འབྲོག་ཁྱིམ་དཔེ་ཁང་གིས་ནུས་པ་ཆེན་པོ་འདོན་སྤེལ་བྱས།
2019.11.22 ཁུངས། མཚོ་ལྷོ་བོད་ཡིག་གསར་འགྱུར། ཀློག་གྲངས། 346

རྩྭ་ཐང་དུ“འབྲོག་ཁྱིམ་དཔེ་ཁང”ཡོད་པ།

དབྱར་ཟླ་བརྒྱད་པའི་མགོ་ལོག་རྩྭ་ཐང་དུ་རྩྭ་ཆུ་འཛོམས་ཤིང་ནོར་ལུག་གང་སར་ཁྱབ་ཡོད་ལ། རྨ་ཆེན་རྫོང་གངས་རི་ཞང་གཡས་ཁོག་སྡེ་བའི་རྩྭ་སའི་སྟེང་དུ་འབྲོག་མི་དཔལ་ཆེན་རྡོ་རྗེས་རང་ལ་ཆེས་རྒྱུས་མངའ་ལྡན་པའི་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ཀ་གཉེར་བཞིན་ཡོད། ཁོ་ད་ལྟ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་རྫི་བོ་ཡིན། “དེང་སྐབས་ཕྱུགས་ཟོག་འཚོ་ནའང་ཤེས་ཡོན་ལྡན་དགོས། ཚན་རིག་ལྟར་ཕྱུགས་འཚོས་ན་ཕན་འབྲས་མཐོ་ཞིང་ཡོང་འབབ་མཐོ་བ་རེད”ཅེས་དཔལ་ཆེན་རྡོ་རྗེ་ཡིས་དེ་ལྟར་བཤད།

དཔལ་ཆེན་རྡོ་རྗེ་དང་གླེང་མོལ་བྱེད་སྐབས་ཁོས་འདི་ལྟར་དབྱར་སར་ཕྱུགས་འཚོ་རུ་སོང་ཚེ་ཕར་འགྲོ་ཚུར་འོང་ལ་ཉིན་གསུམ་ནས་བཞི་ཙམ་འགོར་འགྲོ་བས། གལ་ཏེ་རྩྭ་ས་རང་ཁྱིམ་དང་ཐག་ཉེ་ཚེ་ཁོམ་གསེང་གི་སྐབས་སུ་བྱིས་པ་ཡང་ཁྲིད་དེ་ཕྱུགས་འཚོ་རུ་སོང་བ་ཡིན། རྩྭ་ས་ཐག་རིང་དུ་ཡོད་ཚེ་བྱིས་པ་ཁྱིམ་དུ་བསྐྱུར་བ་ལས་ཐབས་གཞན་མེད་ཟེར། འབྲོག་ཁུལ་གྱི་བྱིས་པ་ཚོ་རྩྭ་ཐང་དུ་འཚར་ལོངས་འབྱུང་བ་ལས་ཡུལ་གཞན་ལ་འགྲོ་བའི་གོ་སྐབས་ནི་བལྟོས་བཅས་ཀྱིས་ཉུང་བ་རེད། ཡིན་ཡང་། ད་ལོར་འགྱུར་ལྡོག་ཅིག་བྱུང་བ་ནི་སྡེ་བའི་ནང་དུ“འབྲོག་ཁྱིམ་དཔེ་ཁང”ཞིག་བཙུགས་པར་མ་ཟད། ད་དུང་སྲིད་གཞུང་གིས་དགེ་རྒན་གདན་ཞུ་བྱས་ཏེ་བྱིས་པ་ཚོར་སློབ་ཁྲིད་བྱས་པས། གཡས་ཁོག་སྡེ་བའི་ན་ཆུང་སློབ་མ་རྣམས་སློབ་གསེང་གི་དུས་ཚོད་ནང “འབྲོག་ཁྱིམ་དཔེ་ཁང”དུ་ཡོང་ནས་སློབ་སྦྱོང་བྱེད་བཞིན་ཡོད།

