ཀྲུང་གོའི(ཧྲིན་ཀྲིན)རིག་དངོས་བཤམས་སྟོན་ཚོགས་འདུ་སྐབས་བཅོ་ལྔ་པའི་བརྗོད་དོན་བྱ་འགུལ་ཏེ་རྒྱལ་ཡོངས་སྐྱེ་ཁམས་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་རྩེ་གྲས་གླེང་སྟེགས་སམ2019ལོའི་ཀྲུང་གོའི་ཆེས་མཛེས་པའི་རྫོང་གི་མིང་ཐོ་ཁྱབ་སྒྲོག་ཚོགས་འདུ་སྟེང་དུ། “2019ལོའི་ཀྲུང་གོའི་ཆེས་མཛེས་པའི་རྫོང་གི་མིང་ཐོ”དངོས་སུ་ཁྱབ་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་རྫོང་དང་ཏ་ཐུན་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་། ལོ་ཏུའུ་ཆུས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆི་ལེན་རྫོང་བཅས་ཀྲུང་གོའི་ཆེས་མཛེས་པའི་རྫོང་གི་མིང་ཐོའི་གྲས་སུ་ཚུད་ཡོད།
“ཀྲུང་གོའི་ཆེས་མཛེས་པའི་རྫོང་གི་མིང་ཐོ”དཔྱད་འདེམ་གྱི་ཚད་གཞི་གཙོ་བོ་ནི“ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས”དང“སྐྱེ་ཁམས་ཀྱི་ཁོར་ཡུག་བཟང་པོ”ཡོད་པ་དེ་རེད། ཡང་གཅིག་བཤད་ན་ཕུན་ཚོགས་སྣ་མང་གི་ཡུལ་སྐོར་ཐོན་ཁུངས་ཀྱིས་ཡུལ་སྐོར་པ་འགུགས་ཐུབ་ལ། མཛེས་སྡུག་གི་འཚོ་བའི་ཁོར་ཡུག་གིས་ཡུལ་སྐོར་པ་སྡོད་དུ་འཇུག་ཐུབ་པ་ཞིག་ཡིན། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་གཏོང་བ་དང་ཡུལ་སྐོར་གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་པའི་སྣེ་ཁྲིད་འོག་ཏུ། “ཀྲུང་གོའི་ཆེས་མཛེས་པའི་རྫོང”གི་མིང་ཐོ་བསྒྲགས་ན། “མཛེས་པ་སྔོག་འདོན་དང་མཛེས་པ་བརྒྱུད་སྒྲོག མཛེས་པ་ལོངས་སྤྱོད”བྱེད་པའི་ཐད་དོན་སྙིང་ཆེན་པོ་ལྡན། དེ་ལས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ཚོང་རྟགས་གྲགས་ཅན་བསྐྲུན་ཐུབ་ལ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་ཐུབ། 2019ལོའི་ཀྲུང་གོའི་ཆེས་མཛེས་པའི་རྫོང་གི་གྲས་སུ་ཚུད་པའི་མཚོ་སྔོན་ཞིང་ཆེན་གྱི་རྫོང་ལྔ་པོ་རེ་རེ་བཞིན་མདོར་བསྡུས་ངང་མཚམས་སྦྱོར་བྱས་པ་གཤམ་གསལ་ལྟར།
ཡུལ་ཤུལ་ཁུལ་གྱི་ནང་ཆེན་རྫོང་།
