རྨ་ལྷོ་ཁུལ་གྱིས་རོང་འབྲོག་ཁུལ་གྱི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱ་བ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས།
2019.11.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

རྨ་ལྷོ་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་དོན་འཁྱོལ་བྱས་པ་དང་། “གསང་སྤྱོད་གསར་བརྗེ”དང་འཚོ་བའི་གད་སྙིགས་ཐག་གཅོད། འཚོ་བའི་བཙོག་ཆུ་ཐག་གཅོད། སྡེ་བའི་རྣམ་པ་ལེགས་བཅོས་རིམ་སྤར་བྱེད་པ། ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་ཀྱི་གད་སྙིགས་ཐོན་ཁུངས་ཅན་དུ་བརྩིས་ནས་བཀོལ་སྤྱོད་བྱེད་པ། སྡེ་བ་འཆར་འགོད་འཛུགས་སྐྲུན་སོགས་འགན་འཁྲི་གཙོ་བོ་དྲུག་གཅིག་གྱུར་སྒོས་སྐུལ་འདེད་བྱས་པ་དང་། སྡེ་དམངས་ལ་འཕྲོད་བསྟེན་གྱི་གོམས་སྲོལ་བཟང་བོ་ཆགས་པ་དང་འཛུགས་སྐྲུན་འཐུས་ཚང་དང་དོ་དམ་རྐྱེན་སྲོལ། འགན་སྲུང་བྱེད་ཐབས་ཆ་ཚང་ལག་བསྟར་བྱེད་པ་བཅས་ཀྱི་བྱ་བའི་རེ་བར་དམ་པོར་དམིགས་པ་དང་སྐུལ་ཁྲིད་བྱས་ཏེ། རོང་འབྲོག་ཁུལ་གྱི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་མཁར་གྲོང་གི་བཙོག་ཆུ་དང་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་བྱས་ཚད་སོ་སོར་བརྒྱ་ཆའི་གོ་བཞི་དང་བརྒྱ་ཆའི་གྱ་གཅིག་གྲངས་ཆུང་ལྔ་རུ་སླེབས་ཡོད། མཁར་གྲོང་གི་ཆུ་ཁུངས་གནས་ཀྱི་ཆུ་སྤུས་ཚད་ལྡན་དུ་སླེབས་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ཡོད། རླུང་ཁམས་ཆེན་མོའི་ཁོར་ཡུག་སྤུས་ཚད་ལེགས་པའི་བསྡུར་ཚད་བརྒྱ་ཆའི་གོ་གསུམ་དང་གྲངས་ཆུང་བཞི་རུ་སླེབས་ཡོད་ལ། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་གསུམ་གཉིས་སུ་སླེབས་ཡོད། རྩེ་ཁོག་རྫོང་ལ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་སྡོད་གནས་ཁོར་ཡུག་ལེགས་བཅོས་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ། བདེ་སྐྱིད་སྡེ་བ་ཀྲུང་གོའི་མཛེས་པའི་སྤྲོ་གསེང་ཞིང་སྡེ་རུ་བདམས་ཤིང་། བཙན་མོ་ཞང་ལ་སྔ་རྗེས་སུ་རྒྱལ་ཡོངས་མཛེས་སྡུག་གི་གནས་ལ་འཚམ་པའི་སྡེ་བར་བདམས་པ་དང་། ཞིང་སྡེའི་སྡོད་གནས་ཁོར་ཡུག་གཞི་རྩའི་འགན་སྲུང་དཔེ་སྟོན་སྡེ་བ་དང་། རྒྱལ་ཡོངས་དཔལ་ཡོན་སྡེ་བ་སོགས་ཀྱི་གཟི་བརྗིད་མཚན་སྙན་གནང་།

