འབྲོག་པའི་འཛུམ་མདངས་ལས་འཕྲོས་པའི་བདེ་སྐྱིད་འཚོ་བ།
2019.11.12 ཁུངས། ཀློག་གྲངས། 83

གླིང་དཀར་སྡོད་ཁུལ།

མི་འགྱངས་བར་སྒོ་ཕྱེ་རྒྱུ་ཡིན་པའི་ཨ་སྟག་ལྷ་མོ་མགྲོན་ཁང་།

མགོན་པོ་བཟའ་མི་གང་བོ།

“དར་ལག་རྫོང་བསང་རི་མ་ཞང་དར་དམར་སྡེ་བ་དེ་མཚོ་ངོས་ལས་རྨིད་བཞི་སྟོང་ཡན་དུ་གནས་ཡོད་པ་དང་། གྲང་ངར་ཆེ་ལ་ཁ་བ་འབབ་ཞོད་ཆེ་བའི་གནས་ཞིག་རེད། སྡེ་བའི་ཐོན་ལས་དེ་ཕྱུགས་ལས་རྐྱང་བ་ལ། སྡེ་བ་ཡོངས་སུ་བསྡོམས་པས་ཁྱིམ་ཚང་ཉིས་བརྒྱ་ཉེར་གསུམ་དང་མི་གྲངས་བརྒྱད་བརྒྱ་བཅུ་གསུམ་ཡོད་ཅིང་། དེའི་ཁྲོད་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་ཉེར་ལྔ་དང་མི་གྲངས་བཞི་བརྒྱ་གྱ་བདུན་ཡོད་པས། དབུལ་ཕོངས་ཀྱི་ཁེབས་ཚད་ཅུང་ཆེ་བའི་སྡེ་བ་ཞིག་རེད།”ཐོག་དང་པོར་དར་དམར་སྡེ་བར་འོངས་པའི་སྡེ་སྡོད་ཧྲུའུ་ཅི་དང་པོ་བསོད་ནམས་མགོན་ལ་མཚོན་ན། ཞང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་གཅིག་པུ་འདི་ཇི་ལྟར་འཕེལ་རྒྱས་གཏང་རྒྱུ་ནི་ཁོའི་མདུན་དུ་ལྷག་པའི་གནད་དོན་ཆེས་ཆེན་པོ་དེ་རེད། 

“མ་མཐའི་འཚོ་བའི་འགན་སྲུང་གི་ཁ་གསབ་སྒོར་སྟོང་ལྔ་དང་དྲུག་བརྒྱ་དང་རྩྭ་སའི་ཁ་གསབ་སྒོར་སྟོང་བཞི། སྐྱེ་ཁམས་དོ་དམ་མི་སྣའི་གླ་ཕོགས་སྒོར་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པ་དང་། ཞོར་ལས་ཀྱི་ཡོང་སྒོ་སྒོར་ཁྲི་གཉིས་ཡོད།”བཙན་ཤེས་དང་ཁོའི་ཆུང་མས་ད་ལོའི་ཡོང་སྒོ་རྩིས་རྒྱག་ཞོར་གདོང་ལ་འཛུམ་གྱིས་ཁེངས་ཡོད།

ཧྲུའུ་ཅི་དང་པོ་བསོད་ནམས་མགོན་གྱིས་རྒྱུས་ལོན་པ་ནང་བཞིན་བསང་རུ་མ་ཞང་གི་དབུལ་ཐར་ཁྲོད། དར་དམར་སྡེ་བ་ནི་དབུལ་ཕངས་ལས་ཐར་བར་དཀའ་ལས་ཆེས་ཆེ་བའི་སྡེ་བ་ཞིག་རེད། དོན་དག་དེར་ཞང་ཏང་ཨུའི་ཧྲུའུ་ཅི་ཉི་བསྟན་རྡོ་རྗེ་ནི་ཧ་ཅང་གསལ་ཆ་ཡོད་དེ། “2016ལོར་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་མགོ་བརྩམས་པ་ནས་བཟུང་། ང་ཚོས་ཕྱོགས་གཅིག་ནས་ཧུར་ཐག་གིས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་འབྱུང་དུ་བཅུག་ལ། ཕྱོགས་གཞན་ཞིག་ནས་དབུལ་སྐྱོར་དང་བློ་སྐྱོར་ཟུང་འབྲེལ་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་བསམ་བློའི་འདུ་ཤེས་བསྒྱུར་བ་དང་། ཁོ་ཚོར་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་འཕེལ་རྒྱས་ཀྱི་ལས་ལ་བརྩོན་དུ་བཅུག”ཟེར།