མཚོ་སྔོན་ཞིང་ཆེན་གྱི་ལྷོ་སྣེ་རུ་གནས་པའི་ནང་ཆེན་རྫོང་དུ་སོང་ན། ཐོག་མར་མིག་ལམ་དུ་མངོན་པ་ནི་མཛེས་སྡུག་འབྱོར་ཕྱུག་གི་རང་བྱུང་རྩྭ་ཐང་ཡིན་ལ། རི་འདབས་ནས་རྒྱང་རིང་དུ་བལྟས་ན་སྔོ་དྭངས་དྭངས་ཀྱི་ཆུ་བོའི་སྟེང་དུ་ཉི་འོད་འཕྲོས་ཏེ་འོད་ལམ་ལམ་དུ་འཚེར་བ་དང་། མཐའ་བཞི་བོའི་སྔོ་ལྗང་ལྗང་གི་རི་བོ་དང་གཡའ་དག་པའི་ནམ་མཁའ། ལང་ལོང་དུ་འཁྲིགས་པའི་སྤྲིན་དཀར་བཅས་མཐོང་ན་དགའ་སྣང་ཚད་མེད་ཅིག་སྦྱིན་ཐུབ། ཡུལ་དེའི་ན་གཞོན་རྣམས་གླུ་གར་ལ་རོལ་བ་དང་། ཡུལ་གྲུ་ཀུན་ཏུ་ཚང་ཚིང་སྟུག་པའི་ལྗོན་ཤིང་ལྟ་ན་སྡུག མཐོ་སྒང་དུ་འདི་ལྟ་བུའི་ཅང་ནན་གྱི་མཛེས་ལྗོངས་ཡོད་པས་གནས་དེར་གཙང་གསུམ་འབྱུང་ཡུལ་གྱི་ཅང་ནན་ཆུང་བ་ཞེས་པའི་མཚན་སྙན་ཐོབ་ཡོད།
སྔོན་ཆད་ནང་ཆེན་རྫོང་ནི་ཡུལ་ཤུལ་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན་ལ། ཡུལ་དེ་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་སུ་ཆགས་ཤིང་ལྷོ་ཕྱོགས་རི་རྒྱུད་ཀྱིས་འཕྲེད་དུ་བཅད་ཡོད། བྱང་ཕྱོགས་མཐོ་སྒང་གཙོ་བོ་དང་ཉེ་ཞིང་མཚོ་སྔོན་ཞིང་ཆེན་གྱི་ཆེས་ལྷོ་སྣེ་ཡིན། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལྟེ་གནས་ཁུལ་དུ་གཏོགས། མཚོ་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི3643.7ཡོད། ལོ་འཁོར་མོའི་ཆ་སྙོམས་ཀྱི་དྲོད་ཚད་ཏུའུ་གྲངས3.8རེད། རྫོང་ཁོངས་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཉིས་བདུན་བརྒྱ་ཞེ་གཅིག་ཡོད།
རཱ་ཛ་གྲོག་རོང་ཆེན་མོའི་ཡུལ་ལྗོངས་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། ནང་ཆེན་རྫོང་གི་ལྕི་ཉིན་སྲིབ་ཞང་གི་ཁོངས་སུ་གནས་ཡོད། རྫ་ཆུའི་བཞུར་རྒྱུན་གཙོ་བོ་སྟེ་ལྕི་ཆུའི་བཞུར་མཚམས་གཙོ་བོ་ཞིག་ཡིན། གྲོག་རོང་དེ་ནི“ཉེན་ཁ་དང་མཛེས་སྡུག བརྗིད་ཆགས། ངོ་མཚར”བཅས་ཕུང་པོ་གཅིག་ཏུ་གྲུབ་པ་ཞིག་ཡིན་ལ། རིང་ཚད་ལ་ཧ་ལམ་སྤྱི་ལེ་བརྒྱད་ཡོད། ལྕི་ཆུ་གྲོག་རོང་དེ་རུ་དྲག་ཏུ་མར་འབབ་པ་དང་། གྲོག་རོང་ནང་དུ་རྡོ་ངོ་མཚར་ཅན་མང་པོ་གཅིག་ཐོག་གཅིག་ཏུ་བརྩེགས་པ། གསོམ་པ་དང་ཤུག་པ། སྡོང་ཕྲན་སྣ་ཚོགས་རྡོ་སྲུབས་དང་གཡང་གཟར་གྱི་བྲག་རི་ངོས་ནས་འགྱིང་ཉམས་ཀྱིས་སྐྱེས་ཡོད། དེའི་བར་གསེང་ནས་ཆུ་བོ་བྲག་ཏུ་མར་འཕྱོ་བཞིན་ཡོད།
