མཚོ་བྱང་ཁུལ་གྱིས་སྐད་གཉིས་ལས་བྱེད་པའི་ལོ་ཙཱའི་གསོ་སྦྱོང་དང་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་བཀོལ་སྤྱོད་ཀྱི་གསོ་སྦྱོང་སྤེལ།
2019.11.26 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 28

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྐད་བརྡ་གཅིག་འཕྲོད་ཀྱིས་རིགས་སོ་སོའི་མི་རིགས་འབྲེལ་འདྲིས་ཁས་ལེན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ཀྱི་གལ་ཆེའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱུན་མཐུད་ངང་མི་རིགས་ས་ཁུལ་གྱི་རིགས་སོ་སོའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐད་དང་ཡི་གེ་ལེགས་པོ་སློབ་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་སྐད་གཉིས་ལས་བྱེད་པའི་ཡིག་སྒྱུར་ནུས་པ་མཐོར་འདེགས་གཏོང་བ། སྐད་གཉིས་ལས་བྱེད་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་། བརྟན་ལྷིང་སྲུང་སྐྱོང་། དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་བྱ་བའི་ཁྲོད་ཧུར་ཐག་གིས་ནུས་པ་འདོན་སྤེལ་བྱས་ནས་སྐད་བརྡ་མཉམ་འདྲེས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་སྒྲིག་གཞིའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐད་ཡིག་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། མཚོ་བྱང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་ཏེ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་དོན་འགྲུབ་དང་དགེ་རྒན་ཆེན་མོ་ཀུན་བཟང་རྣམ་གཉིས་གདན་འདྲེན་ཞུས་ཏེ2019ལོའི་ཁུལ་ཡོངས་ཀྱི་སྐད་གཉིས་ལས་བྱེད་པའི་ལོ་ཙཱའི་གསོ་སྦྱོང་དང་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་བཀོལ་སྤྱོད་ཀྱི་གསོ་སྦྱོང་གཉིས་བོད་མཁར་རྐང་ཚ་རུ་གཟབ་རྒྱས་ངང་སྤེལ།

ཐེངས་འདིའི་གསོ་སྦྱོང་ཚོགས་འདུའི་ནང་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐད་རིགས་འབྲེལ་འདྲིས་ཀྱི་དགོངས་དོན་དང་མཐུན་ཞིང་སྤྱི་ཚོགས་ཡོངས་ཀྱི་མིག་སྔའི་ཁ་ཚ་དགོས་གཏུག་གི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་སྒྲུབ་པ་ཡིན་པས། མདོ་ལ་ཚགས་པར་ཁང་དང་། ཁུལ་དང་རྫོང་སོ་སོའི་སློབ་གསོ་སྡེ་ཁག སྐད་གཉིས་ལས་བྱེད་མི་སྣ་བཅས་མི40ལྷག་གསོ་སྦྱོང་ལ་མཉམ་ཞུགས་བྱས་ནས་རྒན་རྣམ་པ་གཉིས་ཀྱི་འཆད་པའི་དོན་དང་གསུང་བའི་ཚིག་ལ་སློབ་སྦྱོང་གང་ལེགས་བྱས་པར་མ་ཟད་སོ་སོས་རང་ངོས་ཀྱི་དྲི་བ་དང་བསམ་ཚུལ་ལྷུག་པོར་བརྗོད་ནས་སློབ་ཁྲིད་ཀྱི་རྣམ་པར་འཁྲུག་ཆ་དོད་ཅིང་སློབ་ཁྲིད་ཀྱི་བརྒྱུད་རིམ་ལ་སྤྲོ་སྣང་འཁོལ།

ཐེངས་འདིར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་དོན་འགྲུབ་ཀྱིས་ལོ་མང་རིང་གི་སློབ་ཁྲིད་ཀྱི་ཉམས་མྱོང་དང་བོད་ཡིག་བརྡ་སྤྲོད་སྐོར་གསོ་སྦྱོང་སློབ་མ་རྣམས་ལ་གོ་སླ་ཞིང་འཛིན་བདེ་བའི་སྒོ་ནས་སློབ་ཁྲིད་ཕུན་སུམ་ཚོགས་པོ་ཞིག་གནང་བ་དང་། དགེ་རྒན་ཆེན་མོ་ཀུན་བཟང་གིས་ཧི་མ་ལ་ཡའི་བོད་ཡིག་ཡིག་མཛོད་དང་པར་སྒྲིག་གི་བྱེད་ཐབས་བརྗོད་གཞི་བྱས་ཏེ། པར་སྒྲིག་བྱེད་སྐབས་ཀྱི་ཉམས་མྱོང་དང་ཞིབ་འཇུག་གི་ལག་ལེན་བརྒྱུད། གནད་དོན་གང་དག་ལ་ཡིད་འཇོག་བྱེད་དགོས་ཚུལ་ཐད་ནས་འཆད་ཁྲིད་གནངས།

