ལོ་ངོ་གསུམ་གྱི་རིང་ལ། དམངས་འཚོ་དང་འབྲེལ་བའི་དོན་དངོས་རེ་རེ་གནས་འདིར་རྩ་བ་ཚུགས་ཤིང་། མི་རིགས་མཐུན་སྒྲིལ་གྱི་གཞས་དབྱངས་རེ་རེ་གནས་འདིར་བྲིས། རྩྭ་ཐང་ནས་གནས་སྤར་བའི་ལོ་ངོ་འདི་དག་གི་རིང་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་། གལ་ཏེ་སྲིད་ཇུས་བཟང་པོ་ནི་གནས་འདི་ཕྱུག་པོར་གྱུར་པའི་འབྱུང་ཁུངས་ཡིན་ཞེས་བརྗོད་ཆོག་ན། མི་རིགས་མཐུན་སྒྲིལ་ནི་གནས་འདིར་བདེ་སྐྱིད་བསྐྲུན་པའི་གཞི་མ་ཡིན།
དོན་དམ་དུ། “བདེ་སྐྱིད་ཀྱི་ཉི་མ་ཡུན་རིང་རྟག་བརྟན་དུ་གནས་པའི”འབྲི་ཆུའི་མགོ་ཁུངས་སྡེ་བ་ནི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དམིགས་བསལ་བདེན་དཔང་མཁན་ཏེ། ལོ་ངོ་གསུམ་གྱི་རིང་ལ། གསར་སྐྲུན་གསར་འཛུགས་ཀྱི་རྣམ་པ་དང་བྱེད་ཐབས་རྒྱུན་མཐུད་དེ། མི་རིགས་མཐུན་སྒྲིལ་སྔར་ལས་མི་སེམས་སུ་ཟུག་ཡོད། ལོ་ངོ་གསུམ་གྱི་རིང་ལ། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ནས། རིགས་སོ་སོའི་མང་ཚོགས་ལ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་བཅུག ལོ་ངོ་གསུམ་གྱི་རིང་ལ། ཁྱད་ལྡན་ཚོང་རྟགས་གསར་སྐྲུན་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་དུ་སྐུལ།
ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་དང་། “བཞི་ཅན་ལྔའི་འཐབ་ཇུས”ལག་བསྟར་ཟབ་མོ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་ཧུར་ཐག་བྱེད་པ་བཅས་ཀྱིས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པ་དེ་རྒྱུན་ཆད་མེད་པར་མི་སེམས་གཅིག་ཏུ་བསྡུ་བ་དང་དཔལ་འབྱོར་གོང་དུ་འཕེལ་བ། དམངས་འཚོ་ལེགས་བསྒྱུར་དང་རིག་གནས་དར་རྒྱས། སྤྱི་ཚོགས་བརྟན་འཇགས་ཡོང་བ་བཅས་ཀྱི་འཐབ་ཇུས་དམིགས་འབེན་གྱི་ཕྱོགས་སུ་གོམ་པ་སྤོ་བཞིན་པའི་སྒང་རེད།
སེ་འབྲུའི་ཚི་གུ་བཞིན་དུ་བརྩེ་བ་དམ།
སྡེ་བའི་ཁ་སང་དང་དེ་རིང་གླེང་སྐབས། འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་དམངས་སེང་གེ་ལ་བཤད་རྒྱུ་མང་པོ་འདུག
“དེ་རིང་གི་བདེ་ཞིང་སྐྱིད་པའི་འཚོ་བ་འདི་ལྟ་བུ་ཡོད་པ་ནི། ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་འབྲོག་པ་མང་ཚོགས་ལ་སྲིད་ཇུས་ཀྱིས་རོགས་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད་ལ། རིགས་སོ་སོའི་སྤུན་ཟླ་མིང་སྲིང་གིས་རོགས་རམ་བྱས་པ་དང་ཡང་ཁ་འབྲལ་ཐབས་མེད།”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་འབྲི་ཆུའི་མགོ་ཁུངས་སྡེ་བར་བརྟག་དཔྱད་ཞིབ་འཇུག་གནང་སྐབས“མི་རིགས་སོ་སོ་ནི་ཁྱིམ་ཚང་གཅིག་གི་མི་ཡིན་པས། ཚང་མས་ཕན་ཚུན་བརྩེ་ཞིང་གཅེས་པ་དང་། མཉམ་དུ་མཐུན་སྒྲིལ་ཡར་ཐོན་ཡོང་དགོས”ཞེས་བླང་བྱ་བཏོན་པ་ལྟར། ཉེ་བའི་ལོ་འགར། འབྲི་ཆུའི་མགོ་ཁུངས་སྡེ་བས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་མི་རིགས་བཅའ་ཁྲིམས་ཁྲིམས་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་།
སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཀུན་དགའ་རྣམ་རྒྱལ་ནི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་མི་སྣ”ཡིན། རང་ཉིད་ཀྱི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་འགན་འཁྲི་ནི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི”ཞེས་པའི་རྩ་དོན་ལག་ཏུ་བསྟར་ཆེད། ཁོས་སྡེ་མི་ཡོངས་ལ་སྣེ་ཁྲིད་དེ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་གནང་གིན་ཡོད།
“མི་རིགས་སོ་སོའི་སྤུན་ཟླ་ཡི་ཁྲག་རྒྱུན་གཅིག་ཏུ་འདྲེས་པ་དང་ལག་རྡང་གཅིག་ཏུ་སྦྲེལ་ལ། སེམས་པ་གཅིག་ཏུ་ཕྱོགས་ཡོད་པས། ད་གཟོད་འཆམ་མཐུན་བདེ་སྐྱིད་ཀྱི་འཚོ་བ་བཟང་པོ་འདི་ལྟ་བུ་ཡོད་པ་རེད། རང་ཉིད་ཀྱི་མིག་འབྲས་དང་ཚེ་སྲོག་ལ་གཅེས་པ་ནང་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཅེས་སྤྲས་དང་སྲུང་སྐྱོབ་གནང་ཚེ། བདེ་སྐྱིད་ཀྱི་བགྲོད་ལམ་འདི་ཡུན་ནས་ཡུན་དུ་བརྟན་ཞིང་ཁོད་ཇེ་ཡངས་ཡིན་ངེས”ཞེས་ཀུན་དགའ་རྣམ་རྒྱལ་གྱིས་དེ་ལྟར་བཤད་བྱུང་།
མི་རིགས་མཐུན་སྒྲིལ་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན།
འབྱོར་འབྲིང་དུ་བསྐྱོད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་།
གཙང་གསུམ་འབྱུང་ཡུལ། མདོ་ལ་རི་འདབས། མཚོ་སྔོན་པོའི་འགྲམ་སྟེ། ལོ་ངོ་གསུམ་གྱི་རིང་ལ། རང་ཞིང་གིས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་བཅུག
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་རྒྱལ་བོ་ཞང་རྡོ་སྔས་སྡེ་བར་ཁྱིམ་ཚང་བརྒྱ་དང་ང་བརྒྱད་དང་མི་གྲངས་བརྒྱད་བརྒྱ་དང་གསུམ་ཡོད། ཉེ་བའི་ལོ་འགར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་བསྟུད་མར་ཇེ་ཆེར་བཏང་སྟེ། སྡེ་བར་ཐོན་པའི་གཞུང་ལམ་དང་སྡེ་བའི་ནང་གི་གཞུང་ལམ་གཙོ་བོ་སྲ་བསྒྱུར་བྱས་ཤིང་། མི་ཕྱུགས་ཀྱི་འཐུང་ཆུའི་སྒྲིག་བཀོད་དང་རིག་གནས་ཐང་ཆེན་བཟོ་འགོད་འཛུགས་སྐྲུན་ལག་བསྟར་བྱས་པས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བསྟུད་མར་མཐོར་འདེགས་བྱུང་ཡོད།
