ཉེ་ལམ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་མཛད་ཅིང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་བཅས་ཀྱིས་བསྒྲུབས་པའི“མཛེས་སྡུག་ཀྲུང་གོ་འཆམ་མཐུན་ཁྱིམ་གཞིས་མུ་འབྲེལ་འགྲེམས་སྟོན།”གྱི“མཛེས་སྡུག་མཚོ་སྔོན—ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70འཁོར་བའི་མཚོ་སྔོན་གྱི་མི་རིགས་རང་སྐྱོང་ས་ཁུལ་གྱི་འཕེལ་རྒྱས་གྲུབ་འབྲས་འགྲེམས་སྟོན”དེ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་འགྲེམས་སྟོན་ཁང་དུ་འཚོགས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གངས་ལྗོངས་བོད་ཇ་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་གདན་ཞུས་ལྟར་ཐེངས་འདིའི་གྲུབ་འབྲས་འགྲེམས་སྟོན་དུ་ཞུགས་པ་རེད།
ཐེངས་འདིའི་གྲུབ་འབྲས་འགྲེམས་སྟོན་དུ་མཚོ་སྔོན་གྱི་ཡུལ་ཤུལ་ཁུལ་དང་མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། མཚོ་ནུབ་ཁུལ། རྨ་ལྷོ་ཁུལ། མགོ་ལོག་ཁུལ་བཅས་ནས་ཐོན་པའི་འཐུས་ཚབ་རང་བཞིན་ལྡན་པའི་དངོས་རྫས་དང་པར་རིས་སོགས་གཅིག་བསྡུས་སྒོས་འགྲེམས་སྟོན་བྱས་ཡོད། འདི་དག་ལས་མཚོ་སྔོན་གྱི་སྣ་མང་མི་རིགས་རིག་གནས་དང་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གོམས་སྲོལ། མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་སོགས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཡོད་པ་མ་ཟད། འགྲེམ་སྟོན་འདིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས། ཡུལ་སྐོར་ལྗོངས་རྒྱུ་རིག་གནས། སྐྱེ་ལྡན་ཞིང་ཕྱུགས་ལས། ཁྱད་ལྡན་ཐོན་རྫས་དང་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ངོམས་ཡོད་ལ། ཡར་བརྩོན་ལྷུར་ལེན་གྱི“མཚོ་སྔོན་གསར་བའི་སྙིང་སྟོབས”མངོན་པར་བཏོད། མགོ་ལོག་ཁུལ་པདྨ་རྫོང་གངས་ལྗོངས་བོད་ཇ་ཐོན་ལས་གསར་སྤེལ་འགན་ལེན་ཚད་ཡོད་ཀུང་སི་ནི་མཚོ་སྔོན་གྱི་མཐོ་སྒང་དབུལ་སྐྱོར་ཇ་རིགས་ཁེ་ལས་གཅིག་པུ་ཡིན་པའི་ཆ་ནས་ཐེངས་འདིའི་འགྲེམས་སྟོན་དུ་ཞུགས་ཤིང་། “པདྨའི་གངས་ལྗོངས་བོད་ཇ་དང་པདྨའི་ཇ་དམར། པདྨའི་ལུག་གྲོད་ཤ་མོ།”བཅས་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམས་སྟོན་བྱས། འགྲེམས་སྟོན་སྐབས་སུ།“པདྨའི་གངས་ལྗོངས་བོད་ཇ”ནི་ས་བབ་མཐོ་བ་དང་ལྷད་མེད་རང་བྱུང་། བཙོག་མེད་དྭངས་གཙང་། ལས་སྣོན་བྱས་མེད་པ། སྐྱེ་ལྡན་ལྗང་མདོག་བཅས་ལ་བརྟེན་ནས་གྲུབ་པ་ཡིན་ལ།“གསུམ་འབབ་བཞི་འགོག”གི