གཡས་ཁོག་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཀུའོ་ཆིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། བྱིས་པ་རྣམས་ཡོང་སྤྲོ་བའི་དཔེ་ཁང་དེ་ནི་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྣེ་ཁྲིད་ནས་གཉེར་བ་ཞིག་རེད། འབྲོག་ཁུལ་གྱི་སློབ་གསོའི་རྨང་གཞི་ཞན་པ་དང་། བྱིས་པ་ཚོ་དབྱར་གནང་དང་དགུན་གནང་གི་སྐབས་སུ་བྱ་འགུལ་ནང་ཞུགས་དཀའ་བའི་གནས་ཚུལ་ལ་གཞིགས་ནས། རྨ་ཆེན་རྫོང་གིས་རོང(འབྲོག)ཁྱིམ་དཔེ་ཁང་གི་ཁོར་ཡུག་ལེགས་པ་དང་། དཔེ་ཆ་ཉར་ཚགས་མང་བའི་ལེགས་ཆར་བརྟེན་ནས།“འབྲོག་ཁྱིམ་དཔེ་ཁང”གཉེར་ཏེ་བྱིས་པ་ཚོར་སློབ་ཕྱིའི་སློབ་སྦྱོང་གི་སྤྲོ་བ་འཕེལ་བའི་བྱ་འགུལ་ཚན་ཆུང་འདོན་སྤྲོད་དང་།སློབ་ཕྱིའི་དུས་ཚོད་ལ་དོན་སྙིང་ལྡན་པར་བྱས།

གསར་གཏོད་འཚོལ་སྙེག་བྱས་ནས་སློབ་མའི་སློབ་སྦྱོང་ལ་ཁྱད་ཆོས་ལྡན་པར་བྱས་པ།

གཡས་ཁོག་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་རིང་ནི “མི་རྣལ་མ”ཞིག་ཡིན། ཁོས་སྡེ་བའི་ནང་དུ“འབྲོག་ཁྱིམ་དཔེ་ཁང”གཉེར་བ་ནས་བཟུང་། ཆུང་མས་བྱིས་པ་ཚོར་ཉིན་གུང་རིན་མེད་ཀྱིས་ཟ་མ་གཡོས་སྦྱོར་བྱེད་བཞིན་ཡོད། ད་ལོར་ལོ13ལ་བུད་པའི་བྱིས་པ་ཁྲུའུ་མ་ཀྲུང་ཐེངས་གཉིས་ལ“མྱུག་གསོ”བྱ་འགུལ་ནང་ཞུགས་མྱོང་། ཁྲུའུ་མ་ཀྲུང་གིས་བཤད་རྒྱུར། ངེད་ཚང་ནི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་བར་ཐག་སྤྱི་ལེ30ཡི་མཚམས་སུ་ཡོད་ལ། ཉིན་རེར་ཞོགས་པའི་ཆུ་ཚོད་བརྒྱད་སྟེང་ཁྱིམ་བདག་གིས་རླངས་འཁོར་བསྐོར་ནས་འདིར་སྐྱེལ་བཞིན་ཡོད། དཔེ་ཁང་དུ་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་དཔེ་ཀློག་བྱེད་ཐུབ་པར་མ་ཟད། ད་དུང་ཟུར་ཁྲིད་དགེ་རྒན་གྱིས་ལས་བྱར་ཟུར་ཁྲིད་བྱེད་ཀྱིན་ཡོད་པས་གནས་འདིར་ཧ་ཅང་དགའ་ཞེན་ཆེ།

གངས་རི་ཞང་བཅའ་སྡོད་སློབ་གྲྭའི་གངས་དཀར་ལྷ་མོས་བཤད་རྒྱུར།“ང་རང་འཛིན་གྲྭ་འདིར་ཞུགས་ཐུབ་པར་དགའ་སྤྲོ་སྐྱེས་ཡོད། སློབ་གྲོགས་ཁ་ཤས་ང་ཚོའི་སློབ་གྲྭའི་སློབ་གྲོགས་ཡིན་ལ། ཚང་མས་མཉམ་དུ་སློབ་ཕྱིའི་དཔེ་ཀློག་དང་། ཟུར་ཁྲིད་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པ། རི་མོ་འབྲི་བ། གློག་བརྙན་ལ་ལྟ་བ། ལས་བྱ་འབྲི་བ་བཅས་བྱེད་ཆོག་པས་ཧ་ཅང་བཟང”ཟེར། རྡོ་རྗེ་ཚེ་རིང་གིས་བཤད་ན། བྱིས་པ་ཚོའི་སློབ་ཕྱིའི་འཚོ་བར་དོན་སྙིང་ལྡན་པ་དང་། ཁྱིམ་བདག་ཚོའི་སེམས་པ་བདེ་ལ་འགོད་པ། ཁྱིམ་ཚང་གི་ཁུར་བོ་ཇེ་ཡང་དུ་གཏོང་བ་བཅས་ཀྱི་ཆེད་དུ། རྫོང་གིས་རོང(འབྲོག)ཁྱིམ་དཔེ་ཁང་གི་ཁོར་ཡུག་ལེགས་པ་དང་། དཔེ་ཆ་ཉར་ཚགས་མང་བའི་ལེགས་ཆ་བེད་སྤྱད་དེ། ཆེད་དུ་བྱིས་པའི་བློ་ཁ་དང་འཚམ་པའི་རྒྱ་བོད་སྐད་གཉིས་ཀྱི་ཟུར་ཟའི་རི་མོ་དང་། བྱིས་སྒྲུང་། གསུང་རྩོམ་གྲགས་ཅན་སོགས་བྱིས་པ་ཚོ་དགའ་བའི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་ཉོས་པར་མ་ཟད། ཟུར་ཁྲིད་དགེ་རྒན་གདན་ཞུ་བྱས་ཏེ་བྱིས་པ་ཚོར་ཁྲིད་སྟོན་བྱེད་ཀྱིན་ཡོད་ཟེར།