“ཉེ་བའི་ལོ་འགར། མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པ་དང་འབྲེལ་ནས། རྒྱལ་བོ་ཞང་གིས་བསྡོམས་པས་ལས་གཞི་སྣ་ཚོགས་ཀྱི་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་བརྩོན་ལེན་བྱས་ཏེ། རྡོ་སྔས་སྡེ་བའི་ཁོར་ཡུག་ལེགས་སྒྱུར་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། རོང་འབྲོག་མང་ཚོགས་ལ་དངོས་གནས་ཏང་དང་སྲིད་གཞུང་གི་དྲོད་ཁོལ་ཚོར་དུ་བཅུག་ཡོད”ཅེས་རྒྱལ་བོ་ཞང་གི་ཏང་ཨུའི་རྩ་འཛུགས་ཨུ་ཡོན་ཝེ་ཡུས་ཅིང་གིས་དམངས་འཚོ་འགན་སྲུང་དང་ལེགས་སྒྱུར་བྱེད་པ་དེ་མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་བར་མཚོན་ན་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པར་བཤད།
འདི་ལྟར། དུས་ཡུན་ཐུང་ངུའི་ལོ་འགའི་ནང་ལ། རྡོ་སྔས་སྡེ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་མ་ཟད། ད་དུང་རྨ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་བར་བདམས།
དཔྱད་གཞིའི་ཡིག་རིགས་ལས་མངོན་པ་ལྟར་ན། ན་ནིང་གཅིག་པུར། རང་ཞིང་གིས་གྲངས་ཉུང་མི་རིགས་འཕེལ་རྒྱས་སུ་གཏོང་བའི་མ་དངུལ་སྒོར་མོ་དུང་ཕྱུར་གསུམ་ལྷག་བརྩོན་ལེན་བྱས་པ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་བཏང་སྟེ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་ལྡན་པའི་སྐུལ་འདེད་བྱས།
དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བརྟན་འཇགས་ངང་མདུན་དུ་བསྐྱོད་པ། དབུལ་སྐྱོར་མཁྲེགས་གཏོར་གང་ལེགས་ཀྱིས་སྤེལ་བ། “ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ཆད་མི་རུང་བའི”ཆོད་གཏམ་བཅས་ནི་མཚོ་སྔོན་གྱི་ས་གཞིའི་ཆེན་མོའི་སྟེང་མངོན་པར་མཚོན་ཐུབ་པ་བྱུང་།
སེམས་པ་གཅིག་མཐུན་གྱིས་འདུན་མ་བཞེངས་ནས། མཚོ་སྔོན་གྱི་བུ་བུ་མོའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ།
ལོ་གསུམ་གྱི་ཡར་སྔོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་འབྲི་ཆུའི་མགོ་ཁུངས་སྡེ་བར་གཟིགས་ཞིབ་མཛད་སྐབས། ལོ་ན5ལ་སོན་པའི་ཚེ་དབྱངས་ལྷ་མོས་སྤོ་བོ་ཞི་ཅིན་ཕེན་ལ་ཁ་བཏགས་ཤིག་ཕུལ་མྱོང་། དུས་ཚོད་སྐར་མདའ་བཞིན་ཕར་འདས་པ་དང་། སྐབས་དེའི་བྱིས་པ་དེ་ད་ལྟ་ན་གོར་མོ་གྲོང་ཁྱེར་ཀྲུང་ཧྲན་ལམ་སློབ་ཆུང་གཉིས་པའི་སློབ་མར་གྱུར་འདུག་ཅིང་། རང་ཉིད་ལ་འདུན་མ་ཆུང་ཆུང་ཞིག་ཡོད་པ་ནི།
“ང་རང་ནར་སོན་ན་པེ་ཅིན་ལ་འགྲོ་ཐུབ་རྒྱུའི་རེ་བ་བཅངས་ཡོད”ཟེར།
