མཚོ་བོད་མཐོ་སྒང་གི་ཆེས་མཛེས་པའི་མཁར་གྲོང་གསར་པ།
2019.11.22 ཁུངས། མགོ་ལོག་ཁུལ་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 19

 ལོ་ངོ70ཡི་སྔོན་ལ། མཚོ་བོད་མཐོ་སྒང་གི་ཤར་རྒྱུད་དུ་ཆགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གླ་ཚེར་གྱིས་ཁེངས་པའི་མི་མེད་ལུང་སྟོང་གི་རྟ་བོ་ཐང་དུ་གནས་ཡོད། ཤར་ནས་ནུབ་ཀྱི་ཐང་ཆེན་པོ་བརྒྱུད་དུས་རྟ་ཕོར་ཞོན་ནས་ཉིན་ཞག་གསུམ་ལ་འགྲོ་དགོས་པའི་གཏམ་དེ་ཐོས་ན་མི་རྣམས་ཧ་ལས་པར་གྱུར་འགྲོ། དེང་སྐབས་མཚོ་ངོས་ལས་མཐོ་ཚད་སྨི་སུམ་སྟོང་བདུན་བརྒྱ་ཡན་གྱི་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་གཞུང་ལམ་སྣོལ་མར་ཆགས་ཡོད་པར་མ་ཟད། མཁར་གྲོང་འཛུགས་སྐྲུན་དང་གནམ་གྲུ་ཐང་ལས་ཐུབ་པ་ནི་མི་རྣམས་ཀྱི་ཡིད་ལའང་ཤོང་དཀའ་བ་ཞིག་རེད།

ད་ལོ་དགུང་ལོ76ལ་སླེབས་པའི་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་འབྲོག་པ་སྐལ་བཟང་ལ་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བར་མྱོང་ཚོར་ཟབ་མོ་ཡོད། ཁོས་བཤད་རྒྱུར།“1954ལོ་ནི་མགོ་ལོག་སྲིད་གཞུང་ཚུགས་པའི་ལོ་ཡིན་ལ། དེའི་སྔོན་ལ་རྟ་བོ་གྲོང་རྡལ་དུ་རྐང་ལམ་ཞིག་ལས་མེད། སྐབས་དེར་ང་ལོ12ཡིན།”

ཨ་མྱེས་སྐལ་བཟང་རྟ་བོ་གྲོང་རྡལ་གྱི་སྲང་མགོ་རུ་ལངས་ནས། རང་གི་ཚ་བོས་མགོ་ལོག་གནམ་གྲུ་ཐང་དུ་གླ་གཏོང་རླངས་འཁོར་གཏོང་བའི་རྣམ་པ་མཐོང་སྐབས་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག  དེ་སྔ་རྟ་བོ་གྲོང་རྡལ་དུ་གླ་ཚེར་སོགས་ཤིང་ཕྲན་སྣ་ཚོགས་སྐྱེས་ཡོད་པ་མ་གཏོགས།  རྐང་ལམ་ཞིག་ཡོད་པ་དེ་ད་ལྟའི་གཞུང་ལམ་གཙོ་བོ་སྟེ་ཁུལ་སྲིད་གཞུང་ཡོད་སའི་མཐུན་སྒྲིལ་ལམ་ཡིན།  “སྐབས་དེར་ལམ་ཞིག་ཡོད་པ་དེ་ཡང་མིང་ཙམ་རེད། དབྱར་ཆར་བའི་དུས་སུ་འདམ་གྱིས་བརྫིས་ཤིང་དགུན་རླུང་བུ་ལྡང་ཚེ་རྡུལ་གྱིས་ཁེངས་ནས་དབུགས་ཀྱི་རྒྱུན་ཡང་གཅོད་སྙམ་བྱེད། སྦྲ་ནག་རེ་གཉིས་ལས་མེད་ལ།  རླུང་ལྡང་དུས་སྦྲ་ནག་འགྱེལ་འགྲོ་བ་དང་། ཉི་འོད་ཚ་བའི་སྐབས་སུ་ཡུལ་མི་རྣམས་ཀྱིས་ཡང་བསྐྱར་སྦྲ་ནག་ཡར་རྒྱོང་བར་བྱེད། སྐབས་དེའི་མི་རྣམས་ལ་སྔོན་ཐོན་གྱི་བསམ་བློ་མེད་པར་མ་ཟད་སྒྱིད་ལུག་དང་ལེ་ལོས་ཁེངས་ཏེ་ལས་ཀ་ལས་པར་དེ་འདྲའི་སྤྲོ་སེམས་མེད། དུས་ཚིགས་བཞི་བོར་ནོར་ལུག་ཡར་འདེད་མར་འདེད་བྱེད་པ་དང་། སྦྲ་ནག་སར་བསྒྱེལ་བ་དང་ཡང་བསྐྱར་མཁའ་རུ་བརྒྱང་རྒྱུ་ནི་སྐབས་དེའི་འཚོ་བ་རོལ་སྟངས་ཡིན” ཞེས་ཨ་མྱེས་སྐལ་བཟང་གིས་ཕྱིར་དྲན་བྱེད་ཞོར་དེ་ལྟར་བཤད་བྱུང་།

