ཧོ་ལོ་སི་གོང་མ་སྡེ་བས་འགོ་ཁྲིད་ཚན་ཁག་བཟང་པོར་བརྟེན་ནས་སྡེ་བ་ཕྱུག་ལམ་དུ་ཁྲིད།
2019.11.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

གུང་ཧོ་རྫོང་ཐེ་གེ་ཞང་ཧོ་ལོ་སི་གོང་མ་སྡེ་བ་ནི་ལུང་གཡང་འགག་ཆུ་མཛོད་ཀྱི་འགྲམ་ངོགས་ན་ཆགས་ཡོད་པ་དང་། གནས་དེའི་ས་བབ་ལེགས་ལ་སྐྱེ་དངོས་དང་ཞིང་ས་གཉེར་བར་ཤིན་ཏུ་འཚམ་པ་ཞིག་རེད།

ལོ་ངོ་མང་པོའི་རིང་ལ། ཧོ་ལོ་སི་གོང་མ་སྡེ་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བྱས་པ་དང་། “སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང”དང“ཆེས་མཛེས་པའི་ཁྱིམ་ཚང”སོགས་ཀྱི་དཔྱད་བསྡུར་འདེམ་བསྐོའི་བྱ་འགུལ་དང་ཟུང་འབྲེལ་བྱས་ནས། རྒྱ་ཆེའི་མང་ཚོགས་ལ་ཁྲིད་སྟོན་དང་སྐུལ་ཁྲིད་བྱེད་བཞིན་ཁྱིམ་ཚང་གི་སྤྱོད་བཟང་དར་སྤེལ་བཏང་བ་དང་། དཔལ་ཡོན་ཁྱིམ་སྲོལ་སྒྲོག་སྤེལ་བྱས་པས། སྔ་གཞུག་ཏུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དཔེ་སྟོན་སྡེ་བ”དང་གུང་ཧོ་རྫོང་གི་ཡ་རབས་དཔལ་ཡོན་སྡེ་བ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

འདི་ལྟ་བུའི་སྡེ་བ་ཆུང་ཆུང་ཞིག་ལ་འདི་འདྲའི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་དོན་ཅི་ཡིན་ནམ་ཞེ་ན། གཤམ་དུ་བཅར་འདྲིའི་ཁྲོད་ནས་ང་ཚོས་རྒྱུས་ལོན་དང་ཤེས་རྟོགས་ཟབ་མོ་བྱེད་ཐུབ་སྟེ། སྡེ་བའི་ཏང་ཀྲི་པུའུ་ནི་ཏང་གིས་ཞིང་སྡེ་རུ་བཀོད་སྒྲིག་བྱས་པའི་གཞི་རིམ་རྩ་འཛུགས་ཡིན་ཞིང་། སྡེ་བའི་ཏང་ཡོན་བྱ་འགུལ་སྤེལ་བའི་གནས་གཙོ་བོ་ཞིག་ཡིན་པར་མ་ཟད། མི་དམངས་མང་ཚོགས་ལ་སྣེ་ཁྲིད་དང་ཁྲིད་སྟོན་བྱས་ནས་དབུལ་ཐར་ཕྱུག་བསྒྱུར་དང་འབྱོར་འབྲིང་ལམ་དུ་སྐྱོད་པའི་སྲོག་ཤིང་ལྟ་བུ་ཡིན་ལ། ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་ཁྲོད་དུ་གནད་འགག་གི་ནུས་པ་འདོན་བཞིན་ཡོད།

སྡེ་དམངས་བསོད་ནམས་ཚེ་རིང་གི་ཁྱིམ་མི་རྣམས་གཅིག་འཕྲོར་གཅིག་ཚེ་ལས་འདས་པའི་རྗེས་སུ། ཆགས་ས་རྟེན་ས་མེད་ཅིང་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་ཁོ་རང་འཇིག་རྟེན་འཚོ་བར་ཞེན་ལོག་ཅིང་ཡིད་ཆེས་དང་རེ་ཐག་ཀུན་ནས་ཆད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གིས་སྡེ་དམངས་ལ་སྣེ་ཁྲིད་བྱས་ཏེ་ཁོ་ལ་ཁང་བ་གསར་པ་ལས་རོགས་བྱས་པ་དང་། ཕྱོགས་གང་མང་ལ་འབྲེལ་འཛུགས་བྱས་ཏེ་ཁོ་ལ་ཁང་བ་གསར་པ་ལས་བྱེད་ཀྱི་མ་དངུལ་དཀོན་པའི་གནད་དོན་ཐག་གིས་བཅད། ཁང་བ་གསར་པ་ལས་རྗེས། ཁེར་རྐྱང་དྭ་ཕྲུག་ཏུ་ལུས་པའི་མི་རྐྱང་ཕོ་ཧྲེང་འདི་ལ་འཚོ་བའི་ཐད་ནས་ཡང་བསྐྱར་ཡིད་ཆེས་སྐྱེས། ཁོས་བཤད་རྒྱུར། འཚོ་བ་ནི་ཁོ་རང་ལ་མཚོན་ན་ཧ་ཅང་གིས་གདུག་རྩུབ་ཆེ་མོད། འོན་ཀྱང་ཁོ་རང་ལ་བློ་ཕམ་གཏན་ནས་མ་བྱུང་། རྒྱུ་མཚན་ནི་ཉེ་འགྲམ་ན་སྡེ་མི་རྣམས་ཀྱི་རོགས་རམ་ཡོད་པའི་སྟབས་ཀྱིས། རང་ཉིད་ནམ་ཞིག་འགག་སྒོ་ལས་ཐར་ཐུབ་པ་དང་བདེ་སྐྱིད་ཀྱི་འཚོ་བ་གདོང་གིས་བསུ་ཐུབ་པར་ཡིད་ཆེས་སྐྱེས་ཡོད་པས་སོ།

