འཕེལ་རྒྱས་ཁྲོད་ཀྱི་རྩེ་ཁོག་རྫོང་བོད་སྨན་ཁང་།
2019.11.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 46

བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་ལོ་ངོ་བཞི་བཅུ་ནི། མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སོ་སོ་དར་རྒྱས་ཆེན་པོ་བྱུང་བའི་ལོ་ངོ་བཞི་བཅུ་ཡིན། བཅོས་བསྒྱུར་སྒོ་འབྱེད་མ་བྱས་པའི་ཡར་སྔོན་ལ། རང་ཞིང་གི་བོད་ཁུལ་དུ་དམངས་ཁྲོད་ཀྱི་མི་སྒེར་སྨན་པ་དང་རྐང་རྗེན་སྨན་པ་རེ་འགའི་སྨན་ཐུན་ཙམ་ལ་བརྟེན་པ་ལས། ཆེད་ལས་སྨན་པ་དང་བོད་སྨན་ཤིན་ཏུ་དཀོན་པས། སྤྱི་ཚོགས་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཤིན་ཏུ་ཞན། ལོ་ངོ་བཞི་བཅུ་རིང་གི་འབད་འབུངས་བརྒྱུད། དེང་སྐབས་བོད་ཀྱི་གསོ་རིག་དང་སྨན་བཅོས་ཀྱི་ཕྱོགས་ནས། གསོ་རིག་སློབ་ཆེན་ཅན་དང་གསོ་རིག་སྨན་པ་ཆེད་ལས་ཅན། བོད་སྨན་སྡེབ་སྦྱོར་བཟོ་གྲྭ་ཅན། བོད་ཀྱི་གསོ་རིག་སྨན་ཁང་ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ནས། དམངས་ཁྲོད་མི་སྒེར་གྱི་སྨན་བཅོས་བྱ་བ་དེ་རིམ་བཞིན་གཞུང་བཙུགས་སྨན་ཁང་གི་ཕྱོགས་སུ་འགྱུར་ལྡོག་ཆེན་པོ་བྱུང་།

དར་བ་ནས་རྒུད་པ་དང་། རྒུད་པ་ནས་དར་བའི་ཕྱོགས་སུ་འགྲོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། 1975ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ལ་མཚོན་ན་ཡང་དེང་གི་ཕྱི་གསལ་ནང་གསལ་ལྟ་བུའི་ཁང་བརྩེགས་དང་བསྣོལ་མར་ཆགས་པའི་གཞུང་ལམ་མེད་ལ། རྫོང་གི་གྲུ་ཟུར་ཞིག་ཏུ་ཁང་མིག་གྱན་འགའ་ལས་མེད་པའི་རྫོང་བོད་ལུགས་གསོ་རིག་སྒོ་བསྟེན་ཁང་གི་ནང་དུ་ཉིན་རེར་ནད་པ་ལྔ་དྲུག་ཙམ་ལས་མེད་སྟབས། རྩེ་ཁོག་རྫོང་དུ་བོད་སྨན་ཁང་ཞིག་ཡོད་མེད་ནི་ས་གནས་མང་ཚོགས་ཀྱི་དོགས་གཞིར་གྱུར་ཡོད།

ཏང་གི་སྲིད་ཇུས་བཟང་པོའི་འོག རྩེ་ཁོག་རྗོང་བོད་ལུགས་གསོ་རིག་སྒོ་བསྟེན་ཁང1984ལོར་དངོས་སུ་གཞུང་བཙུགས་སྨན་ཁང་དུ་བསྒྱུར་པ་དང་། ད་ལྟའི་རྫོང་བོད་སྨན་ཁང་འདིའི་རྨང་གཞིར་གྱུར་ནས།ས་གནས་མང་ཚོགས་ལས་གཞན་ཉེ་འཁོར་གྱི་རྫོང་དང་ས་གནས་ཀྱི་ནད་པ་མང་པོ་མི་འདོད་ནད་ལས་བསྐྱབས་མྱོང་།