1954ལོར་མགོ་ལོག་ཁུལ་སྲིད་གཞུང་ཚུགས་པའི་སྔ་རོལ་དུ།  མཐུན་སྒྲིལ་ལམ་ནས་མར་བལྟས་པའི་ལམ་ཐག་སྨི་བརྒྱ་ལྷག་གི་ཕ་རོལ་ན།   ཕྲེང་སྟར་བསྒྲིགས་པའི་སྲིད་གཞུང་གི་ཁང་ལེབ་སྐྱ་བོ་འགའི་མཐའ་རུ་ཤ་ཤེད་ཞན་པའི་རྟ་ཕོ་རེ་གཉིས་དང་། གྱོན་པར་ལྷན་པ་བརྒྱབ་ཅིང་གདོང་ལ་སྐྱོ་ཉམས་དོད་པའི་མི་འགའ་ལས་མཐོང་རྒྱུ་མེད་ལ། དུས་བཞིའི་ཙག་དང་ཙད་པ་ཡང་འགོག་མི་ཐུབ་པའི་ས་གྱང་གིས་ལས་པའི་མི་རིགས་ཚོང་ཁང་དང་།  རླུང་འཚུབ་ཁྲོད་ནམ་ཡང་འཁུར་ལ་ཉེ་བའི་སྦྲ་གུར་ཚོང་ཁང་དང་རྟ་བོ་ཟ་ཁང་ཟེར་བ་ཞིག་ཡོད་པ་དག་ཀྱང་རྒྱུན་པར་སྒོ་བརྒྱབ་ནས་ཡོད། ཡིན་ཡང་ད་ལྟ། མཐུན་སྒྲིལ་ལམ་གཙོ་བྱས་པའི་ཤར་ནས་ནུབ་བར་གྱི་སྐོར་ལམ་ཤར་མ་དང་སྐོར་ལམ་བྱང་མ་སོགས་གཞུང་ལམ་ཆེན་པོ་ལྔ་དང་། འཕྲེད་དུ་གཞུང་ལམ་བརྒྱད་ལྷག་ཡོད་པས་དེང་རབས་ཅན་གྱི་གྲོང་ཁྱེར་གྱི་གཞུང་ལམ་སྣོལ་མར་ཆགས་པའི་འཛུགས་སྐྲུན་གྱི་ཁྱད་ཆོས་ཐོན་ཞིང་།  གཞུང་ལམ་གྱི་གཡས་གཡོན་གཉིས་སུ་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་ཐོག་བརྩེགས་གསོལ་མགྲོན་ཁང་དང་།  བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་འོག་གི་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། མཐོ་སྒང་དུ་ཆེས་ཆེ་བའི་ལུས་རྩལ་ར་བ་སྟེ་གེ་སར་ལུས་རྩལ་ར་བ་དང་། མི་རིགས་མང་པོ་འདུས་སྡོད་བྱེད་སའི་བདེ་སྐྱིད་གཞིས་ཁུལ་སོགས་འཛུགས་སྐྲུན་བྱས་པས་གྲོང་ཁྱེར་ཞིག་གི་རིག་གནས་ཀྱི་མཚོན་རྟགས་དང་འཕེལ་རྒྱས་ཀྱི་ལམ་བུ་མངོན་ཡོང་།