དར་དམར་སྡེ་བའི་སྡེ་དམངས་རྣམས་ཀྱིས་ཡོང་སྒོ་འཕར་སྣོན་དང་། བསམ་བློ་བསྒྱུར་བཀོད། དབུལ་ཕངས་ཀྱི་ཞྭ་མོ་ཕུད་པའི་དམིགས་འབེན་གྱི་ཆེད་དུ་སྡེ་མང་ཡོངས་ཀྱིས་སྟོབས་ཤུགས་གཅིག་བསྡུས་དང་འབད་པ་ལྷུར་ལེན་བྱས་པའི་མཐར། བཙན་ཤེས་ཚང་ལྟ་བུའི་ཁྱིམ་ཚང་མང་པོ་བྱུང་། 

བཙན་ཤེས་ད་ལོ་ལོ་ཞེ་ལྔ་ཡིན་ལ། ལོ་མང་པོའི་རིང་། ཁྱིམ་དུ་ནོར་ལུག་མེད་ནའང་། ཚོང་ཙག་ཙིག་རེ་རྒྱག་བཞིན་ཡོད་པས་བཟའ་ཟླ་གཉིས་ཀྱི་འཚོ་བར་དཀའ་ཁག་ཆེན་པོ་མེད། ཡིན་ནའང་། ལོ་འགའི་སྔོན་ལ། ཆུང་མ་སངས་མཚོ་ལ་གློ་གཅོང་གི་ནད་བྱུང་བ་དང་དེའི་རྗེས་ཡང་ཐུམ་འབུའི་ནད་བྱུང་བས། ཁྱིམ་གྱི་འཚོ་བ་སྔར་ལས་ཇེ་སྡུག་ཏུ་གྱུར་། 2018ལོར། ཁུལ་བཟོ་ཚོགས་ཀྱི་མཐུན་སྦྱོར་འོག ཞིང་ཆེན་རྒྱ་གྲམ་དམར་པོས་མ་དངུལ་སྒོར་འབུམ་གཉིས་བཏང་ནས་བསང་རུ་ཞང་དུ་གཅེས་སེམས་ཚོང་སྒོ་རྩིས་ཚོང་ཁང་ཞིག་བཙུགས། ཚོང་ཁང་དེ་བདག་གཉེར་བྱེད་མཁན་འཚོལ་སྐབས། རྒྱ་སྐད་བོད་སྐད་གཉིས་ཀ་ཤེས་པའི"འཇོན་མི"བཙན་ཤེས་སྡེ་དམངས་ཚོགས་ཆེན་སྟེང་འདེམ་ཤོག་མང་པོ་ཐོབ་སྟེ་ཚོང་བདག་ཏུ་གྱུར།

“ཐོན་ལས་དེ་བདམས་དོན་ནི་རྫོང་མཁར་དུ་བགྲོད་པའི་གཞུང་ལམ་འགྲམ་དུ་ཚོང་ཁང་མེད་པ་དང་། བཙན་ཤེས་ཀྱིས་ཆུང་མ་བདག་སྐྱོང་བྱེད་དགོས་པས་ཕྱི་རུ་ཞོར་ལས་སུ་འགྲོ་མི་ཐུབ་ལ། ཁོ་ལ་ཚོང་ཁང་གཉེར་དུ་འཇུག་དོན་ནི་གཅིག་ནས་ཁོ་ལ་སྐད་གཉིས་ཤེས་པས་ཡིན་པ་དང་། གཉིས་ནས་ཁོ་ལ་ལས་ཞུགས་ཀྱི་གོ་སྐབས་ཞིག་འདོན་སྤྲོད་བྱས་པ་རེད།” དར་དམར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བསྟན་གསལ་གྱིས་དེ་ལྟར་བཤད། ཚོང་ཁང་གི་སྒོ་ཕྱེས་རྗེས། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱིས་ཚོང་ནང་འདྲེན་བྱེད་པའི་འགན་ཁུར་གྱིན་ཡོད་པ་དང་བཙན་ཤེས་ཀྱིས་ཚོང་རྒྱག་པའི་འགན་ཁུར་ཡོད། ལོ་གཅིག་གི་གླ་ཕོགས་སྒོར་ཁྲི་གཉིས་རེད། མིག་སྔའི་བར་དུ། ད་ལོའི་ཚོང་གཉེར་གྱི་ཡོང་འབབ་སྒོར་ཁྲི་བཞི་ལྷག་བླངས་ཡོད་པ་དང་། སྒོར་དེ་དག་ལོ་མཇུག་ཏུ་ཡོང་སྒོ་བགོ་བཤའ་རྒྱག་པའི་ཐད་བཀོལ་སྤྱོད་བྱེད་རྒྱུ་རེད།