ཧོར་གྲོང་རྡལ་ནས་ཡིན་པའི་རྒན་པ་བསྟན་མགོན་སྐྱབས་ཀྱི་སེམས་སུ་རང་ལ་མཆིན་པའི་ནད་བྱུང་ནས་ལོ་གང་མང་འགོར་བའི་རིང་ལ། རྫོང་བོད་སྨན་ཁང་དུ་བོད་ལུགས་གསོ་རིག་ལ་བསྟེན་ནས་སྨན་བཅོས་བྱས་པ་ཕྱིར་དྲན་བྱེད་དུས། ནམ་ཡང་བརྗེད་ཐབས་མེད་པ་ནི་སྔོན་གྱི་སྨན་པའི་ཞབས་ཞུའི་རྣམ་པ་དེ་རྟ་ཐོག་སྨན་པ་ཞིག་གིས་ཁྱིམ་ཚང་མང་པོར་སྐོར་ཞིབ་སྨན་བཅོས་བྱེད་པ་དང་། ད་ལྟའི་སྨན་པའི་ཞབས་ཞུའི་རྣམ་པ་ནི་ནད་པ་གསུམ་ལ་སྨན་པ་རེ་ཡོད་པས་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཟེར།

འགྱུར་ལྡོག་ཁྲོད་བོད་སྨན་དང་བོད་སྨན་བཅོས་ཐབས་ཀྱི་ཕན་ཡོན་མངོན་པར་གསལ་ཞིང་།བསྟེན་བདེ་བ་སོགས་ཀྱི་དགེ་མཚན་ཐད་ཀུན་གྱིས་ཁས་ལེན་ཐོབ་པ་དང་། སྨན་ཁང་གི་ཞབས་ཞུ་དང་སྨན་རིན་སོགས་ཀྱང་ས་གནས་མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ། 2014ལོར་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མ་དངུལ་སྒོར་བྱེ་བ་བདུན་ལྷག་བཏང་སྟེ། རྫོང་བོད་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་དང་ཞག་སྡོད་ཐོག་ཁང་། སྨན་པའི་སྨན་བཅོས་གཞུང་ལས་ཁང་། བོད་སྨན་སྡེབ་སྦྱོར་བྱེད་ས་ལ་སོགས་པའི་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དུ་བསྒྱུར་ཏེ།འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ2600ལ་སླེབས་ནས་སྨན་ཁང་གི་ཕྱིའི་ཆ་རྐྱེན་མངོན་གསལ་གྱིས་ཇེ་ལེགས་སུ་སོང་།

རྫོང་གི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་རྫོང་བོད་སྨན་ཁང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་བའི་ཕྱོགས་སུ་འགྲོ་བཞིན་པའི་སྐབས་སུ། ཡོན་ཀྲང་གི་འགན་བཞེས་པའི་འབྲུག་རྩེ་རྒྱལ་གྱི་སེམས་སུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས།སྨན་ཁང་གི་ཕྱིའི་སྒྲིག་བཀོད་དང་ནང་གི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་ཐད་བྱེད་ཐབས་སྣ་མང་བཏོན།

འབྲུག་རྩེ་རྒྱལ་གྱི་བསམ་པར་ཚན་ཁག་གསར་དུ་བཙུགས་ནས། ཚན་ཁག་དེ་དག་ལ་གཞན་དང་མི་འདྲ་བའི་སྨན་པའི་དཔུང་སྡེ་ངེས་ཅན་ཞིག་ཆགས་དགོས་པ་ནི་སྨན་ཁང་གི་སྲོག་རྩ་ཡིན་སྙམ་ཞིང་། ས་གནས་སྲིད་གཞུང་གིས་ཀྱང་སྨན་ཁང་དེའི་འཕེལ་རྒྱས་ལ་ཕན་པའི་སྲིད་ཇུས་བཏོན་ཏེ་སྨན་ཁང་དེའི་སྨན་པ་ཞིང་ཆེན་ཕྱི་ནང་གི་གསོ་རིག་སློབ་ཆེན་དང་སྨན་ཁང་ཆེན་མོར་མངགས་ནས་གསོ་སྦྱོང་གང་ལེགས་བྱས།