མགོ་ལོག་ཁུལ་ནི་གཙང་གསུམ་མགོ་ཁུངས་སུ་གནས་པའི་བོད་རིགས་རང་སྐྱོང་ཁུལ་ཏེ་རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་བཅུའི་ནང་གི་གཅིག་ཡིན།  1978ལོར་ཁུལ་ཡོངས་ཀྱི་ཐོན་སྐྱེད་ཐོན་རིན་སྒོར་དུང་ཕྱུར་གསུམ་ནས2018ལོར་སྒོར་དུང་ཕྱུར་ཞེ་གཅིག་དང་བྱེ་བ་བཞི་ས་ཡ་ལྔ་ལ་འཕར་ཏེ་ལྡབ12འཕར་སྣོན་བྱུང་ཡོད།  མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཅིག་བཞི་བརྒྱ་རེ་བདུན་ནས་སྒོར་ཁྲི་གསུམ་སྟོང་གསུམ་སུམ་བརྒྱ་ལྷག་ཏུ་འཕར་ཏེ་ལྡབ22ཀྱིས་འཕར་སྣོན་བྱུང་ཡོད། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཆིག་བརྒྱ་རེ་བརྒྱད་ནས་སྒོར་སྟོང་བདུན་དང་བདུན་བརྒྱ་བཞི་བཅུར་འཕར་ཏེ་ལྡབ45ཡིས་འཕར་སྣོན་བྱུང་ཡོད།  གྲངས་ཀ་འདི་དག་ལས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་དུ་འཕེལ་ཡོད་པ་ཤེས་ཐུབ་ལ། དེང་གི་མགོ་ལོག་ལ་ཕྱི་མིག་ཅིག་བལྟས་ཚེ། ང་ཚོ་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་ནས་ལངས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོད་ལ་འབད་བརྩོན་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་བསྐྱོད་པ་མཚོན་ཡོད།

ཉེ་བའི་ལོ་འགའི་རིང་ལ།  མགོ་ལོག་ཁུལ་གྱིས་རྨ་ཆེན་རྫོང་གཙོ་བྱས་པའི་རྫོང་སོ་སོའི་ས་བབ་ལ་གཞིགས་ནས། ལུགས་མཐུན་སྒོས་བཀོད་སྒྲིག་དང་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོར་འདེགས་གཏོང་བའི་རྩ་དོན་ལྟར། མཁར་གྲོང་གི་ཕྱིའི་འཛུགས་སྐྲུན་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་གཙོར་བཟུང་སྟེ། ནུས་ཤུགས་ཡོད་རྒུས་ལྗང་མདོག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་ཁོར་ཡུག་གསར་པ་འཛུགས་སྐྲུན་དང་། བློ་གཤོག་ཆེན་པོས་མཁར་གྲོང་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ཁུལ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་དང་དཀའ་ཁག་ཡོད་པའི་ལས་བཟོ་པའི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་བཏང་།

རྟ་བོ་གྲོང་རྡལ་གྱི་འགྱུར་ལྡོག་གླེང་སྐབས་ས་གནས་ཀྱི་མང་ཚོགས་ལ་ཚོར་བ་ཟབ་མོ་ཡོད།   ལོ50ཡིན་པའི་འབྲོག་པ་རྡོ་ཚེ་ཡིས་ཚེ་སྟོད་ལ་དུས་བཞིའི་དྲོད་ཚད་ཆ་སྙོམས་ཀྱིས་ཏུའུ་གྲངས12ཡིན་པའི་རྨ་ཆེན་རྫོང་གཡུག་གཞུང་ཞང་གཡུག་ཆུ་སྡེ་བ་ནས་རྫི་བོའི་འཚོ་བ་རོལ་ཞིང་། འགྲིམ་འགྲུལ་ཡོ་བྱད་གཙོ་བོ་ནི་གཡག་དང་རྟ་ཡིན།  ཁོའི་སེམས་ལའང་དྲན་མ་མྱོང་བ་ནི་མཁར་གྲོང་དུ་གནས་སྤར་ནས་དེང་རབས་ཅན་གྱི་ཐོག་ཁང་དུ་སྐུད་མེད་དྲ་བའི་བརྙན་འཕྲིན་ལ་ལྟ་བ་དང་། ཁ་པར་ལས་ཐག་ཉེ་རིང་གི་གཉེན་ཉེ་ཚོར་འཚོ་བ་གསར་པའི་བརྙན་ཐུང་བསྐུར་ཐུབ་པ་དེ་ཡིན།