གངས་རི་ཞང་གཡས་ཁོག་སྡེ་བའི་སྐལ་བཟང་དབང་མོ་ནི་སློབ་ཆེན་སློབ་མ་ཞིག་ཡིན། མཛེས་རྩལ་ལ་མཁས་པའི་ཁོ་མོ་འབྲོག་ཁྱིམ་དཔེ་ཁང་དུ་ཟུར་ཁྲིད་དགེ་རྒན་ཐེངས་གཉིས་བྱས་མྱོང་། “ང་ནི་གངས་འདབས་ནས་སློབ་ཆེན་འགྲིམ་མཁན་ཞིག་ཡིན་པའི་ཆ་ནས་དེང་གི་འཚོ་བར་གཅེས་སྤྲས་དང་། ལྷག་པར་དུ་སྡེ་བའི་གྲོགས་པོ་ཚོར་དགའ་ཞེན་ཆེན་པོ་ཡོད། ཁོ་ཚོས་སློབ་སྦྱོང་གི་ཁོར་ཡུག་བཟང་པོའི་འོག་སློབ་སྦྱོང་ལ་འབད་པ་བྱས་ཏེ་སྔ་མོ་ནས་སློབ་ཆེན་འགྲིམ་ཐུབ་པར་རེ་བ་བྱས་ཡོད། གནས་འདིའི་ཁོར་ཡུག་གི་ཆ་རྐྱེན་ཞན་རུང་། ང་ཚོས་སློབ་སྦྱོང་ལ་དགའ་ཞེན་ཆེ་བའི་འདུན་པ་ནམ་ཡང་འདོར་མི་སྲིད་པ་ནང་བཞིན། ཁོ་ཚོ་ཉི་མ་རེ་རེར་དཔེ་ཁང་དུ་ཡོང་ནས་སློབ་སྦྱོང་བྱེད་པར་རེ་སྒུག་བྱེད་པ་དང་། ཁོ་ཚོའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་སྨྲ་བ་མང་བའི་རྣམ་པ་མཐོང་སྐབས་ང་རང་དགའ་སྤྲོ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། དབྱར་གནང་དང་དགུན་གནང་གི་སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་ནས་བྱིས་པ་ཚོར་ཟུར་ཁྲིད་བྱས་ཏེ།ཤེས་བྱ་བརྒྱུད་སྒྲོག་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྐོར་ནས་ཁ་བརྡ་བྱེད་བསམས་པ་ཡིན”ཞེས་ཁོ་མོས་ཡིད་ཆེས་ཡོད་པའི་སྒོ་ནས་དེ་ལྟར་བཤད།

ལག་ལེན་གཙིགས་སུ་བཟུང་བས་དམངས་འཚོའི་སློབ་གསོར་ཡར་ཐོན་ཆེན་པོ་བྱུང་བ།

རྨ་ཆེན་རྫོང་དང་བར་ཐག་སྤྱི་ལེ380ཡི་མཚམས་སུ་གནས་པའི་རྟ་བོ་ཞོལ་མ་ཞང་གི“འབྲོག་ཁྱིམ་དཔེ་ཁང”དུ་ཆུ་སྔོན་དང་གཉན་རྭ། གནས་ཆེན་སོགས་སྡེ་དམངས་ཨུ་ཡོན་ལྷན་ཁང3གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ40ལྷག་གིས་སློབ་སྦྱོང་བྱེད་བཞིན་ཡོད།

