མཚོ་ལྷོས་མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་བ།
2019.10.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

 ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་ཇེ་མགྱོགས་དང་སྡེ་བའི་རྣམ་པ་བཅོས་སྐྱོང་བྱེད་པ་གཙོ་གནད་དུ་བཟུང་སྟེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པ་འདེགས་སྐྱོར་བྱས་ཏེ།ཞིང་སྡེའི་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ཧུར་ཐག་གིས་ལེགས་བཅོས་བྱས་པ་དང་། “ཞིང་སྡེ་མཛེས་པ་དང་ཞིང་གྲོང་མཛེས་པ། འཚོ་བ་སྐྱིད་པ།”“འཆར་འགོད་སྔོན་དུ་སྐྱོད་པ་དང་ལས་གཞིའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བའི”རྩ་དོན་ལྟར། མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱས། ད་ལོར་མཐོ་སྒང་གི་མཛེས་པའི་ཞིང་གྲོང33འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཀོད་ཅིང་། ཟླ8པའི་ཟླ་མཇུག་བར་དུ། ལས་གཞི32ལས་མགོ་བརྩམས་ཏེ་རིམ་བསགས་ཀྱིས་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གསུམ་ཁྲི་གསུམ་སྟོང་དྲུག་དགུ་བརྒྱ་བཏང་བ་རེད།རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་བ་ལེགས་པོར་བསྒྲུབ་ཆེད།མཚོ་ལྷོ་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་སྒོས《2019ལོའི་མཚོ་ལྷོ་ཁུལ་གྱིས་མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱེད་པའི་ལག་བསྟར་ཇུས་གཞི》འགྲེམ་སྤེལ་བྱས་ཤིང་། ཁུལ་དང་རྫོང་། ཞང་བཅས་རིམ་པ་གསུམ་གྱི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པས། མི་སྣ་དང་བྱེད་སྟངས། འགན་འཁྲི་བཅས་དམིགས་སར་ཐོན་པར་མ་ཟད། རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པ་དང་རིམ་པ་རེ་རེ་ནས་དངོས་འབེབས་དམ་འཛིན་བྱེད་པའི་བྱ་བའི་སྒྲིག་གཞི་ཞིག་གྲུབ། མ་དངུལ་གཏོང་བའི་ཕྱོགས་ནས་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁ་གསབ་རོགས་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་དགུ་བཀོད་སྒྲིག་བྱས་པ་དང་། ཁུལ་རིམ་པའི་ནོར་སྲིད་ཀྱིས་ཁ་གསབ་རོགས་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་བཀོད་སྒྲིག་བྱས་ལ། ཅང་སུའུ་རོགས་སྐྲུན་མ་དངུལ་ཁྲོད་ཁ་གསབ་མ་དངུལ་སྒོར་མོ་བྱེ་བ་གསུམ་དང་ས་ཡ་ལྔ་བཀོད་སྒྲིག་བྱས། རྫོང་སོ་སོས་ནོར་སྲིད་བཀོད་གཏོང་མ་དངུལ་ལས་མ་དངུལ་བཏང་བའི་རྨང་གཞིའི་སྟེང་། རིགས་སོ་སོའི་ཞིང་འབྲེལ་ལས་གཞི་མ་དངུལ་གཅིག་གྱུར་ཕྱོགས་བསྡུས་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སྲིད་གཞུང་གིས་གཙོ་ཁྲིད་དང་ཞིང་པ་ནང་དུ་ཞུགས་པ། སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པའི་དངུལ་གཏོང་ནང་རྐྱེན་ཆགས་ཏེ། མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་ལ་དངོས་འབྲས་ཐོབ་པར་ཁག་ཐེག་བྱས།འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དུ། 《མཚོ་ལྷོ་ཁུལ་གྱི་ཞིང་སྡེ་དར་རྒྱས་གོང་འཕེལ་གཏོང་བའི་འཐབ་ཇུས་འཆར་འགོད》དང《མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པའི་ཚད་གཞི》ལྟར། སྡེ་བའི་གནས་ཚུལ་ལ་གཞིགས་ནས་ཇུས་གཞི་བཏོན་ཏེ། ཐང་ཆེན་དང་སྒོ་ཆེན་ཐོག་ཁང་སོགས་ཕྱི་ངོས་བཟོ་སྐྲུན་དང་སྣང་བརྙན་བཟོ་སྐྲུན་རྒྱ་ཆེར་བསྐྲུན་པ་གཏན་འགོག་བྱས། འཛུགས་སྐྲུན་བྱ་བ་དེ་སྐྱེ་ཁམས་འཛུགས་སྐྲུན་དང་ཞིང་སྡེའི་རིག་གནས་ཀྱི་ཉིང་བཅུད་སོགས་ནང་དོན་དང་ཕན་ཚུན་ཟུང་འབྲེལ་ཡོང་བར་བྱས་ནས། ཐོན་སྐྱེད་དང་འཚོ་བ་དང་སྐྱེ་ཁམས་བཅས་མཉམ་འདྲེས་གཅིག་གྱུར་ཡོང་བར་དམིགས་པར་མ་ཟད། རོང་འབྲོག་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་།རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་རོལ་སྟངས་ལ་འཚམ་པ་དང་། མཚོ་ལྷོའི་སྲོལ་རྒྱུན་ཡུལ་སྲོལ་དང་ས་ཁོངས་རིག་གནས་ཕྱིར་མངོན་ཞིང་། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་མཐོ་སྒང་གི་མཛེས་པའི་ཞིང་གྲོང་ཧུར་ཐག་གིས་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བཞག ། 

                                                                                                   རྩོམ་སྒྲིག་པ། གཡང་འབུམ་རྒྱལ།