ཡེ་ཤེས་བཟང་པོ་ནི་བོད་ཀྱི་གསོ་རིག་གི་ཁྱིམ་རྒྱུད་ཅིག་ནས་ཐོན་པའི་སྡེ་བའི་སྨན་པ་ཞིག་ཡིན་ཞིང་། ཁོས་སྡེ་བའི་ནང་དུ་འཆར་ཅན་རྒྱུན་མཐོང་གི་ནད་རིགས་ལ་གསོ་བཅོས་བྱེད་པ་ལས་གཞན། ད་དུང་སྤྱི་པའི་འཕྲོད་བསྟེན་གྱི་ཞབས་ཞུ་རྣམ་གྲངས་བཅུ་བཞི་ཙམ་རང་གིས་སྒྲུབ་གཉེར་བྱེད་པའི་འགན་བླངས་ཡོད། ཉིན་རེར་ཞིང་ནང་གི་ལས་ཀར་བྲེལ་བ་ལས་གཞན། སྡེ་བའི་ནང་གི་མི་རྣམས་ལ་ནད་རིགས་ན་ཚ་བྱུང་བར་ཡང་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་སྒོ་ནས་བལྟ་བཞིན་ཡོད། རྒྱུ་མཚན་ནི་སྡེ་བའི་ནང་གི་མི་རྣམས་ཀྱིས་ཁོ་ལ་ཡིད་ཆེས་ཟབ་མོ་བཅངས་ཡོད་པའི་རྐྱེན་གྱིས་སྡེ་བའི་སྨན་ཁང་ལ་དུས་རྒྱུན་དུ་ནད་ལ་སྟོན་དུ་ཡོང་བའི་ནད་པ་མང་པོ་ཡོད་ཅིང་། དེའི་ཁྲོད་དུ་ཐག་ཉེ་ཁྱིམ་མཚེས་སྡེ་བའི་མི་ཡང་མི་ཉུང་བ་ཞིག་ཡོད།

སྡེ་མི་ཀྲང་ཧྥ་ཞང་ནི་ཐེ་གེ་ཞང་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་རོགས་རམ་འོག་ནོར་ལུག་གསོ་བའི་ལམ་བུར་ཞུགས་པ་ཞིག་རེད། ལོ་འདི་འགའི་རིང་ལ་དཀའ་སྤྱད་སྙིང་རུས་ཀྱིས་འབད་བརྩོན་བྱས་པ་བརྒྱུད་ནས། ཁྱིམ་དུ་ཁང་བ་གསར་པ་ཞིག་ལས་པ་དང་། རླངས་འཁོར་ཆུང་བ་ཞིག་ཀྱང་ཉོས་ནས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད། ཀུན་གྱི་སྔོན་ལ་ཕྱུག་པོར་གྱུར་པའི་ཁོ་རང་སྡེ་བའི་ནང་གི་ཕྱུག་བསྒྱུར་འཇོན་ཐང་ཅན་ཞིག་ཡིན་པའི་ཆ་ནས། ད་ལྟ་སྡེ་བའི་ནང་གི་མི་རྣམས་ཀྱི་སྣེ་ཁྲིད་དེ། མཉམ་དུ་ནོར་ལུག་ཚོ་གསོ་དང་ཕག་གསོ་སྤེལ་གྱི་ལས་ཀ་སྒྲུབ་བཞིན་ཡོད་པས། སྡེ་མི་རྣམས་ཀྱིས་སྒོར་མོ་བཙལ་བའི་ལམ་བུ་སྔར་ལས་ཇེ་མང་ནས་ཇེ་མང་རེད།