མི་སྣ་གཙོ་བོ་གཞན་ཞིག་ནི་ད་ལོ་ལོ་ལྔ་གཉིས་ཡིན་པའི་མགོན་པོ་རེད། ལོ་གསུམ་གྱི་སྔོན་ལ། ཁོ་ཚང་ཞང་སྲིད་གཞུང་དང་བར་ཐག་སྤྱི་ལེ་བཅུ་ཕྲག་འགའ་ཡོད་པའི་གནས་སུ་ཡོད། ས་བབས་མཐོ་བ་དང་རྩྭ་ས་ཞན་འགྱུར་དུ་སོང་ཡོད་པས། 2016ལོར་སྲིད་གཞུང་གི་སྣེ་ཁྲིད་འོག མགོན་པོ་བཟའ་ཟླ་གཉིས་ཀྱིས་བྱིས་པ་ལྔ་ཁྲིད་ནས་སྡེ་མི་གཞན་དང་ལྷན་དུ་ཞང་སྲིད་གཞུང་ཉེ་འགྲམ་གྱི་གཅིག་བསྡུས་བཀོད་སྒྲིག་གི་གནས་སུ་སྤར། ཆུ་དང་གློག དྲོད་རླངས། སྤྱོད་ཁང་སོགས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་པ་དང་། སློབ་གྲྭ་དང་བྱིས་བཅོལ་ཁང་། འཕྲོད་བསྟེན་ཁང་། རིག་གནས་ཐང་ཆེན་སོགས་ཚང་མ་འཛོམས་ཡོད།

“གནས་དེར་སྤར་རྗེས། ང་རང་ཞང་གི་ཁོར་ཡུག་གཙང་སྦྲ་བྱེད་མཁན་དུ་གྱུར་བ་དང་། ལས་ཀ་གཙོ་བོ་ནི་ཉིན་རེའི་ནང་དགོང་དུ་ཞང་སྲིད་གཞུང་ཉེ་འགྲམ་གྱི་གད་སྙིགས་གཙང་ཕྱག་བྱེད་རྒྱུ་དེ་ཡིན་ལ། ལོ་གཅིག་གི་གླ་ཕོགས་སྒོར་ཁྲི་གཅིག་ཡོད། ད་ལྟ་སྐྱ་བྷས་ཡང་ང་དང་ལྷན་དུ་ལས་ཞུགས་བྱེད་བཞིན་ཡོད་པ་དང་། དེ་ལྟར་བྱས་ན་ཁྱིམ་དུ་ཡོང་སྒོ་ལྷག་མ་ཞིག་ཡོད།”སྐྱ་བྷ་ནི་མགོན་པོའི་བུ་ཆུང་བ་ཡིན་ལ། རྣའི་ཚོར་ནུས་མེད་པའི་ཕྱི་རུ་ཞོར་ལས་སུ་འགྲོ་མི་ཐུབ། ད་ལོའི་ཟླ་གསུམ་པ་ནས་བཟུང་། ཞང་གིས་བཀོད་སྒྲིག་བྱས་ཏེ་ཕ་བུ་གཉིས་མཉམ་དུ་ལས་ཞུགས་བྱེད་དུ་བཅུག

མི་འགྱང་བར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་དོན་དེ་གླེང་སྐབས། མགོན་པོ་ལ་ཡིད་ཆེས་བརྟན་པོ་ཡོད། ཁོ་དགོད་ཞོར་བཤད་རྒྱུར། མ་མཐའི་འཚོ་བའི་འགན་སྲུང་ལས་གཞན་རྩྭ་སའི་ཁ་གསབ་ཡོད་པ་དང་། ལོ་རེར་ད་དུང་དབྱར་རྩྭའི་ཡོང་སྒོ་སྒོར་སྟོང་བརྒྱད་ཡས་མས་ཡོད་ལ། ངེད་ཕ་བུ་གཉིས་ཀྱི་གླ་ཕོགས་བསྣན་ན་མ་འོངས་བའི་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་ངེས་རེད་ཟེར།

བཅར་འདྲིའི་ཁྲོད། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཚོང་ར་དང་ཁོར་ཡུག་སྲུང་སྐྱོབ་ཀུང་སི་ལས་གཞན་སྡེ་བའི་མགྲོན་ཁང་འཛུགས་སྐྲུན་གྱི་བྱ་བ་དེ་ཆེས་མཐའ་མཇུག་གི་དུས་རིམ་དུ་སླེབས་ཡོད་ལ། མགྲོན་ཁང་ནང་གི་བཀོལ་སྤྱོད་བྱེད་པའི་ཅ་ལག་ཡོངས་ཉོས་ཚར་ཡོད།