རོང་འབྲོག་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་པ། རོང་འབྲོག་པས་སེམས་ཁུར་དང་དོ་སྣང་བྱེད་བཞིན་པའི་གསང་སྤྱོད་གསར་བརྗེ་དང་གད་སྙིགས་བསྡུ་ལེན། བཙོག་ཆུ་ཐག་གཅོད། བགྲོད་ལམ་འཛུགས་སྐྲུན་སོགས་དམངས་ཚིས་གནད་དོན་ཐག་གཅོད་ཐད་མགྱོགས་མྱུར་སྒོས་ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་གི་རྨང་གཞིའི་སྒྲིག་ཆས་ཀྱི་མི་འདང་ས་ཁ་གསབ་བྱས། 2018ལོའི་ཚུན་ལ། ཁུལ་ཡོངས་སུ་རོང་འབྲོག་ཁྱིམ་ཚང་གི་གསང་སྤྱོད་ཁང་ཁྲི་གཅིག་དང་སྟོང་དྲུག་ལེགས་བསྒྱུར་བྱས་པ་དང་། མཁར་གྲོང་གི་གད་སྙིགས་གཙང་སེལ་གནས་བཅུ་བདུན་འཛུགས་སྐྲུན་བྱས་པ། གད་སྙིགས་སྡུད་ཆས་སྟོང་གཅིག་ཉིས་བརྒྱ་གཅིག་བྱིན་པ། གད་སྙིགས་སྒམ་ཁྲི་གཅིག་དང་སྟོང་གཉིས་དགུ་བརྒྱ་བྱིན་པ། གད་སྙིགས་བསྡུ་ལེན་རླངས་འཁོར་སུམ་བརྒྱ་ང་ལྔ་བྱིན་པ། གད་སྙིགས་ཏུན་ཁྲི་གཅིག་ལྷག་གཙང་སེལ་བྱས་པ་དང་། མི་གྲངས་འབུམ་གཉིས་དང་ཁྲི་གཉིས་སྟོང་བརྒྱད་བདུན་བརྒྱ་ལ་ཕན་ཁེ་ཐོབ་པ་མ་ཟད། “ཁྱིམ་ཚང་གིས་གད་སྙིགས་གཅིག་བསྡུས་བྱེད་པ་དང་སྡེ་བས་གཅིག་བསྡུས་བསྡུ་ལེན་བྱེད་པ། ཞང་དང་གྲོང་རྡལ་གྱིས་སྐྱེལ་འདྲེན་བྱེད་པ། རྫོང་གིས་ཐག་གཅོད་བྱེད་པའི”གད་སྙིགས་འཁོར་སྐྱོད་ཐག་གཅོད་མ་ལག་གཞི་རྩའི་སྟེང་གྲུབ། ཚད་ལྡན་མིན་པའི་གད་སྙིགས་སྤུངས་གནས་རེ་བཞི་ལ་ལེགས་བཅོས་ཆེན་པོ་བྱས་པས། རོང་འབྲོག་ཁུལ་གྱི་གད་སྙིགས་རིགས་དགར་ནས་ཐག་གཅོད་བྱེད་པའི་ཚོད་ལྟའི་གནས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས། བཙོག་ཆུ་ཐག་གཅོད་ས་ཚིགས་བརྒྱད་འཛུགས་སྐྲུན་བྱས་པ་དང་། འཚོ་བའི་གད་སྙིགས་དྲོད་ཚད་མཐོ་བའི་ཐག་གཅོད་སྒྲིག་ཆས་གཅིག་ལས་པ། བཙོག་ཆུ་ཕྱིར་འདོན་སྦུ་གུ་སྤྱི་ལེ་ཞེ་ལྔ་འཐེན་པ། ཞིང་སྡེའི་གཞུང་ལམ་སྤྱི་ལེ་སུམ་བརྒྱ་སོ་གཅིག་གསར་དུ་ལས་ལ། སྡེ་བར་ཐོན་པའི་སྲ་བསྒྱུར་གཞུང་ལམ་སྤྱི་ལེ་སྟོང་གཉིས་དང་སོ་གཅིག་ལས་པས། རོང་འབྲོག་མང་ཚོགས་ཕྱི་རུ་འགྲོ་བར་སྔར་ལས་བདེ་འཇགས་དང་སྟབས་བདེ་བཟོས།