ཟི་ལིང་གྲོང་ཁྱེར་གྱི་ཏ་ཐུན་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་།
གནས་དེ་ན་ལའོ་ཡེ་རི་བོ་དང་ཉང་ཉང་རི་བོ། ཚ་ཧན་ཆུ་བོའི་ནགས་ཚལ་སྤྱི་གླིང་། ཧེ་ཆོན་ཆུ་མཛོད། གསེར་ཁོག་ལུང་པའི་ལྗོངས་ཁུལ། མིན་རྒྱལ་རབས་ཀྱི་ལྕགས་རིའི་རྗེས་ཤུལ་བཅས་ཡོད་ལ། ཀྲུང་གོའི་དབྱར་བསིལ་གྲོང་ཁྱེར་གྱི་སྐྱེ་ཁམས་ར་བ་རུ་འབོད་པ་དང་། ས་ཆ་གཞན་དང་ཆེ་ཆེར་མི་འདྲ་བའི་སྔོ་བསངས་བསངས་ཀྱི་མཛེས་པ་དང་ལྟ་ན་སྡུག་པའི་བརྗིད་ཆགས་ཀྱི་མཛེས་སྡུག་ལྡན། གནས་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ཕྱོགས་རྨ་ཙོང་གྲོག་རོང་དུ་ཆགས་ཡོད་པ་རེད།
མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྫོང་།
ཁྲི་ཀའི་མངའ་ཁོངས་སུ་མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་འཛུགས་སྐྲུན་བྱས་པའི་ཁྲི་ཀའི་གནའ་མཁར་དང་ལོ་རྒྱུས་ཀྱི་ཡུན་རིང་བའི་ཡུལ་ལྷའི་ལྷ་ཁང་། ཀྲུང་ཧྭ་མ་ཎི་ཆུ་འཁོར་ཆེན་མོ། ཁྲི་ཀ་རྫོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་། རྨ་ཆུའི་ཆུ་འཁོར་ཐང་ཆེན་སོགས་ཡོད་ལ། ཡུལ་དེ་རུ་རི་ཀླུང་སྔོ་ཞིང་ཆུ་མོ་དྭངས་པ་དང་རི་རྩེ་མང་པོ་གནམ་དུ་ཟུག་པ། སིལ་ཏོག་གི་དྲི་མ་གང་སར་ཁྱབ་པས“མཐོ་སྒང་གི་གླིང་ཕྲན”དང“མཐོ་སྒང་གི་སིལ་ཏོག་གྲོང་ཁྱེར།”“མཚོ་སྔོན་གྱི་ཅང་ནན་ཆུང་བ”སོགས་ཀྱི་མཚན་སྙན་ཐོབ་ཡོད། ཁྲི་ཀ་རྫོང་གི་མི་ཆོས་རིག་གནས་ལོ་རྒྱུས་ཀྱི་ཡུན་རིང་ཞིང་མི་རིགས་རིག་གནས་ནི་གསང་བ་ལྐོག་གྱུར་ཞིག་རེད།
མཚོ་ཤར་གྲོང་ཁྱེར་གྱི་ལོ་ཏུའུ་ཆུས།
ལོ་ཏུའུ་ཆུས་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་བྱང་ཕྱོགས་ཀྱི་ཙོང་ཆུའི་བར་རྒྱུད་དུ་ཆགས་ཡོད་ལ། ནུབ་ཕྱོགས་མཚོ་ཤར་གྲོང་ཁྱེར་གྱི་ཕེན་ཨན་ཆུས་དང་འབྲེལ་ཡོད། ཡུལ་དེ་རུ་གནས་པའི་ལུའུ་པན་ཐིང་དང་གྲོ་ཚང་རྡོ་རྗེ་འཆང་། མའོ་ཀྲའེ་ལྗོངས་ཁུལ་བཅས་ཀྱི་སྙན་གྲགས་གང་སར་ཁྱབ་ཡོད།