“ཉེ་བའི་ལོ་འགའི་ནང་། གནས་སྐོར་འཕེལ་རྒྱས་དང་ཚོང་རའི་མདུན་ལྗོངས་ཇེ་ལེགས་སུ་སོང་ཡོད། གནས་དེ་ནི་ཡུལ་ཤུལ་ནས་ཟི་ལིང་དུ་བགྲོད་པའི་ལམ་ཞིག་ཡིན་ལ། དེ་བས་ཕྱོགས་མང་པོའི་རོགས་སྐྱོར་འོག ཨ་སྟག་ལྷག་མོ་ཞེས་པའི་མགྲོན་ཁང་དེ་འཛུགས་སྐྲུན་བྱས་པ་རེད།”ཉི་བསྟན་རྡོ་རྗེ་ཡིས་གསར་འགོད་པར་བཤད་རྒྱུར། ཚོང་ཁང་དང་འདྲ་བར་མགྲོན་ཁང་ཕྱེས་ན་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འཕར་སྣོན་འབྱུང་བ་དང་། ས་གནས་ཀྱི་ངལ་རྩོལ་པ་སྐོར་ཞིག་ལ་ལས་གནས་ཐག་གཅོད་བྱེད་ཐུབ། འཆར་གཞི་ལྟར་ན། མིག་སྔར། ན་གཞོན་དར་མ་མི་བཅོ་ལྔ་མགྲོན་ཁང་གི་ཞབས་ཞུའི་ཟབ་སྦྱོང་དུ་ཞུགས་ཡོད་པ་དང་། སྒོ་ཕྱེ་རྗེས་མྱུར་དུ་ལས་རྐང་ནས་བྱ་བ་སྒྲུབ་ཐུབ་ཟེར།

མགྲོན་ཁང་གི་ཚོང་གཉེར་མཁན་པན་སྨིན་ནི་དར་དམར་སྡེ་བའི་རུ་ཁག་དང་པོའི་རེད། ཁྱིམ་དུ་ནོར་ལུག་མེད་པ་དང་རྩྭ་ས་ཡང་མེད། ཕྱི་རུ་ཞོར་ལས་སུ་སོང་ན་ལག་རྩལ་མེད་པས། འཚོ་བར་དཀའ་ཁག་ཡོད་པའི་ཁོ་རང་ད་བར་དུ་མི་རྐྱང་དུ་ལུས་ཡོད། སྡེ་བའི་ནང་མགྲོན་ཁང་དོ་གཉེར་མཁན་གཏན་འཁེལ་བྱེད་སྐབས། ཟབ་སྦྱོང་ལ་ཞུགས་མྱོང་བའི་ཁོའི་མིང་ཐོ་བཀོད།

“དེ་སྔོན་ཕྱི་རུ་ཞོར་ལས་སུ་སོང་ན་ལས་ཀ་ཆེན་པོ་ལས་མི་ཐུབ་པས། ལོ་གཅིག་གི་ནང་སྒོར་མང་པོ་བཙལ་ཐུབ་མེད། མགྲོན་ཁང་དུ་ལས་ཞུགས་བྱས་ན་དེ་ནི་བྱ་བ་བརྟན་འཇགས་ཤིག་རེད།”མི་འགྱང་བར་ལས་ཞུགས་བྱེད་དགོས་པས་པད་སྨིན་གྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་གྱིས་ཁེངས་ཡོད། ཁྱིམ་གྱི་སྒོ་ཁ་ནས་དབུལ་ཐར་བྱེད་ཐུབ་པའི་བྱ་བ་བཟང་བོ་རྙེད་ཡོད་པས། རང་ཉིད་ཀྱི་རྩོལ་བ་ལ་བརྟེན་ནས་ཡོང་སྒོ་བཙལ་ཐུབ་ལ། འདི་ལྟ་བུའི་འཚོ་བ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད་ཟེར།

དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་། འཚོ་བ་དང་ཕྱོགས་གང་ཐད་ནས་ཇེ་ལེགས་སུ་སོང་ཡོད་པས། བསོད་ནམས་མགོན་གྱིས་བཤད་པ་ཇི་བཞིན་སྡེ་དམངས་རྣམས་ཀྱི་དགོད་སྒྲ་ནི་དབུལ་ཐར་བྱ་བའི་ཆེས་བཟང་བའི་གྲུབ་འབྲས་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།