“གཙང་སེལ་གསུམ་དང་བསྒྱུར་བཀོད་གཅིག”གི་གཙང་སེལ་བྱ་འགུལ་ལ་ཐོག་མའི་གྲུབ་འབྲས་ཐོབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བཅོས་སྐྱོང་གི་ཚད་གཞི་ལ་མཐོ་དམའ་ཡོད་པ”དང“དམིགས་འབེན་ནི་གཙང་ཞིང་གྲལ་དག་པ་ཡིན་པའི”དགོངས་དོན་གལ་ཆེན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། སྔ་རྗེས་སུ་རོང་འབྲོག་ཁུལ་གྱི་སྡེ་བའི་གཙང་སྦྲའི་བྱ་འགུལ་ལ་ཤུགས་བསྣན་ནས། “སྡོད་གནས་ཁོར་ཡུག་ལེགས་བཅོས་ལ་ཤུགས་སྣོན་པ་དང་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན”བྱ་འགུལ་མགོ་བརྩམས་ཏེ། རོང་འབྲོག་ཁུལ་གྱི་སྡོད་གནས་ཁོར་ཡུག་གཅིག་བསྡུས་སྒོས་ལེགས་བཅོས་བྱས་པ་དང་། སྡེ་བའི་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་བྱེད་པ་དང་དང་བླངས་བ་ཟབ་ཞུགས་བྱེད་པ། ཁོར་ཡུག་ཤེས་བྱའི་དྲིལ་སྒྲོག་སློབ་རར་བསྐྱོད་པ། སྡོད་ཁུལ་གྱི་གཙང་སྦྲ་བཟང་བོར་བྱེད་པ། སྒོ་ཕྱུགས་གསོ་སྤེལ་ར་བའི་ལྕི་འདམ་གཙང་སེལ་བྱེད་པ། སྡེ་བའི་རྣམ་པ་ལེགས་བཅོས་དང་རིམ་པ་སྤར་བ་སོགས་ཆེད་སྤྱོད་བྱ་འགུལ་ཆེན་པོ་བརྒྱད་གཅིག་བསྡུས་སྒོས་ལག་བསྟར་བྱས་ཏེ། རིམ་བསགས་བྱས་ན་རིགས་མི་འདྲ་བའི་གད་སྙིགས་ཏུན་སྟོང་བརྒྱད་དང་སྡེ་བ་ནང་ཁུལ་གྱི་གྱང་བཤིག་རོ་སྟོང་གཅིག་ལྷག ལྡུམ་ར་མུས་གྲུ་བཞི་མ་སྟོང་དྲུག་བཅས་གཙང་སེལ་བྱས། འཚོ་བའི་གད་སྙིགས་རིགསབཀར་ནས་ཕྱིར་བསྡུ་བྱེད་པའི་ཚོད་ལྟའི་གནས་བཙུགས་པ་དང་། རོང་འབྲོག་ཁུལ་གྱི་ཁོར་ཡུག་རྙོག་འཛིང་དང་ཞན་པའི་གནད་དོན་ལ་ཕན་ནུས་ལྡན་པའི་ཚོད་འཛིན་ཐོབ། དཔེར་ན། གཙན་ཚ་རྫོང་སྐྱ་རྒྱ་ཞང་གིས་གད་སྙིགས་རིགས་བཀར་ནས་ཆ་བསགས་དངུལ་བརྗེས་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དང་། གད་སྙིགས་རིགས་བཀར་བའི་བཟང་ངན་བཀར་ནས། ཁྱིམ་ཚང་རེས་ཟླ་རེར་གད་སྙིགས་རིགས་བཀར་བའི་གནས་ཚུལ་སྤྱི་བསྒྲགས་བྱས་པ་དང་། ཁྱིམ་ཚང་དོན་ལྔ་ཡི་མང་ཚོགས་ཀྱི་ཆ་བསགས་དངུལ་བརྗེས་ལག་བསྟར་བྱས་ཏེ་སྒོར་སྟོང་གསུམ་གྱི་འཚོ་བའི་མཁོ་ཆས་བརྗེས། དེ་ལྟར་བྱས་པའི་སྡེ་བ་རེ་རེའི་གད་སྙིགས་སྐྱེལ་འདྲེན་ཐག་གཅོད་ཀྱི་མ་རྩ་སྒོར་སྟོང་གཉིས་དང་ལྔ་བརྒྱ་ཇེ་ཉུང་དུ་བཏང་བ་དང་། མང་ཚོགས་གད་སྙིགས་རིགས་དགར་བའི་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་ལ་ཕན་ནུས་ཡོད་པའི་སྒོ་ནས་སྙོམས་སྒྲིག་བྱས་པས། ཞིང་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ལ་ཕན་ནུས་ལྡན་པའི་སྐུལ་འདེད་བྱས།

ཞིང་ཕྱུགས་ལས་ཀྱི་ལྷད་མེད་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་། ཐོན་རྫས་ཀྱི་ཐོན་ཚད་ཇེ་ཉུང་དུ་གཏོང་བ་དང་། ཐོན་སྐྱེད་དག་གཙང་ཅན་དུ་གཏང་བ་སོགས་བྱས་ཏེ། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱས། ས་གཤིས་ལ་ཚད་འཇལ་བྱས་ཏེ་ས་ཞིང་མུའུ་འབུམ་གཅིག་དང་ཁྲི་གཅིག་ལ་ལུད་རྫས་གཏོར་བ་དང་། སྐྱེ་ལྡན་ལུད་རྫས་ཀྱིས་རྫས་འགྱུར་ལུད་རྫས་ཀྱི་ཚབ་བྱས་ཏེ་ཐོན་ཚད་འཕར་བར་བྱས་པར་མ་ཟད། རྫས་འགྱུར་ལུད་རྫས་ཀྱི་བཀོལ་ཚད་ལོ་སྔོན་མ་ནས་བརྒྱ་ཆའི་སོ་བརྒྱད་ལྷག་གིས་ཇེ་ཉུང་དུ་སོང་ཡོད། སྒོ་ཕྱུགས་ཀྱི་ལུད་རྫས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཚད་བརྒྱ་ཆའི་ཞེ་ལྔར་བསླེབས་ཡོད། ཧི་ནན་རྫོང་གི་སྒོ་ཕྱུགས་གསོ་སྤེལ་གྱི་མཁོ་མེད་རྫས་ཀྱི་ཐོན་ཁུངས་བེད་སྤྱོད་ལས་གཞི་ལག་བསྟར་བྱས་ཏེ། ཐུན་རིན་དང་གཅན་ཚ་རྫོང་གཉིས་ཀྱི་སྒོ་ཕྱུགས་ཀྱི་གཞི་རྒྱ་ཆེ་བའི་གསོ་སྤེལ་ར་བའི་ཁུལ་གསུམ་དབྱེ་བགོ་ཡོངས་འགྲུབ་བྱས་པ་དང་། ཁྲིམས་ལྟར་སྒོ་ཕྱུགས་གསོ་སྤེལ་ར་བ་ཉེར་གཉིས་ཀྱི་སྒོ་བརྒྱག་ཏུ་བཅུག ཞིང་ལས་ལོ་ཏོག་གི་གཞུང་རྟའི་ཕྱོགས་བསྡུས་བེད་སྤྱོད་གཏིང་ཟབ་ཏུ་སྤེལ་བ་དང་། ལུད་རྫས་ཅན་དང་གཟན་ཆས་ཅན། འབར་རྫས་ཅན་སོགས་སྣ་མང་བེད་སྤྱོད་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ལོ་ཏོག་གི་གཞུང་རྟའི་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཚད་བརྒྱ་ཆའི་ཞེ་གཅིག་ལྷག་ལ་བསླེབས་པ་དང་། ས་འགེབས་འགྱིག་ཤོག་ཕྱིར་བསྡུས་ཀྱི་ཚད་བརྒྱ་ཆའི་གྱ་བདུན་ལ་བསླེབས།