་བྱེད་ནུས་སོགས་ཀྱི་ཁྱད་ཆོས་ལྡན་པས། འཛད་སྤྱོད་པ་དང་ཚོང་བ་མང་པོའི་ཡིད་དབང་བཀུག་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་ཚོང་བ་དང་པེ་ཅིན་སྡོད་དམངས་ཀྱི་གདེང་འཇོག་ཆེན་པོ་ཐོབ། དེས“པདྨའི་གངས་ལྗོངས་བོད་ཇའི”ཐོན་རྫས་ཀྱི་མཚན་སྙན་ཇེ་མཐོར་གཏོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་པ་རེད།
འགྲེམས་སྟོན་སྐབས་སུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཡོངས་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་པ་ཐུལ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་བང་ཅན་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་ལིག་ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁེ་བ། མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་སོགས་མགོ་ཁྲིད་དངོས་སུ་པདྨ་གངས་ལྗོངས་བོད་ཇའི་འགྲེམས་སྟོན་ཡུལ་དངོས་སུ་ཕེབས་ནས་པདྨ་རྫོང་གི་གངས་ལྗོངས་བོད་ཇ་དང་གནས་དེའི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་འབྲེལ་ཡོད་གནས་ཚུལ་དང་ཐོན་རྫས་ཀྱི་ཕྱིར་འཚོང་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། པདྨའི་གངས་ལྗོངས་བོད་ཇའི་བྲོ་བ་རོལ་མྱོང་མཛད་ཅིང་བོད་ཇའི་ཐོན་རྫས་ཀྱི་མ་འོངས་པའི་འཕེལ་ཕྱོགས་ལ་མཛུབ་སྟོན་རང་བཞིན་གྱི་དགོངས་འཆར་གལ་ཆེན་བཏོན།
གཞན་ཡང་། གངས་ལྗོངས་བོད་ཇ་ས་མཐོ་ནས་ཕྱིར་ཚོང་བྱས་པ།
མགོ་ལོག་གི་སྔོ་ལྗང་མཛེས་ལྗོངས་ཁུལ་ཞེས་གྲགས་པའི་པད་མ་རྫོང་དུ“རྩམ་པ་ཉིན་གསུམ་ཆད་ཀྱང་ཆོག ཇ་ཉིན་གཅིག་ཆད་ན་འགྲིག་ཐབས་མེད”ཅེས་པའི་བརྗོད་སྲོལ་ཡོད། ས་གནས་དེའི་མང་ཚོགས་ཀྱིས་ནམ་རྒྱུན་དགའ་པོ་བྱེད་པའི་གངས་ལྗོངས་བོད་ཇ་ནི་ཧྭ་ཡེ་མངར་འབྲས་མེ་ཏོག་དང་པེན་ཡེ་མངར་འབྲས་མེ་ཏོག་གི་ལོ་མ་ལས་སྣོན་བྱས་ནས་བཟོས་པ་ཞིག་རེད། ཀྲུང་གོར་ཧྭ་ཡེ་མངར་འབྲས་མེ་ཏོག་དང་པེན་ཡེ་མངར་འབྲས་མེ་ཏོག་གཉིས་མཚོ་བོད་ས་མཐོའི་ས་བབ་སྨི་སུམ་སྟོང་ནས་སྨི་སུམ་སྟོང་ལྔ་བརྒྱ་བར་གྱི་ས་ཁུལ་དུ་ཁྱབ་ཅིང་། པད་མ་རྫོང་དེ་ཁོངས་སུ་ཡོད།
དབུལ་སྐྱོར་མཁྲེགས་གཏོར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་ཆབས་ཅིག དྲ་ཐོག་ཚོང་དོན་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་གོམ་སྟབས་ཀྱང་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། ལི་ཞང་སོགས་དྲ་ཐོག་ཚོང་གཉེར་རིགས་གཅིག་མཁས་ཅན་གྱིས་ཇ་རར་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་། ས་གནས་དེ་གའི་ཇ་འདེབས་ཞིང་པའི་མདུན་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ། པད་མའི་གངས་ལྗོངས་བོད་ཇའི་དྲ་ཐོག་ཚོང་ཁང་གི་འགན་འཁུར་བ་ཁྲེན་ཡན་ཅུན་ལ་བོད་ཇ་ཉར་ཚགས་དང་། ཟོག་འགྲེམ། དྲིལ་བསྒྲགས་སོགས་ཀྱི་ཐད་ལ་གྲོས་གཞི་མང་པོ་བཏོན།