རྟ་བོ་ཞོལ་མ་ཞང་ནི་མཚོ་ངོས་ལས་ཧ་ཅང་མཐོ་བས་ཉི་འོད་ཕོག་ཚད་མི་འདང་རུང་། སྙི་བ་དང་། ལྕ་བ།གངས་རྒྱན་པདྨ་སོགས་སྨན་སྣ་རྩ་ཆེན་རིགས་འཛོམས་པས། བྱིས་པ་ཚོར་འོད་ཧྥུའུ་གློག་འདོན་གྱི་རྩ་བའི་རིགས་པར་རྒྱུས་ལོན་དང་། སྨན་སྣ་ངོས་འཛིན། སྐྱེ་ཁམས་སྲུང་སྐྱོབ་སོགས་ལག་ལེན་སློབ་ཁྲིད་བྱེད་རྒྱུ་ནི་ས་གནས་ཀྱི་ཟུར་ཁྲིད་དགེ་རྒན་ཚོའི་སློབ་ཁྲིད་གཙོ་བོ་ཞིག་རེད།

རྟ་བོ་ཞོལ་མ་ཞང་གི་འོད་ཧྥུ་གློག་འདོན་ས་ཚིགས་སུ་འབྱོར་སྐབས། ཟུར་ཁྲིད་དགེ་རྒན་གྱིས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་བྱིས་པ་ཚོར་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་དང་། འོད་ཧྥུ་ནི་ཇི་ལྟ་བུ་ཞིག་ཡིན་པ་སོགས་སྒྲོག་འགྲེལ་བྱེད་ཞོར། ཕན་ཚུན་གྱི་འབྲེལ་བ་དང་དྭངས་གཙང་ནུས་འབྱུང་། དེ་མིན་ཁོར་ཡུག་སྲུང་སྐྱོང་གི་དགེ་མཚན་གྱི་སྐོར་ནས་འགྲེལ་བཤད་བྱེད་བཞིན་ཡོད་པས།བྱིས་པ་ཚོས་ཉིན་རེར་ཤེས་བྱ་གསར་པར་སློབ་སྦྱོང་བྱེད་ཐུབ། “ཉི་འོད་ནུས་པའི་འོད་ཧྥུ་པང་ལེབ་མཐོང་བས་དཔེ་ཆའི་སྟེང་དུ་མེད་པའི་ཤེས་བྱའང་སློབ་ཐུབ་པ་བྱུང་། ངོ་མ་དོན་སྙིང་ལྡན་པ་ཞིག་རེད”ཅེས་གཉན་རྭ་སྡེ་བའི་ལོ་རིམ་བཞི་པའི་སློབ་མ་རྨ་ཆེན་རྒྱལ་གྱིས་དེ་ལྟར་བཤད།

རྟ་བོ་ཞོལ་མ་ཞང་གི་ཏང་ཨུའི་ཧྲུའུ་ཅི་བསམ་འགྲུབ་ཀྱིས་བཤད་རྒྱུར། དེང་སྐབས་འབྲོག་ཁྱིམ་དཔེ་ཁང་ནི་འབྲོག་ཁུལ་གསར་པ་སྒྲིག་འཛུགས་འཆམ་མཐུན་ཡོང་བའི་ཟམ་པ་དང་སྦྲེལ་ཐག་ལྟ་བུར་གྱུར་ཡོད་ལ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཆེས་ཉེ་བའི་རིག་གནས་ཀྱི་གཡུལ་ས་ཡིན་པ་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་བསམ་པའི་ཁྱིམ་གཞིས་དང་མཛེས་དཔྱོད་ཁྱིམ་གཞིས་ཡིན་ལ། འབྲོག་པའི་བྱིས་པ་ཚོས་ཤེས་བྱ་སློབ་པའི་ཐབས་ལམ་ཞིག་ཀྱང་ཡིན་པས། མི་འགྱངས་པར་ཀླད་པར་དྲག་ཆས་སྤྲོ་བའི‘བསམ་བློའི་མཛོད།’དང་ཤེས་བྱ་གསར་བསྒྱུར་གྱི‘ཤེས་རིག་མཛོད། ’དཔལ་འབྱོར་གོང་སྤེལ་གྱི‘ཕྱུག་འགྱུར་མཛོད།’ འབྲེལ་གཏུག་བྱེད་སའི ‘འཆམ་མཐུན་མཛོད’དུ་འགྱུར་བར་ཡིད་ཆེས་ཡོད་ཟེར། །

                                                                                                                    རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།