ཉྭ་ནག་སོ་མ་སྡེ་བའི་མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་སྙན་མོ།
2019.10.30 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་ནི་ཡེ་ཞུའེ་ཧྥེང་བཟའ་མི་གང་བོར་མཚོན་ན་ནམ་ཡང་བརྗེད་ཐབས་བྲལ་ཞིང་ཕྱིར་དྲན་བྱེད་མི་འདོད་པའི་ཉིན་མོ་ཞིག་ཡིན་ཏེ། ཉིན་དེར་བཟའ་མི་གང་པོའི་འཚོ་བའི་བརྟེན་ས་གཙོ་བོར་གྱུར་པའི་ལུག་ཉིས་བརྒྱད་བརྒྱད་ཅུ་ལྷག་སྡེ་འདབས་ཀྱི་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་འཁྱགས་དོང་ཆེན་པོ་ཞིག་ཏུ་ལྷུང་ནས་གཅིག་ཀྱང་མ་ལུས་པར་ཤི་སྐྱོན་བྱུང་། སྐད་ཅིག་ཉིད་ལ་བཟའ་མི་གང་པོའི་མགོ་ཐོག་གི་གནམ་བརྡིབས་པ་དང་མིག་མདུན་དུ་མུན་རུབ་པ་ལྟ་བུའི་གོད་ཆག་ཉམ་ང་བ་བྱུང་ཏེ། སྐྱོ་བའི་མིག་ཆུ་ས་ལ་ལྷུང་བའི་སྐབས་སུ། བོད་རིགས་ཁྱིམ་མཚེས་རྒད་པོ་ཨ་ཁུ་ཚེ་ཚེ་ཡིས་མ་སྐུལ་དང་བླངས་སྒོས་རང་ཁྱིམ་གྱི་ལུག་བརྒྱད་དེད་དེ་ཁོ་ཚང་གི་སྒོ་ཁར་སླེབས་ཤིང་། སེམས་གསོ་བའི་སྐད་ཆ་དྲོན་མོ་མང་པོ་སྨྲས་པར་ཡེ་ཞུའེ་ཧྥེང་བཟའ་མི་གང་པོར་ཡིད་འགུལ་ཐེབས་ཏེ་མིག་ཆུ་ཤོར། གནས་ཚུལ་དེ་ཤེས་རྗེས་སྡེ་བའི་མགོ་ཁྲིད་ཚོས་ཀྱང་མྱུར་མོར་རྩ་འཛུགས་དང་སྣེ་ཁྲིད་སྒོས་སྡེ་བ་ཡོངས་ནས་བསྡོམས་པས་ལུག་བརྒྱ་དང་ཉི་ཤུ་དང་། སྒོར་མོ་སྟོང་གསུམ་ལྷག་གི་རོགས་དངུལ་གྲབས་གསོག་བྱས་ཏེ་ཁོ་ཚང་ལ་རོགས་རམ་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དེར་ཉན་རྗེས། ང་ཚོ་གསར་འགོད་ཚན་ཆུང་ལ་ཉྭ་ནག་སོ་མ་སྡེ་བའི་མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་སྙན་མོར་ལན་གཅིག་གསན་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས་པས། མ་བགྲོས་རང་མཐུན་གྱིས་གོམ་པའི་འདེགས་འཇོག་མཚོ་སྔོན་པོའི་ནུབ་བྱང་གི་མཚམས་སུ་ཆགས་པའི་ཉྭ་ནག་སོ་མ་སྡེ་བའི་ཕྱོགས་སུ་བསྒྱུར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཞང་ཉྭ་ནག་སོ་མ་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྒྱ་བོད་ཧའེ་གསུམ་འདུས་སྡོད་བྱས་ཡོད་པའི་སྡེ་བ་ཞིག་ཡིན་ལ། བསྡོམས་པས་ཁྱིམ་ཚང་བཞི་བརྒྱ་དང་བཅོ་བརྒྱད་དང་མི་གྲངས་སྟོང་གཅིག་དང་ལྔ་བརྒྱ་གོ་ལྔ་ཡོད། དེའི་ཁྲོད་བོད་རིགས་ཁྱིམ་ཚང་གིས་ཧ་ལམ་བརྒྱ་ཆའི་གོ་ལྔ་ཟིན་པ་དང་། རྒྱ་རིགས་དང་ཧའེ་རིགས་ཀྱི་ཁྱིམ་ཚང་ཅུང་ཉུང་བར་བཤད། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་རིགས་སོ་སོའི་སྡེ་དམངས་རྣམས་མཉམ་འཚོ་མཉམ་གནས་བྱས་ཏེ། སྡེ་བ་ཡོངས་ལ་མཐུན་སྒྲིལ་གྱི་མཁའ་དབུགས་སྟུག་པོ་ཞིག་ཆགས་ཡོད་པར་མ་ཟད། སྡེ་མི་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པའི་ངེས་ཤེས་ཟབ་མོ་ཆགས་ཡོད་པ་རེད། སྡེ་དོན་གལ་ཆེན་གང་ཞིག་ལ་ཐུག་ཀྱང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀས་མགོ་ཁྲིད་གཙང་བཙན་གྱི་འོག་ཏུ། མི་རིགས་གསུམ་ཀའི་སྡེ་མི་ཡོངས་ཀྱིས་ལྷན་དུ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱས་པ་དང་། སྡེ་མི་སུ་ཚང་དཀའ་ཁག་ལ་འཕྲད་ན། མི་རིགས་ཀྱི་དབྱེ་བ་དང་རྒྱུ་