པད་མ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསར་འགོད་པར་བཤད་རྒྱུར། “གངས་ལྗོངས་བོད་ཇ་ནི་བོད་ཇའི་རིག་གནས་ཀྱི་གྲུབ་ཆ་ཞིག་དང་ང་ཚོའི་འདིར་ཉུང་ཤས་ལས་མེད་པའི་ཁྱད་ལྡན་ཐོན་ལས་ཤིག་ཡིན། ང་ཚོས་གངས་ལྗོངས་བོད་ཇ་འཕེལ་རྒྱས་བཏང་ན་བོད་ཇ་ཞེས་པའི་གནའ་བོའི་འཐུང་ཇའི་རིག་གནས་རྒྱུན་འཛིན་ཐུབ་པ་མ་ཟད། མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་ཐར་ཕྱུག་འགྱུར་ཡང་བྱེད་ཐུབ”ཟེར།
2014ལོར་གངས་ལྗོངས་བོད་ཇ་པད་མ་རྫོང་དུ་ཐོན་ལས་ཅན་གྱི་རྣམ་པའི་ཐོག་ནས་འདེབས་འཛུགས་བྱེད་འགོ་ཚུགས་ཤིང་། མང་ཚོགས་ཀྱིས་ཇ་སྡོང་རེ་བཏབ་པར་སྲིད་གཞུང་ནས་ཁ་གསབ་སྒོར་2སྤྲོད་ཀྱི་ཡོད། 2014ལོ་ནས་2019ལོའི་བར་ས་གནས་དེས་གངས་ལྗོངས་བོད་ཇ་མུའུ་ཁྲི་གཅིག་དང་སྟོང་བརྒྱད་ལྔ་བརྒྱ་བཏབ་པ་དང་མཚོ་སྔོན་གྱི་བོད་ཇ་ལས་སྣོན་གྱི་ཐོན་སྐྱེད་སྒྲུབ་རིམ་ཐོག་མ་དེ་བསྐྲུན་ཡོད།
ད་ལོ་ལོ་34ལ་སླེབས་པའི་ཆོས་སྐྱིད་ནི་པད་མ་རྫོང་དྷི་མདའ་ཞང་པཎ་ཆེན་སྡེ་བའི་ཁྱིམ་ཚང་དབུལ་པོ་ཞིག་རེད། ཆོས་སྐྱིད་ཀྱི་ཁྱོ་ག་ཚེ་རིང་ལ་ནད་བྱུང་བའི་རྐྱེན་གྱིས་ལས་ཀ་གཉེར་མི་ཐུབ་པ་དང་། བཟའ་མི་ལྔ་ཡོད་པའི་ཁྱིམ་ཚང་འདི་ཁོ་མོ་གཅིག་པུར་བརྟེན་དགོས་པས་དཀའ་ཁག་ཆེན་པོ་ཡོད་པ་རེད། “2013ལོར་རྫོང་གིས་བཀོད་སྒྲིག་བྱས་པ་བརྒྱུད། ང་ཚོས་རི་འགོར་ཇ་འཐུ་བར་བསྐྱོད་པ་ཡིན་ལ། ཇ་འཐུ་བའི་ཁྲོད་ནས་ཁྱིམ་ཚང་གི་འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་སོང་”ཞེས་ཆོས་སྐྱིད་ཀྱིས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།
པད་མ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅ་ཡིས་གསར་འགོད་པར་བཤད་རྒྱུར། དབུལ་སྐྱོར་བྱ་བར་རྒྱབ་སྐྱོར་བྱེད་ཆེད། ཉེ་བའི་ལོ་ཤས་རིང་། ས་གནས་སྲིད་གཞུང་གིས་ཉེ་འཁོར་གྱི་འབྲོག་པ་མང་ཚོགས་བཀོད་སྒྲིག་བྱས་ཏེ། གངས་ལྗོངས་བོད་ཇ་འདེབས་འཛུགས་དང་། བདག་སྐྱོང་། འཐུ་བ་བཅས་བྱས་པ་ལས། ད་ལོའི་ལོ་སྟོད་ཁོ་ནར་ཁྱིམ་ཚང་དབུལ་པོ་བརྒྱད་བརྒྱ་དོན་དགུ་ལ་ཡོང་འབབ་སྒོར་ས་ཡ་གཉིས་དང་འབུམ་བཞི་ཁྲི་དྲུག་ཐོབ་པ་དང་། མི་རེར་ཆ་སྙོམས་ཀྱིས་ཁེ་སྤོགས་སྒོར་སྟོང་གཉིས་དང་བདུན་བརྒྱ་གོ་དགུ་ཐོབ་ཡོད་ཟེར།
