྟེ། མཐོ་ཚད་ལ་མུས་ཉེར་གཅིག་ཅན་གྱི་འ་ཞའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྗོངས་གཟིགས་སྟེགས་བུ་གཅིག་བསྐྲུན་པ་དང་། སྤྱི་ལེ་གྲུ་བཞི་མ་ཉིས་བརྒྱ་ཅན་གྱི་ཕྱོགས་བསྡུས་འགྲེམ་སྟོན་ཁང་དང་ཁང་པའི་ཕྱི་ནང་ཆ་འགྲིག་སྒྲིག་བཀོད་བྱས་པའི་མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་བྱེ་སྣའི་བྱེ་འགོག་བྱེ་བཅོས་སྐོར་སྲུང་ས་ཚིགས་གཅིག་བཟོ་སྐྲུན་བྱས་ཡོད་པར་མ་ཟད། ཉེ་འཁོར་ས་ཁུལ་གྱི་བྱེ་མ་ཡོད་སར་བཟོ་འགོད་བྱེ་བརྟན་དང་སྡོང་འཛུགས་ལྗང་སྒྱུར་ལག་བསྟར་བྱས།

དུས་ཡུན་རིང་པོར། ཀོས་ནན་རྫོང་གི་གོང་འོག་ཚང་མས“སྐྱེ་ཁམས་སྲུང་བའི་འགན་འཁྲི་ཁག་ཁུར་དང་། དཀའ་སྤྱད་སྡུག་རུས་ཀྱི་གསར་གཏོད་སྙིང་སྟོབས། དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ། མཐུན་སྒྲིལ་དཀྱེལ་ཡངས་ཀྱི་ཡར་ཐོན་བསམ་བློ”བརྗོད་སྙིང་ཡིན་པའི“ཀོས་ནན་བྱེ་འགོག་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བྱས་ཏེ་ཡོང་བ་རེད། རྫོང་ཡོངས་ཀྱི་བྱེ་འགྱུར་བཅོས་སྐྱོང་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་བྱེ་འགྱུར་བཅོས་སྐྱོང་རྒྱ་ཁྱོན་གྱི་བརྒྱ་ཆའི་དྲུག་དང་གྲངས་ཆུང་དགུ་བཟུང་ཡོད་ཅིང་། ཁྱད་པར2018ལོར་མཚོ་ལྷོ་ཁུལ་གྱིས་གཏན་འབེབས་བྱས་པའི་དམིགས་འབེན་མུའུ་ཁྲི་གཉིས་དང་སྟོང་བརྒྱད་སུམ་བརྒྱ་ཚད་བརྒལ་ལེགས་འགྲུབ་བྱུང་བས། ལོ་དེའི་ཞིང་ཆེན་ཡོངས་ཀྱི་ལོ་འཁོར་རྒྱལ་ཁོངས་ལྗང་སྒྱུར་ལས་འགན་གྱི་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་བརྒྱད་ཟིན་ཡོད། ཚང་མ་མཉམ་ཞུགས་དང་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་རྣམ་པ་ཆགས་ཏེ། རྒྱལ་ཁོངས་ལྗང་སྒྱུར་དང་དབུལ་ཐར་འགག་སྒྲོལ་ཟུང་འབྲེལ་བྱས་ཏེ། ས་དེ་ནས་ལས་ཀ་པ་བཀོལ་སྤྱོད་བྱ་རྒྱུའི་བསྡུར་ཚད་ཇེ་མང་དུ་བཏང་ཞིང་། ས་དེའི་སྡོང་ཕྲུག་བཀོལ་ཚད་ཇེ་མང་དུ་བཏང་སྟེ། མང་ཚོགས་སྔར་ལས་མང་པོ་ཞིག་གིས་རང་གི་སྒོ་ཁ་ནས་ལས་ཞུགས་བྱེད་པ་མངོན་འགྱུར་བྱུང་བ་དང་། སྒོ་ཁའི་ཡོང་སྒོ་ཇེ་མང་དུ་གྱུར།

བཀྲ་ཤིས་རྒྱལ་ནི་ཀོས་ནན་སུམ་མདོ་གྲོང་རྡལ་སྟག་ལུང་སྡེ་བའི་མི་ཞིག་ཡིན་ཞིང་། ད་ལྟ་ཁོས་བྱེ་སྣེའི་རྒྱལ་རིམ་བྱེ་ཐང་སྤྱི་གླིང་དུ་སྐྱེ་ཁམས་བདག་སྐྱོང་པའི་ལས་ཀ་རྙེད་ཡོད་ཅིང་། ཁོ་ནི་སྐྱེ་ཁམས་བདག་སྐྱོང་པ་སྐོར་ཞིག་ཡོད་པའི་གྲས་ཀྱི་གཅིག་རེད། ཁོས་བཤད་རྒྱུར། ཁོ་ཚང་ནི་དབུལ་ཁྱིམ་ཞིག་ཡིན་ཞིང་། ད་ལྟ་གནས་འདི་ནས་སྐྱེ་ཁམས་བདག་སྐྱོང་པའི་ནང་དུ་བསྡུ་སྤྱོད་བྱས་ཟིན་པས། ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ཡི་ཟླ་ཕོགས་ལེན་བཞིན་ཡོད། གསར་འགོད་པས་ཁྱོད་ཚོ་ནགས་སྲུང་པ་དག་གིས་ཉིན་རེའི་བྱ་བ་ཇི་ལྟར་སྒྲུབ་བཞིན་ཡོད་ཅེས་དྲིས་པ་ན། ཁོས་བཤད་རྒྱུར། ཉིན་རེར་སོང་ནས་གཞན་གྱིས་སྡོང་པོ་གཅོད་ཀྱིན་ཡོད་མེད་ལ་སྐོར་ཞིབ་དང་། གད་སྙིགས་གཏོར་བཞིན་ཡོད་མེད་ལ་ལྟ་ཞིབ་བྱ་དགོས་ལ། དེ་ལས་གཞན་སྤྱི་གླིང་ནང་གི་ནགས་ཚལ་ལ་དུས་ལྟར་ཆུ་གཏོང་དགོས། དེ་དག་ནི་ལས་ཀ་ལྕི་མོ་ཞིག་མིན་ཏེ། རང་གི་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་འཚོ་བ་རོལ་བའི་བྱ་བ་འདི་འདྲའི་བཟང་པོ་ཞིག་ལག་ཏུ་རྙེད་པར་སེམས་གཏིང་ནས་དགའ་ཞིང་། གནས་འདིའི་སྐྱེ་ཁམས་བདག་སྐྱོང་པ་ཚོ་དང་མཉམ་དུ་མུ་མཐུད་དུ་བྱ་བ་འདི་ལ་འབད་པ་བྱེད་འདོད་ཡོད་ཅེས་གསར་འགོད་པར་བཤད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།