སྡེ་བའི་རྣམ་པ་ལེགས་བསྒྱུར་རིམ་སྤར་ཐད་ཉིན་རེ་བཞིན་གྲུབ་འབྲས་མངོན་གསལ་བླངས། ནུས་ཤུགས་ཡོད་དགུས་སྡེ་བ་གཙང་སྒྱུར་དང་ལྗང་བསྒྱུར། མཛེས་སྒྱུར། ལེགས་སྒྱུར། རིག་གནས“བཟོ་སྐྲུན་ལྔ”ལག་བསྟར་བྱས་ཏེ། ཞིང་སྡེའི་སྤྱི་པའི་བར་སྟོང་དང་ཁྱིམ་རའི་ཁོར་ཡུག་ལེགས་བཅོས་ལ་ཤུགས་བསྣན་ནས། ཞིང་སྡེའི་རྣམ་པ་འབུར་དུ་ཐོན་པ་དང་ཞིང་སྡེའི་རིན་ཐང་གསལ་བོ་མངོན་དུ་བཅུག མཐོ་སྒང་གི་མཛེས་པའི་ཞིང་སྡེ་ཞེ་གསུམ་འཛུགས་སྐྲུན་བྱས་པ་དང་། སྲོལ་རྒྱུན་སྡེ་བ་སྲུང་སྐྱོབ་བཟོ་སྐྲུན་བཅུ་དགུ་ལག་བསྟར་བྱས་པ། སྡོད་ཁུལ་རྙིང་བའི་ཁྱིམ་ཚང་སྟོང་གཅིག་བརྒྱ་དང་བཅོ་བརྒྱད་དང་རོང་འབྲོག་པའི་ཉེན་ཁང་ཁྱིམ་ཚང་སྟོང་གསུམ་དང་བརྒྱད་བརྒྱ་རེ་ལྔ་བསྒྱུར་བཀོད་བྱས། ཞིང་སྡེའི་གཞུང་ལམ་ལས་གཞི་གྱ་བདུན་ལག་བསྟར་བྱས་པ་དང་། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་རིམ་འཕར་བཟོ་སྐྲུན་སྡེ་བ་ང་བཞི་རུ་ལག་བསྟར་བྱས་ལ། མང་ཚོགས་ཁྲི་གསུམ་དང་སྟོང་བདུན་ལྷག་ལ་ཕན་ཁེ་ཐོབ། ཞང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་སོ་གཉིས་དང་སྡེ་བ་རིམ་པའི་རིག་གནས་བྱ་འགུལ་ཁང་བརྒྱ་དང་གོ་བཞི། རོང་འབྲོག་ཁྱིམ་གྱི་དཔེ་ཁང་ཉིས་བརྒྱ་རེ་གཅིག དགོན་པའི་དཔེ་ཁང་དོན་བདུན་དང་འཁོར་སྐྱོད་དཔེ་ཆ་བལྟ་ས་བཞི་བཅས་འཛུགས་སྐྲུན་བྱས། གཞི་རིམ་གྱི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལས་གཞི་ཞེ་དགུ་དང་རིག་གནས་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པའི་བཟོ་སྐྲུན་བརྒྱ་དང་རེ་ལྔ་བཅས་ལག་བསྟར་བྱས་པ་དང་། སྡེ་བ་རིམ་པའི་རིག་གནས་ཞབས་ཞུ་ལྟེ་གནས་ལས་གཞི་སོ་གསུམ་ཧྲིལ་བསྡུས་བྱས་ལ། མང་ཚོགས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་ལྟེ་གནས་དང་གཞི་རིམ་དུ་བསྐྱོད་པ་བཞི་སོགས་ཀྱི་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་བས། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་སུ་འབྲངས་པར་ཡིད་ཆེས་སྔར་ལས་བརྟན་པོར་བཏང་།

ལོ་ཙཱ་བ། ཤ་བོ་རིན་མཚོ།