གངས་ལྗོངས་བོད་ཇའི་སྐད་གྲགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག དྲ་ཐོག་ཚོང་ཁང་འཛུགས་རྒྱུ་དེ་ཡང་འཕེལ་ཕྱོགས་ཆེན་པོ་ཞིག་ཏུ་གྱུར་ཞིང་། ད་ལོའི་ཟླ་6པར“པད་མའི་གངས་ལྗོངས་བོད་ཇའི་གཞུང་ཕྱོགས་ཁེ་ལས་ཚོང་ཁང”ཐའོ་པོ་ཐོག་བཙུགས་པ་ལས་པད་མའི་གངས་ལྗོངས་བོད་ཇ་བྲིན་ཚོང་བྱེད་པའི་ཐབས་ལམ་གསར་པ་ཞིག་བྱུང་བ་རེད།
རི་སྐྱེས་བོད་ཇའི་ལས་དོན་སྔར་ལས་རྒྱ་བསྐྱེད་ནས། གོམ་གང་མདུན་སྤོས་སྒོས་ལྗང་མདོག་དང་ཁྱད་ལྡན། གཞི་ཁྱོན་དང་ཚོང་རྟགས་ཅན་གྱི་པདྨའི་གངས་ལྗོངས་བོད་ཇ་སྐྲུན་རྒྱུའི་གནད་འགག་འདི་ལ་དམིགས་ཤིང་། སིལ་འཚོང་རྣམ་པ་དེ་ཚད་ལྡན་ཅན་གྱི་ཚོང་ལས་དུ་འགྱུར་བར་བྱས། ཉེ་བའི་ལོ་འདི་འགའི་རིང་། པདྨ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གནས་བབ་ལེགས་པའི་ཐོན་ལས་དང་ཐོན་ཁུངས། ས་ཁུལ་བཅས་སྔོན་ལ་འཕེལ་རྒྱས་བྱེད་པའི་རྩ་དོན་ལྟར། ཕྱོགས་བསྡུས་རང་བཞིན་གྱི་ལས་སྣོན་རྣམ་པ་ཆ་ཚང་ཞིག་སྐྲུན་ནས། ཀུང་སི་དང་ཁྱིམ་ཚང་། རྟེན་གཞི་གཅིག་བསྡུས་དང་། ཡང་ན་ཀུང་སི་དང་མཉམ་ལས་ཁང་། ཁྱིམ་ཚང་བཅས་གཅིག་བསྡུས་བྱས་པའི་ཐོན་ལས་ལས་གཉེར་རྣམ་པ་གྲུབ་ཡོད་པས། ཇ་ཕྱིར་འཚོང་གི་ལམ་བུ་རྒྱ་བསྐྱེད་དུ་བཏང་ཤིང་། ལོ་འགའི་རིང་ལ་འབད་བརྩོད་བྱས་པ་བརྒྱུད་དེ། པདྨས་མཚོ་སྔོན་གྱི་མུའུ་ཁྲི་ཅན་གྱི་བོད་ཇ་རྨོ་འདེབས་རྟེན་གཞི་ཐོག་མར་བཙུགས་ཤིང་། རྨོ་འདེབས་རྒྱ་ཁྱོན་མུའུ་ཁྲི་གཅིག་དང་སྟོང་བཞི་བརྒྱ་ལ་སླེབས་པ་དང་། མཚོ་སྔོན་གྱི་བོད་ཇ་ལས་སྣོན་བྱེད་ས་ཐོག་མ་འཛུགས་གྲུབ་བྱུང་ལ། གངས་ལྗོངས་བོད་ཇའི་ཐོན་ཚད་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། མ་འོངས་པར་པདྨ་རྫོང་གིས་ཇའི་ཐོན་ལས་དང་ལྗང་མདོག་སྐྱེ་ཁམས་ཐོན་ལས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ཇ་དམར་དང་ཇ་ལྗང་སོགས་རིགས་མང་པོ་འཕེལ་རྒྱས་བྱེད་པར་རྒྱབ་སྐྱོར་བྱས་ནས་སྣ་མང་གི་ཐོན་སྐྱེད་ལས་གཉེར་རྣམ་པ་གྲུབ་པར་བྱེད་པ་དང་། མུ་མཐུད་དུ་ཇ་གསར་བའི་རྟེན་གཞི་གསར་སྤེལ་བྱས་ཏེ། ཐོན་རྫས་གསར་བ་འདེབས་འཛུགས་བྱེད་རྒྱུ་ཡིན་པ་རེད། མིག་སྔར། ཇ་འཐུ་མཁན་དང་རྨོ་འདེབས་བྱེད་པའི་བཟོ་བ་མང་ཆེ་བ་ནི་མཐའ་སྐོར་གྱི་གཟིགས་སྐྱོང་བུད་མེད་ཡིན་ལ། ཆེ་བ་ལོ་བརྒྱད་ཅུ་ནས་ཆུང་བ་ན་གཞོན་ཐམས་ཅད་ཇ་འཐུ་མཁན་གྱི་བཟོ་བ་རུ་གྱུར་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།