དེང་འདིར་འཆམ་མཐུན་དར་རྒྱས་ཀྱི་ཧོ་ལོ་སི་གོང་མ་སྡེ་བ་ནི་དོན་ངོ་མས་བཤད་ན་སྔོན་ཆད“གནད་དོན་མང་བའི་སྡེ་བ”ཞིག་ཡིན་པར་བཤད་ལ། འདི་ནི་ལུང་གཡང་འགག་ཆུ་མཛོད་ས་ཁུལ་གྱི་རུ་ཡོང་སྤོར་དམངས་བཀོད་སྒྲིག་ལ་གཏོགས་པའི་སྡེ་བ་ཞིག་ཡིན་པ་དང་། འགལ་བ་དང་རྩོད་གླེང་རྒྱུན་ཆད་མེད་པར་གཅིག་འཕྲོར་གཅིག་མཐུད་དེ་འབྱུང་བཞིན་པའི་རྐྱེན་གྱིས་སྡེ་བའི་ལས་བྱེད་པ་ཚོས་བྱ་བ་ལས་ན་དཀའ་ཁག་ཧ་ཅང་ཆེན་པོ་ཡོད་པ་རེད།

དབང་ཕྱུག་ནི་ཧོ་ལོ་སི་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རེད། 2011ལོའི་ཟླ་དགུ་པར་ཁོ་རང་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་འདེམ་བསྐོ་བྱས་པ་ནས་བཟུང་། ཁོས་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རྣམས་ཀྱི་སྣེ་ཁྲིད་དེ། ཁྱིམ་ཚང་རེ་རེ་བཞིན་མྱུལ་ནས་གནས་ཚུལ་རྒྱུས་ལོན་བྱས་པ་དང་། མགོ་བོ་བསྒུར་ནས་ཇི་མི་སྙམ་པར་བཟོད་པ་སྒོམ་པའི་གཤིས་ཀ་བཟང་པོར་བརྟེན་ནས། སྡེ་མི་རྣམས་ལ་སེམས་གཏམ་གླེང་མོལ་བྱས་ཤིང་། ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་རེད། སྡེ་བ་ཧྲིལ་པོའི་ཁྱིམ་ཚང་ཉིས་བརྒྱ་ལྷག་ལ་རེ་རེ་བཞིན་བརྟག་དཔྱད་བྱས་རྗེས། སྡེ་བ་རིམ་པ་འཕེལ་རྒྱས་གཏོང་བའི་བསམ་འཆར་གྲོས་གཞི་དང་མང་ཚོགས་ཀྱི་རེ་སྒུག་འབོར་ཆེན་འཚོལ་སྡུད་བྱས་པ་དང་། སྡེ་བ་རིམ་པ་འཕེལ་རྒྱས་གཏོང་བར་བཀག་གཅུན་ཚོད་འཛིན་བྱེད་པའི་གནད་དོན་གཙོ་བོ་རྣམས་ཁོང་དུ་ཆུད་པར་བྱས་ལ། མང་ཚོགས་ཀྱིས་ཁ་ཞེ་གཉིས་མེད་སྒོས་རེ་བ་ནན་མོ་ཁོང་དུ་ཆུད་པར་བྱས་པས། སྡེ་བ་རིམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་སྲ་ཞིང་བརྟན་པའི་མང་ཚོགས་ཀྱི་རྨང་གཞི་ལེགས་པོ་བཏིང་།

ཧོ་ལོ་སི་གོང་མ་སྡེ་བས་ཁྱིམ་མཚེས་གཡས་གཡོན་གྱི་ཁ་མཆུ་རྩོད་གླེང་སོགས་ཀྱི་གནད་དོན་ཐག་གཅོད་པར་དམིགས་ཏེ། གསར་སྐྲུན་གྱི་དཔེ་དབྱིབས་རྣམ་པར་དྲ་མིག་ཅན་གྱི་དོ་དམ་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་ཁྱབ་སྤེལ་བྱས་ནས། ཁྱིམ་ཚང་རེ་རེའི་སྡེ་དམངས་རྣམས་ལ་ཆ་འཕྲིན་གྱི་ཡིག་ཚགས་ཆ་ཚང་བཙུགས། དུས་མཚུངས་སུ། ཏང་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ཀྱི་རོགས་སྐྱོར་འོག་ཏུ། འཚོ་བའི་རྣམ་པར་རིམ་བཞིན་འགྱུར་ལྡོག་བྱུང་། ལོ་ངོ་གསུམ་གྱི་སྔོན་དུ། སྡེ་བ་ཡོངས་ཀྱིས་དངུལ་ཁང་ནས་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་གཅིག་བརྩོན་ལེན་བྱས་པ་དང་། ཁྱིམ་ཚང་བརྒྱ་དང་བཅུ་ལྷག་ལ་ཕན་ཁེ་ཐོབ།