སྨན་གྱི་ཕན་ནུས་ལེགས་པོ་ཐོན་པར་དམིགས་ཏེ། སྔོན་བྱོན་སྨན་པ་བཟང་པོའི་ཕྱག་སྲོལ་གྱི་རྒྱུན་བསྐྱངས་དང་སྐྱོང་མུས་སུ་ཡོད་པ་ལས་གཞན། སྨན་ཁང་དེའི་ལས་བྱེད་པ་དག་ལ་བྱ་དར་དགོ་རྩེ་དང་སྒེའུ་ལྷ་མོ་སོགས་སྔོ་སྨན་སྐྱེ་སའི་གནས་དང་ཡུལ་བཟང་པོ་གང་མང་དུ་སྔོ་སྨན་འཐུ་བ་དང་འདུལ་སྦྱོང་། དུག་སེལ། གཙང་སེལ་ལ་སོགས་པའི་བོད་སྨན་སྡེབ་སྦྱོར་དང་ཐོན་སྐྱེད་བྱེད་པའི་ལས་རིམ་ངེས་ཅན་ཞིག་ཀྱང་ཆགས་པར་བྱས་ཡོད། བོད་ཀྱི་གསོ་རིག་བཅོས་ཐབས་ཀྱི་སྲོལ་རྒྱུན་བཟང་པོའི་རྒྱུན་སྐྱོང་བའི་ཞོར་ནས། དེང་རབས་གསོ་རིག་གི་ནད་བརྟག་འཕྲུལ་ཆས་དག་ཀྱང་བཀོད་སྦྱོར་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་གྱི་བཅོས་ཐབས་དང་དེང་རབས་ཚན་རྩལ་གཉིས་ཟུང་འབྲེལ་སྒོས་བོད་སྨན་དང་སློབ་ཁྲིད། སྨན་གཞུང་ཞིབ་འཇུག བོད་སྨན་སྡེབ་སྦྱོར་ཐོན་སྐྱེད་བཅས་གཞི་གཅིག་ཏུ་འཛོམས་པའི་རྫོང་རིམ་པའི་རིམ་གཉིས་ཀ་པའི་མི་རིགས་ཀྱི་གཞུང་བཙུགས་སྨན་ཁང་ཞིག་ཏུ་གྱུར་འདུག

དེང་སྐབས་རྫོང་བོད་སྨན་ཁང་དུ་གསོ་རིག་ཆེད་ལས་ལག་རྩལ་པ34དང་། མཐོ་རིམ་ཆེད་ལས་ལག་རྩལ་པ2། འབྲིང་རིམ་ཆེད་ལས་ལག་རྩལ་པ6། དམའ་རིམ་ཆེད་ལས་ལག་རྩལ་པ7བཅས་ཡོད་པ་དང་། བོད་ལུགས་གསོ་རིག་གི་ཆེད་ལས་ལག་རྩལ་པས་ལས་བཟོ་པ་ཡོངས་ཀྱི་བརྒྱ་ཆའི་དགུ་བཅུ་ཟིན་ལ། ནད་གཡོག་མར་བོད་ལུགས་གསོ་རིག་དང་ལག་རྩལ་གསོ་སྦྱོང་བྱས་ཚད་བརྒྱ་ཆའི་གྱ་དྲུག་ལ་སླེབས། སྨན་ཁང་གི་འགན་ཁུར་པ་གཙོ་བོ་དང་ལས་སྒོའི་དོ་དམ་པ། ཚན་ཁག་གི་འགན་ཁུར་པ་གཙོ་བོ་བཅས་ཀྱིས་བོད་ལུགས་གསོ་རིག་ཆེད་ལས་ཤེས་བྱ་དང་དོ་དམ་ཤེས་བྱ་སྦྱངས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན། སྨན་ཁང་འདིར་ད་ལྟ་ནད་ཁྲི150དང་སྨན་བཅོས་མི་སྣ143ལྷག་ཡོད་ལ། གདན་ཞུ་བྱས་པའི་ཆེད་མཁས་པ5དང་འབུམ་རམས་གཞོན་པའི་སྨན་པ2། རབ་འབྱམས་པ12དང་དཀའ་བཅུ་བ17བཅས་ཡོད། སྨན་ཁང་ཡོངས་སུ་སྨན་སྦྱོར་ཚན་ཁག་དང་སྨན་ལུམས་ཚན་ཁག སྣ་འཛོམས་སྒོ་བསྟེན་ཚན་ཁག དཔྱད་བཅོས་ཚན་ཁག སྣ་འཛོམས་ཁོང་ནད་ཚན་ཁག མོ་ནད་ཚན་ཁག སྨན་ཞབས་ཚན་ཁག DRའགྱེད་འཕྲོ་བརྟག་དཔྱད་ཁང་། Bསྒྲ་རླབས་དང་ཚོན་ལྡན་སྒྲ་བརྒལ་བརྟག་དཔྱད་ཁང་། སྙིང་རིས་བརྟག་དཔྱད་ཁང་། རྫས་འགྱུར་བརྟག་དཔྱད་ཁང་སོགས་ཚན་ཁག་བརྒྱད་གསར་དུ་བཙུགས་ཤིང་། དེའི་ནང་དུ་སྨན་ལུམས་ཚན་ཁག་དང་ཕྱི་བཅོས་ཚན་ཁག་ནི་གཙོ་གནད་དུ་འཛིན་བཞིན་ཡོད་ལ། སྨན་ཁང་འདིས་གཙོ་བོ་ཨུཏྤལ་དང་སྲོ་ལོ་དཀར་དམར། བོང་བ་དཀར་པོ་ལ་སོགས་པའི་སྔོ་སྨན་དག་ཀྱང་བྱ་དར་དགོ་རྩེ་དང་སྒེའུ་ལྷ་མོ་སོགས་གཙོ་བྱས་པའི་རང་ས་གནས་སུ་བཏུས་ཤིང་། སྨན་སྦྱོར་ཚན་ཁག་གིས་མུ་ཏིག་བདུན་ཅུ་སོགས་སྨན་སྣ166ལྷག་ཐོན་སྐྱེད་བྱེད་ཀྱིན་ཡོད།