དུས་བཞིར་ཡུལ་ངེས་མེད་འགྲིམ་པའི་ཕྱུགས་རྫི་དང་།  ལྕི་བ་མེ་རུ་སྦར་ནས་མེ་ཁ་གསོ་བའི་འཚོ་བ་དེ་རྒད་པོ་རྡོ་ཚེ་ལ་མཚོན་ན་ནམ་ཡང་བརྗེད་ཐབས་མེད།  ལོ་གཅིག་ལ་ལྭ་བ་ཆ་གཅིག་ལས་གྱོན་རྒྱུ་མེད་པ་དང་ཉིན་གཅིག་གི་ཟས་ཐུན་གསུམ་པོ་ཡང་རྩམ་སྐྱ་ལས་བཟའ་རྒྱུ་མེད་པའི་ལོ་ཟླ་དྲན་ན་ཡིད་སྐྱོ་བ་ཞིག་རེད་ཟེར།  ཡིན་ན་ཡང་། ལོ་འདི་འགར་ཁོས་ཁ་རྒྱབ་དང་སྡོད་ཁང་གི་ཐད་ལ་སེམས་ཁྲལ་བྱས་མ་མྱོང་བར་སྡོད་ཁང་གསར་པའི་ནང་དུ་གནས་སྤར་ཡོད།

“ང་ཚོ་དབུལ་ཕོངས་ཁྱིམ་ཚང་མཁར་གྲོང་དུ་གནས་སྤར་བའི་འགྱུར་ལྡོག་ནི། བུ་དང་བུ་མོའི་སློབ་ཡོན་དང་སྨན་རིན་ཐད་ལ་སྲིད་ཇུས་བཟང་པོ་ཡོད་པས། དུས་བཞིར་ཡུལ་ངེས་མེད་འགྲིམ་པའི་འཚོ་བར་སེམས་ཁྲལ་བྱེད་མི་དགོས་པ་དང་། ཇ་ཁང་དུ་གློག་ཆས་ལ་བརྟེན་ནས་ཟ་མ་གཡོ་སྐོལ་བྱེད་པ། ཁང་པའི་ནང་དུ་ལུས་པོར་ཁྲུས་བྱས་ཆོག་པས་གྲོང་ཁྱེར་གྱི་འཚོ་བ་དང་གཅིག་མཚུངས་རེད། བརྙན་འཕྲིན་ལས་རྒྱལ་ཁབ་ཀྱི་སྲིད་ཇུས་དངོས་འབེབས་བྱས་པའི་གསར་འགྱུར་མཐོང་ཐུབ་ལ། སྒེའུ་ཁུང་ལས་མཐོང་ཐུབ་པ་ནི་འཇིགས་མེད་གཞིས་ཁུལ་གྱི་ལྷས་རའི་ནང་གི་གསོམ་སྡོང་དང་མེ་ཏོག་སྣ་ཚོགས་ཡིན”ཞེས་རྒད་པོ་རྡོ་ཚེས་དགའ་སྤྲོའི་ངང་ནས་དེ་ལྟར་བཤད་བྱུང་།

གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་སོང་བར་བསྟུན། སྡོད་དམངས་ཀྱི་འཚོ་བའི་ཆ་རྐྱེན་དང་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་། དབྱང་རླུང་དཀོན་པའི་མཐོ་སྒང་དུ་འཚོ་སྡོད་ལ་ཅི་འདྲའི་དཀའ་ཁག་ཆེ་རུང་ཁོར་ཡུག་ལེགས་བཅོས་དང་སྔོ་ལྗང་ཅན་དུ་བསྒྱུར་བ། ཁྱིམ་ཚང་གི་ལྡུམ་ར་མཛེས་བཟོ་དང་གཞུང་ལམ་གྱི་གཡས་གཡོན་དུ་སྡོང་བོ་འཛུགས་པའི་ཆོད་སེམས་ལ་ནམ་ཡང་གཡོ་བ་མེད། རང་བྱུང་ཁོར་ཡུག་གི་ཆོས་ཉིད་ལ་བརྩི་མཐོང་བྱེད་པའི་རྨང་གཞིའི་སྟེང་། ཉེ་བའི་ལོ་འགའི་རིང་ལ་རྫོང་སོ་སོའི་ཉེ་འཁོར་གྱི་གཞུང་ལམ་དང་གཞིས་ཁུལ། སྲིད་གཞུང་གི་ར་སྐོར་ནང་དུ་སྡོང་འཛུགས་ནགས་སྐྲུན་བྱས་ནས་དབྱང་རླུང་དཀོན་པའི་མཐོ་སྒང་དུ་སྡོང་འཛུགས་བྱེད་དཀའ་བའི་ལོ་རྒྱུས་མཇུག་རྫོགས་པ་རེད།