གྲོ་ཚང་རྡོ་རྗེ་འཆང་ནི་ཀྲུང་གོའི་ནུབ་བྱང་ས་ཁུལ་གྱི་ཉར་ཚགས་བྱས་པ་ཆེས་འཐུས་ཚང་ཡིན་པར་མ་ཟད་གཞི་ཁྱོན་ཆེ་བའི་མིང་རྒྱལ་རབས་ཀྱི་ཨར་ལས་ཚོམས་ཤིག་རེད། མཚོ་སྔོན་གྱི་མཐའ་འཁོབ་ཏུ་གནས་ཡོད་རུང་ལོ་རྒྱུས་སྟེང་སྙན་གྲགས་ཤིན་ཏུ་ཆེ།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་ཀྱི་ཤར་ཕྱོགས་ཀྱི་སྤྱི་ལེ17མཚམས་སུ་གནས་པའི་ཀའོ་མེའོ་གྲོང་རྡལ་གྱི་ལིའུ་ཝན་སྡེ་བར“རྫ་ཁྲའི་ཕ་ཡུལ”གྱི་མཚན་སྙན་ཐོབ་ཡོད། ཡུལ་དེ་རུ་ཀྲུང་གོ་རུ་ཉར་ཚགས་བྱས་པ་ཆེས་བཟང་ཞིང་རིག་གནས་སྣ་གྲངས་ཆེས་མང་བ། རྙེད་པའི་རྫ་ཆས་ཀྱི་གྲངས་འབོར་ཆེས་མང་བའི་རྫ་ཁྲའི་བཤམས་སྟོན་ཁང་ཞིག་ཡོད། བཤམས་སྟོན་ཁང་དེ་རུ་རྫ་ཆས་ཁྲི2ལྷག་ཉར་ཚགས་བྱས་ཡོད་པ་རྒྱལ་ནང་དུ་འགྲན་ཟླ་བྲལ། ལྟ་ན་སྡུག་པའི་རྫ་ཁྲའི་བཟོ་དབྱིབས་དང་ལྐོག་གྱུར་གྱི་རྫ་ཁྲའི་ཚོན་རིས་མཐོང་ན་རྡོ་ཆས་གསར་མའི་དུས་རབས་སམ་ལི་ཆས་སྤྱོད་པའི་དུས་རབས་ཀྱི་མེས་པོ་རྣམས་ཀྱི་བློ་རིག་ལ་ངོ་མཚར་དང་ཡིད་སྨོན་སྐྱེ་སྲིད།
མཚོ་བྱང་ཁུལ་གྱི་ཆི་ལེན་རྫོང་།
ཆི་ལེན་རྫོང་ལ་ལྟ་ན་སྡུག་པའི་མཛེས་ལྗོངས་ཞིག་ཡོད་ལ། ཡུལ་དེ་རུ་བཙུན་མོ་སྒང་དང་ཨ་རིག་རྩྭ་ཐང་། མདོ་ལ་རིང་མོའི་རྩྭ་ཐང་། ཨ་མྱེས་སྟོང་སོ་སོགས་ཡོད། སྒེར་བསྐོར་ཡུལ་སྐོར་དུ་འགྲོ་ཡུལ་ཆེས་མཆོག་ཏུ་གྱུར་པ་ཞིག་རེད། ལྷག་པར་དུ་ཚོན་མདངས་རྣམ་པར་བཀྲ་བའི་བཙུན་མོ་སྒང་ནི་ཡིད་དབང་འཕྲོག་པའི་ཡུལ་ཁམས་ཤིག་ཡིན་ལ། ཡུལ་དེའི་སྔོ་ཐང་ཐང་དང་བརྗིད་ཉམས་མིག་ལམ་དུ་ཤར་རྗེས་སེམས་སྒོ་ཡངས་པར་ཕྱེ་བའི་ཚོར་སྣང་འབྱུང་ཐུབ།
ཨ་རིག་རྩྭ་ཐང་ནི་ཆི་ལེན་རྫོང་གི་ཨ་རིག་ཞང་གི་ཡུལ་གྲུ་དེར་གོ་ལ། རྩྭ་ཐང་དེའི་རྒྱབ་ངོས་ནི་མདོ་ལ་རིང་མོ་ཡིན་ལ་མུ་མཐའ་མེད་པའི་རྩྭ་ཐང་གི་ཡུལ་ལྗོངས་ཤིག་རེད། ལོ་རེའི་དབྱར་ཁར་མིག་མདུན་ཧྲིལ་པོ་སྔོ་ལྗང་ངེར་གནས་ཡོད་པས་ཡིད་སེམས་དབང་མེད་དུ་འཕྲོག་པ་དང་། ཨ་མྱེས་སྟོང་སོ་ནི་ཆི་ལེན་རྫོང་གི་མཚོན་རྟགས་ཡིན་ལ། རི་བོ་གཅིག་གི་སྟེང་དུ་དུས་ཚིགས་བཞི་བོའི་མཛེས་ལྗོངས་མཐོང་ཐུབ། རི་འདབས་སུ་གྲོ་སྙེའི་རྦ་རླབས་ལང་ལོང་དུ་གཡོ་ཞིང་ལོག་དཀར་མེ་ཏོག་གི་དྲི་མ་ཞིམ་པོ་གང་སར་ཁྱབ་ཡོད་པས་མཐོ་སྒང་རོང་ཁུལ་གྱི་མཛེས་ལྗོངས་མཐོང་བ་དང་། དེའི་གོང་དུ་གོས་ལྗང་ཐང་དུ་བཏིང་འདྲའི་རྩྭ་ཐང་ཡོད་པས། “མདོ་ལ་རིང་མོའི་འདབས་ཀྱི་རྩྭ་ར་བཟང་པོ”ཡི་མཚན་སྙན་ཐོབ་ཡོད། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།