འབྱོར་བའི་ཁྱད་པར་མེད་པར་སྡེ་བའི་ཁྱིམ་ཚང་ཡོངས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་གྱི་ལག་ཟུང་བསྐྱངས་པའི་གོམས་སྲོལ་བཟང་པོ་ཞིག་ཆགས་འདུག་སྟེ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཁའ་འགྲོས་བཤད་པ་ལྟར་ན། སྡེ་བ་དེའི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་བརྩོན་ལེན་བྱེད་པའི་སྲོལ་བཟང་དེ་ནི་གནའ་ནས་ད་ལྟའི་བར་དུ་འགྱུར་བ་མེད་པར་རྒྱུན་བསྐྱངས་ནས་ཡོང་བ་ཞིག་ཡིན་ལ། སྔོན་ཆད་རང་ཉིད་ཆུང་དུས་སུ་སྡེ་བའི་ནང་དུ་རྒྱ་རིགས་དང་ཧའེ་རིགས་ཀྱི་ཁྱིམ་ཚང་བཞི་ལྔ་ཙམ་ལས་མེད་མོད། འོན་ཀྱང་ད་ལྟ་ཁྱིམ་ཁ་ཉི་ཤུ་ལྷག་ལ་སླེབས་ཡོད། ད་རག་བར་དུ་ཁ་མཆུ་དང་རྩོད་གཞི་ཆེ་གྲས་ཤིག་ཀྱང་བྱུང་མ་མྱོང་བར་རི་ཁ་ཁྱིམ་མཚེས་བར་གྱི་འབྲེལ་བ་ནི་ཆུ་དང་འོ་མ་བཞིན་དུ་འདྲེས་ཡོད་པར་བཤད།

ཉྭ་ནག་སོ་མ་སྡེ་བའི་མི་རིགས་དང་མི་རིགས་བར་གྱི་མཐུན་སྒྲིལ་ནི་ཕྱི་ལ་ངོམ་སོ་ཙམ་དང་མི་ཁས་བཤད་པ་ཙམ་ལས་དོན་གྱིས་སྟོང་བ་ཞིག་གཏན་ནས་མ་ཡིན་ཏེ། ཀྲུའུ་རེན་མཁའ་འགྲོས་ང་ཚོར་མཚམས་སྦྱོར་བྱས་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ་རྐང་ཚ་རྫོང་ཁོངས་སུ་བསྟུད་མར་ཉིན་འགའི་རིང་ཁ་བ་ཆེན་པོ་བབས་པས། ཉྭ་ནག་སོ་མ་སྡེ་བར་ཡང་གངས་སྐྱོན་ཚབས་ཆེན་ཐེབས་པ་དང་། ཕྱུགས་རྩྭ་ཆད་ནས་ཕྱུགས་ཟོག་མང་པོར་ཤི་སྐྱོན་བྱུང་བའི་གནད་འགག་གི་དུས་སྐབས་དེར། སྡེ་བའི་ནང་གི་ཧའེ་རིགས་ཁེ་ལས་པ་མཱ་ཆོན་དབྱི་ཡིས་རང་འགུལ་གྱིས་ཕྱུགས་རྩྭ་ཕོན་པོ་སྟོང་གཉིས་དྲུད་དེ་སྡེ་བར་སླེབས་པ་དང་། ཁྱིམ་ཚང་སུམ་བརྒྱ་དང་ལྔ་བཅུ་ལ་རིན་མེད་དུ་བྱིན་ནས་མིག་མདུན་གྱི་དཀའ་ཁག་སེལ་རོགས་བྱས་མྱོང་བའི་དོན་དེར་ད་ལྟ་ཕྱིར་འདང་རེ་བརྒྱབ་ན་སེམས་འགུལ་ཐེབས་པ་ཞིག་རེད། སྡེ་བ་དེར་དེ་དང་དེ་འདྲའི་གཏམ་རྒྱུད་མང་པོ་ཞིག་བྱུང་མྱོང་ཡོད་དེ། ཉྭ་ནག་སོ་མ་སྡེ་བ་ནི་དེ་སྔར་ཞིང་ཆེན་རིམ་པས་གཏན་འཁེལ་བྱས་པའི་དབུལ་ཕོངས་སྡེ་བའི་གྲས་ཡིན་ལ། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་སར་གྱི་སྔོན་དུ། ཧའེ་རིགས་སྡེ་མི་མཱ་ཅིན་ཧྥུ་ཡིས་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་བཅུ་གཉིས་ལ་ཕྱེ་དང་འབྲས་ཁུག་མ་གང་རེ་དང་། སྒོར་བཞི་བརྒྱ་རེ་ཡི་རོགས་དངུལ་བྱིན་ནས་ལོ་སར་སྐྱིད་པོ་ཞིག་རོལ་ཐུབ་པའི་སྨོན་འདུན་ཞུས་མྱོང་ཟེར། འདི་དང་འདི་ལྟ་བུའི་གཏམ་རྒྱུད་རེ་རེ་ལས། ཉྭ་ནག་སོ་མ་སྡེ་བའི་སྡེ་དམངས་བར་གྱི་མཐུན་སྒྲིལ་ནི་མི་རབས་ནས་མི་རབས་བརྒྱུད་དེ་ལོ་ཟླ་རིང་མོའི་ཁྲོད་དུ་སེ་འབྲུའི་ཚི་གུ་བཞིན་དམ་པོར་སྦྲེལ་ཡོད་པ་ཤེས་ཐུབ་ལ། གོང་གི་སྲིད་ཇུས་ཡག་པོ་དང་འོག་གི་དམངས་སེམས་མཐུན་པོ་གཞི་གཅིག་ཏུ་སྦྱར་ན། ཉྭ་ནག་སོ་མ་སྡེ་བའི་སང་ཉིན་ནི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་བར་གདོན་མི་ཟའོ།

                                                                                                     རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།