ཉེ་བའི་ལོ་འགའི་རིང་ལ་སྨན་ཁང་གིས་ཟུར་ལུགས་ཀྱི་ཕྱག་སྲོལ་ལྟར་སྨན་སྣ་སྡེབ་སྦྱོར་བྱེད་བཞིན་ཡོད་ལ།སྨན་ཡོན་གྱི་ཆ་ནས་ཀྱང་ནད་པ་གཙོ་བོར་འཛིན་པའི་དགོངས་དོན་ལྟར། ནད་པའི་དཀའ་ཁག་བསམས་ནས་རིན་གོང་ཡང་ཅུང་བདེ་མོ་བྱས་ཡོད། 2018ལོར་བོད་སྨན་ཁང་འདིའི་སྒོ་བསྟེན་ཁང་གིས་ནད་པ17500ལྷག་ལ་སྨན་བཅོས་བྱས་ཤིང་། སྒོ་བསྟེན་བོད་སྨན་གསོ་བཅོས་བྱས་ཚད95%ལ་སླེབས་པ་དང་། ཉིན་གཅིག་ལ་ནད་པ90ལྷག་ལ་ནད་བརྟག་དང་གསོ་བཅོས་བྱས་དང་བྱེད་བཞིན་ཡོད། གོང་གི་གྲངས་ཀ་དེ་དག་ལས་རྟོགས་ཐུབ་པ་ནི་སྨན་ཁང་ཐོག་མར་བཙུགས་པའི་དུས་ལས་ལྡབ་བཅུ་ལྷག་འཕར་ཐུབ་པ་བྱུང་བ་རེད།

ལོ་ངོ་མང་པོའི་རིང་ལ་འབད་བརྩོན་བྱས་པས་ད་ལྟའི་རྩེ་ཁོག་རྫོང་བོད་སྨན་ཁང་ལ་ས་གནས་མང་ཚོགས་ལས་གཞན་པའི་རྫོང་དང་ཁུལ། དེ་མིན་ཞིང་ཆེན་རིམ་པ་ནས་གཟེངས་བསྟོད་ཐོབ་ནས་མི་ལུས་བདེ་ཐང་དང་བོད་ལུགས་གསོ་རིག་གི་ཐད་བྱས་རྗེས་བཞག་དང་འཇོག་བཞིན་ཡོད། །

                                                                                  རྩོམ་སྒྲིག་པ།   གཡང་འབུམ་རྒྱལ།