ལོ་གསུམ་གྱི་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་ཁུངས་སོ་སོས་དྲིལ་སྒྲོག་ཚོགས་འདུ་བསྡུ་པ་དང་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ། རིག་རྩལ་འཁྲབ་སྟོན་བྱེད་པ། སྨྱན་སྦྱོར་གསར་པའི་བརྒྱུད་སྒྲོག་སོགས་བྱེད་ཐབས་སྣ་མང་སྤྱད་དེ། ལས་རིགས་སོ་སོ་དང་ལས་སྒོ་སོ་སོ། རིགས་སོ་སོའི་ལས་རིགས་ཁག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་རྒྱལ་གཅེས་རིང་ལུགས། མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས། བཅའ་ཁྲིམས་ཁྲིམས་སྲོལ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ནང་དོན་དུ་བཟུང་བའི་དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་ནས། མི་རིགས་སོ་སོར་ཐུན་མོང་དུ་མངའ་བའི་བསམ་པའི་ཁྱིམ་གཞིས་བརྟན་པོར་བསྐྲུན།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཧི་ཏུང་ཞང་བ་ལུ་སྡེ་བའི་རྩྭ་ས་དང་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྐྱ་རྒྱ་ཞང་གཉིས་ཁྱིམ་མཚེས་སུ་ཡོད་པས། “ནོར་ལུག་ཕན་ཚུན་གྱི་རྩྭ་སར་སོང་ནས་རྩྭ་བཟའ་རྒྱུ”ནི་བྱོལ་དུ་མེད་པ་ཞིག་ཡིན་ལ། དེ་ལྟ་བུའི་འགོག་ཐབས་མེད་པའི་གནས་ཚུལ་ཡོད་ནའང་། སྡེ་བ་དེ་གཉིས་བར་ལོ་མང་པོའི་རིང་རྩྭ་སའི་འགལ་བ་ཅི་ཡང་བྱུང་མ་མྱོང་།
ཁྱིམ་མཚེས་སྡེ་བ་བར་གྱི་མཛའ་བརྩེའི་འབྲེལ་བ་ཇེ་ལེགས་སུ་གཏོང་ཆེད། ཁྲི་ཀ་རྫོང་གིས་རང་འགུལ་གྱིས་གཙན་ཚ་དང་ཐུན་རིན་སོགས་རྫོང་ལ་འབྲེལ་གཏུག་བྱས་ནས་རྩྭ་སའི་མཚམས་ཀྱི་རྩོད་གླེང་འདུམ་སྒྲིག་ཚོགས་འདུ་བསྡུས་པ་དང་། ཁྱིམ་མཚེས་འབྲེལ་བའི་མཛའ་མཐུན་གྲོས་མོལ་ཡི་གེར་མིང་རྟགས་བཀོད་དེ་མཉམ་དུ་ས་མཚམས་ཀྱི་བརྟན་འཇགས་སྲུང་སྐྱོང་བྱས། དུས་མཚུངས་སུ། ཞང་དང་གྲོང་རྡལ་སོ་སོས་རང་འགུལ་བྱེད་སྟངས་དང་འབྲེལ་གཏུག་ལ་ཤུགས་སྣོན་པ། གཉེན་ཉེའི་འབྲེལ་བ་འཛུགས་པ། ཕན་ཚུན་ལ་འཚམས་འདྲིར་འགྲོ་བར་ཤུགས་སྣོན་པ། མཉམ་འབྲེལ་མཐུན་ཚོགས་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། ས་མཚམས་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་སྐྱོང་ནུས་ལྡན་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲི་བསུང་ཕྱོགས་ཀུན་ཏུ་ལྡང་བར་བྱས།
ལོ་གསུམ་གྱི་ཡར་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཛའ་བརྩེ་ལྡན་པའི་ཐུགས་ཁུར་གནང་བ་དེས། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཚད་མེད་ཐོབ། ལོ་ངོ་གསུམ་གྱི་རིང་ལ། མཚོ་སྔོན་གྱི་རིགས་སོ་སོའི་བུ་བུ་མོ་ས་ཡ་དྲུག་གིས་བློ་སེམས་གཅིག་ཏུ་སྦྲེལ་ཞིང་ཕན་ཚུན་གྲོགས་སུ་བསྡེབས་ནས། མཐོ་སྒང་གི་ས་གཞི་ཆེན་མོར་རེ་བ་གསར་པའི་ས་བོན་བཏབ་པ་དང་། འབད་བརྩོན་གྱི་ལམ་དུ་ལེའུ་གསར་པ་བྲིས་ཤིང་། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་དུ་བཅུག་ནས། མེས་རྒྱལ་ལ་སྔར་ལས་ལྷག་པའི་གཟི་དཔལ་བསྣན།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།