“ལོ་ལྔའི་འཆར་གཞི་བཅུ་གཉིས”ཀྱི་སྐབས་སུ་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་གནམ་གྲུ་ཐང་འཛུགས་སྐྲུན་བྱས་པ་ནི་ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་གོང་དུ་འཕེལ་བའི་མཚོན་རྟགས་ཡིན་ལ། “ལོ་ལྔའི་འཆར་གཞི་བཅུ་གསུམ”གྱི་སྐབས་སུ་རྫོང་ཁག་སོ་སོའི་བར་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱུང་བ་དེ་ཡང་ས་གནས་ཀྱི་དཔལ་འབྱོར་ལོ་རེ་ནས་ལོ་རེར་འཕེལ་རྒྱས་སུ་སོང་ཡོད་པར་མ་ཟད།  ཏང་དང་སྲིད་གཞུང་གིས་ས་གནས་ལ་བཏོན་པའི་དམངས་ཕན་སྲིད་ཇུས་གང་སར་ཁྱབ་ཡོད་པ་ཕྱི་ཡོང་མགྲོན་པོས་མིག་གིས་མཐོང་ཞིང་ནང་ཁུལ་མང་ཚོགས་ཀྱིས་སེམས་ནས་རྟོགས་ཐུབ།

ང་ཚོའི་མིག་མདུན་དུ་འཆར་འོངས་པ་ནི་ཐོག་ཁང་དང་། གློག་བརྙན་ཁང་། དཔེ་ཀློག་ཁང་། ལུས་རྩལ་ར་བ། དེ་མིན་གཞུང་ལམ་ཇེ་མང་དུ་སོང་ཞིང་ལམ་འགྲམ་ལྗང་མདོག་ཅན་ཏུ་གྱུར་པའི་རྣམ་པ་ཡིན། དེ་མིན་གསར་འཛུགས་བྱས་པའི་རྨ་གཡང་ཁྲོམ་ནི་རྟ་བོ་གྲོང་རྡལ་དུ་རིག་གནས་དང་ཡུལ་སྐོར། ལུས་རྩལ། ཟས་རིགས། ཉོ་ཚོང་ཞབས་ཞུ་སོགས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཐང་ཆེན་ཞིག་ཡིན།  གྲོང་ཁྱེར་གྱི་གནས་སྐོར་དཔལ་འབྱོར་གྱི་གཞི་ཁྱོན་དང་སྤུས་ཚད་ཇེ་མཐོར་སོང་བར་བརྟེན་ས་གནས་དང་ཕྱི་ཕྱོགས་ནས་ཁེ་ལས་པ་དང་ཚོང་པ་མང་པོ་ནང་འདྲེན་བྱས་ཏེ།   སྲིད་ཇུས་དང་འབྲེལ་ནས་མང་ཚོགས་མང་པོ་ཞིག་གི་ལས་ཞུགས་གནད་དོན་དང་ཡོང་སྒོ་བཙལ་བའི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད།

རྟ་བོ་གྲོང་རྡལ་དུ་འུར་ཆ་དོར་ནས་རླངས་འཁོར་ཁ་ལོ་པའི་ལས་ཀ་གཉེར་མཁན་རྡོ་ཚེ་དང་།  ལྕི་བ་འཐུ་བའི་ལས་ཀ་བསྐྱུར་ནས་ཇ་མའི་ལས་རིགས་ལ་འཐམས་པའི་བུ་མོ་ནོར་བུ་མཚོ།  སྦྲ་གུར་གྱི་འཚོ་བ་ལས་ཐར་ཏེ་རང་ཁྱིམ་དུ་ཟ་ཁང་གཉེར་བའི་སྦྱིན་བདག་སྒྲོལ་མ་ལྟ་བུའི་ཚོང་པ་དང་ལས་ཞུགས་པ། ཁེ་ལས་པ་བགྲང་གིས་མི་ལང་བ་ཡོད། ཁོ་ཚོའི་གདོང་གི་འཛུམ་མདངས་ལས་མགོ་ལོག་ས་ཁུལ་མང་ཚོགས་ཀྱི་སྐྱིད་སྣང་དེ་མཐོང་ཐུབ།

རྩོམ་སྒྲིག སྒྲོལ་མ་སྐྱིད།