གསར་འགོད་པས་ཐེངས་དེའི་གསོ་སྦྱོང་ལ་ཞུགས་པའི་སློབ་མའི་བསམ་ཚུལ་ལ་རྒྱུས་ལོན་བྱེད་དུས། རྐང་ཚ་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་རྡོར་བྱམས་རྒྱལ་གྱིས་ཐེངས་དེའི་སྐད་གཉིས་ཟབ་སྦྱོང་བྱས་པ་བརྒྱུད། ང་རང་ཉིད་ལ་མཚོན་ན་སྤྱི་ཚོགས་སྤྱོད་ཡིག་གི་ཁྲོད་གནས་པའི་གནད་དོན་མི་ཉུང་བ་ཞིག་ལ་ངོས་འཛིན་གསར་བ་རྙེད་པ་དང་། ལྷག་པར་དུ་སྐད་གཉིས་བཀོལ་སྤྱོད་ཐད་ལས་ཀ་སྒྲུབ་ཀྱིན་ཡོད་པའི་ལས་བྱེད་དཔུང་སྡེ་ལྟ་བུར་མཚོན་ན་ནོར་བ་རྒྱུན་འབྱམས་སུ་སོང་བའི་སྤྱི་ཚོགས་སྤྱོད་ཡིག་ཁག་ཅིག་ལ་སུན་འབྱིན་གྱི་ངོས་ཤེས་ལེགས་པོ་ཞིག་འབྱེད་ཐུབ་པ་བྱུང་ཡོད། དེར་མ་ཟད་བོད་ཡིག་གི་རྩིས་འཁོར་སྤྱོད་སྒོའི་ཐད་དུ་ཤེས་བྱ་གསར་བ་མི་ཉུང་བ་ཞིག་སློབ་ཐུབ་པ་བྱུང་ཡོད་ཟེར།

ཆི་ལེན་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལས་བྱེད་པ་བླ་མ་ཚེ་རིང་གིས་བཤད་རྒྱུར། ཐེངས་དེའི་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་པའི་གསོ་སྦྱོང་འཛིན་གྲྭ་འདི་ལ་བརྟེན་ནས། རང་ཉིད་ཀྱི་ནམ་རྒྱུན་ཡིག་སྒྱུར་གྱི་བྱ་བ་གཉེར་བའི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་དང་དཀའ་གནད་དག་ལ་རྒན་རྣམས་པས་འགྲེལ་བཤད་ལེགས་པོ་བྱས་པ་དང་། གཞི་རིམ་གྱི་ཡིག་སྒྱུར་ལས་གནས་སུ་ཡོང་བའི་ང་དང་ང་ལྟ་བུའི་ལས་བྱེད་དག་ལ་གཞུང་ལུགས་དང་ལག་ལེན་གཉིས་ཀ་ཟུང་འབྲེལ་སྒོས་བུམ་པ་གང་བྱོའི་ཚུལ་དུ་དཔེ་ཁྲིད་བྱས་པས་སེམས་པ་ཤིན་ཏུ་སྤྲོ་སོང་ཟེར།

ཆི་ལེན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་སྙན་སྒྲོན་པ་ཨ་རིག་མཁས་བཟང་གིས་བཤད་རྒྱུར། ང་ནི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་ཡིག་སྒྱུར་ལས་ཀ་གཉེར་བའི་ལས་བྱེད་པ་ཞིག་ཡིན། སློབ་མ་ཡིན་དུས་གཙོ་བོ་གཞུང་ལུགས་སློབ་སྦྱོང་གི་ལས་ལ་འབད་བརྩོན་བྱས་པ་ནང་བཞིན་སྤྱི་ཚོགས་ཀྱི་ལས་ཀའི་ཁྲོད་ནས་ལག་ལེན་སློབ་སྦྱོང་ལ་འབད་བརྩོན་བྱས་པ་ཡིན་མོད། དུས་རྒྱུན་བྱ་བའི་བྲེལ་འཚུབ་ཀྱི་དབང་གིས་གཞུང་ལུགས་བསྐྱར་སྦྱོང་གི་གོ་སྐབས་ཧ་ཅང་ཉུང་ཉུང་རེད། ལྷག་པར་དུ་ཡིག་སྒྱུར་ལག་ལེན་ཁྲོད་སློབ་མ་ཡིན་དུས་ཀྱི་གཞུང་ལུགས་སློབ་སྦྱོང་ལས་འདས་པའི་དཀའ་ཁག་དང་གནད་དོན་མང་བོ་ཞིག་ལ་འཕྲད་མྱོང་བ་དང་། ཐེངས་འདིའི་གསོ་སྦྱོང་འདི་ལྟ་བུ་བརྒྱུད་དེ་རང་སྟེང་གི་ལས་རིགས་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་རེད། བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་ལོ་རེ་བཞིན་གཙོ་སྒྲུབ་བྱེད་བཞིན་པའི་ལོ་ཙཱའི་གསོ་སྦྱོང་འདིའི་དགེ་རྒན་རྣམས་ཀྱི་འཆད་ཁྲིད་ཁྲོད་ནས་བློ་སྐྱེད་ཐོབ་པར་མ་ཟད། རང་དང་ལས་རིགས་འདྲ་བ་མང་བོ་ཞིག་ལ་བསམ་བློ་བརྗེ་རེས་བྱེད་པའི་སྟེགས་བུ་བཟང་བོ་ཞིག་བསྐྲུན་པ་འདི་ནི་ཧ་ཅང་དགའ་འོས་པ་ཞིག་རེད་ཟེར།

ཆི་ལེན་རྫོང་སློབ་འབྲིང་གི་བོད་ཡིག་དགེ་རྒན་ལྕགས་ཐར་འབུམ་གྱིས་བཤད་རྒྱུར། ཐེངས་འདིར་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་པའི༼ཁུལ་ཡོངས་ཀྱི་སྐད་གཉིས་ལས་བྱེད་པའི་ལོ་ཙཱའི་གསོ་སྦྱོང༽འཛིན་གྲྭ་བོད་མཁར་རྐང་ཚ་ནས་འཚོགས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དག་གདན་འདྲེན་ཞུས་ཏེ། དུས་རྒྱུན་གྱི་བྱ་བའི་ཁྲོད་འཕྲད་བཞིན་པའི་དཀའ་ཁག་གསེལ་དགྲོལ་དང་མིང་བརྡ་གསར་བའི་ཡིག་སྒྱུར་བྱེད་ཐབས་སོགས་གནད་དུ་འཁེལ་བའི་དཔེ་དང་སྦྱར་ནས་འཆད་ཁྲིད་བྱས་པས་སློབ་བུ་རྣམས་ལ་བློ་སྐྱེད་ཟབ་མོ་ཐེབས་ཡོད། ལྷག་པར་དུ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་ལོ་རེར་འདི་ལྟ་བུའི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་སྟེ་ལོ་ཙཱའི་ལས་ཀ་གཉེར་མཁན་གྱི་མི་སྣ་ཡོངས་ལ་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྩལ་བར་བཀའ་དྲིན་ཆེ་ཞུ་བ་ཡིན་ཟེར།

ཐེངས་འདིའི་གསོ་སྦྱོང་བརྒྱུད་སྤྱི་ཚོགས་ཁྲོད་ཀྱི་ལོ་ཙཱ་དང་ཐ་སྙད་གཅིག་གྱུར་གྱི་མདུན་དུ་ལྷག་པའི་གནད་དོན་མང་བོ་ཞིག་ལ་ངོས་འཛིན་གཏིང་ཟབ་དང་སྒྱུར་བཅོས་ཀྱི་ནུས་པ་བླ་མེད་ཐོན་ཡོད་པས། ཚང་མས་ཡི་རང་དང་བཅས་རྗེས་ཕྱོགས་མུ་མཐུད་དུ་བསྒྲུབ་དགོས་པའི་ཐད་དུ་སྔར་ལས་ལྷག་པའི་རེ་བཞག་ཆེན་པོ་བྱས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།