བུ་ཆུང་ཐར་ནི་ཧོ་ལོ་སི་གོང་མ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡིན། ཁོས་བལྟས་ན། ཏང་རྩ་འཛུགས་ཀྱི་ཞིང་སྡེ་རུ་ཆེས་གཙོ་བོའི་ནུས་པ་ནི་རྒྱ་ཆེ་བའི་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་མཉམ་ཤུགས་ཆགས་པར་བྱེད་པ་དེ་ཡིན། ལོ་ངོ་འདི་དག་གི་རིང་ལ། སྡེ་བའི་ནང་ནས“ཞིང་རའི་མཛེས་སྡུག་དང་གྲོང་སྡེ་ཡི་མཛེས་སྡུག འཚོ་བའི་མཛེས་སྡུག་བཅས་ལྡན་པའི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང”ཞིག་འཛུགས་པར་དམ་པོར་དམིགས་ཏེ། འདེབས་འཛུགས་དང་གསོ་སྤེལ། ངལ་གསོ་ཁམ་གསེང་། ལྗོངས་གཟིགས་བཅས་ཁྱད་ཆོས་སུ་བཟུང་བའི་མཐོ་སྒང་གི་མཛེས་པའི་གྲོང་སྡེ་བསྐྲུན་ཏེ། བགྲོད་ལམ་གྱི་རྒྱ་བསྐྱེད་པ་དང་སྲ་བསྒྱུར་བྱེད་པའི་ལས་འགན་ལེགས་པར་འགྲུབ་པ་དང་། སྲང་ལམ་མཛེས་པར་བསྒྱུར་བ་དང་མི་ཕྱུགས་ཀྱི་འཐུང་ཆུ་དཀོན་པ་སོགས་ཀྱི་གནད་དོན་ཅི་རིགས་ལེགས་པར་ཐག་བཅད་པས། སྔོན་ཆད་བཙོག་ཟིང་ཞན་གསུམ་ཡིན་པའི་ཁོར་ཡུག་ལ་ལེགས་བཅོས་བྱུང་ཞིང་། སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། དུས་མཚུངས་སུ། སྡེ་བའི་ནང་གི་རིག་རྩལ་གྱི་ཕྱོགས་སུ་མོས་པ་ཡོད་མཁན་ཚང་མ་རྩ་འཛུགས་བྱས་ནས། ན་གཞོན་དར་མའི་རིག་རྩལ་རུ་ཁག་ཅིག་བཙུགས་པ་དང་། རང་ཉིད་ཀྱིས་བསྒྲིགས་ཤིང་རང་ཉིད་ཀྱིས་སྦྱོང་བརྡར་བྱས་པར་བརྟེན་ནས། མི་རིགས་མཐུན་སྒྲིལ་དང་དཔལ་ཡོན་གསར་སྐྲུན་སོགས་བརྗོད་གཞི་ཡིན་པའི་འཁྲབ་ཚན་ལྟད་མོ་དར་སྤེལ་བཏང་ཞིང་། སློབ་ཁྲིད་བྱས་ན་སྤྲོ་སྣང་བསྐྱེད་པའི་རྣམ་པ་ཡག་པོ་ཞིག་གི་བྱེད་སྟངས་བརྒྱུད་ནས། མང་ཚོགས་ལ་སློབ་གསོ་རྒྱ་ཆེར་སྤེལ།

ཧོ་ལོ་སི་གོང་མ་སྡེ་བའི་འགྱུར་ལྡོག་གི་སྟེང་ནས། ང་ཚོས་འདི་འདྲའི་སྡོམ་ཚིག་ཅིག་འགོད་ཐུབ་བྱུང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ཁྲོད་དུ། ཏང་ཡོན་གྱིས་གདོང་ལེན་དཔེ་ལེགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། དཔུང་ཚོགས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འཐབ་འཛིང་ནུས་པ་གཅིག་ཏུ་འགྲིལ་བར་བྱས་ཤིང་། སྤྱི་ཚོགས་དོ་དམ་གསར་སྐྲུན་དང་གོམས་སྲོལ་ངན་པ་བསྒྱུར་བ། མང་ཚོགས་ལ་སྐུལ་ཁྲིད་བྱས་ནས་དཔལ་ཡོན་སྲོལ་གསར་འཛུགས་པ་སོགས་བྱས་ན། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་འབྱུང་ངེས་ཤིང་། སྡེ་བ་རིམ་པའི་ཐོན་ལས་བསྐྱར་གསོ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་བཏང་ནས། ས་ཁུལ་ཞིག་གི་འཆམ་མཐུན་དང་མགྱོགས་མྱུར་འཕེལ་རྒྱས་ལ་ཡར་སྐུལ་གཏོང་ཐུབ་པ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།