བཅོས་སྒྱུར་གསར་སྐྲུན་བྱས་ནས་སྐམ་སའི་སྒོ་འབྱེད་ཀྱི་རྣམ་པ་བཏོད་པ།
2019.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

རིགས་སོ་སོའི་མང་ཚོགས་ལ་བདེ་ཐང་གི་ལམ་བུ་བསྐྲུན་པ།

བཅོས་སྒྱུར་གསར་སྐྲུན་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཀྱི་མགོ་ཁུངས་ཡིན།

མཚོ་སྔོན་གྱིས་བཅོས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁྱད་སྟོབས་ཇེ་བརྟན་དུ་གཏོང་བ། བཅོས་སྒྱུར་གྱི་ཁེ་སྤོགས་རྒྱུན་མི་ཆད་པར་འདོན་པ། ཚོང་རའི་གསོན་ཤུགས་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཚགས་དམ་ལ་སྙན་འཇེབས་ལྡན་པའི་བཅོས་སྒྱུར་གྱི་རྔ་སྒྲ་དང་བསྟུན་ནས་རིན་ཐང་ཆེ་བའི་བཅོས་སྒྱུར་གྱི་བྱེད་ཐབས་རེ་རེ་བཞིན་མཚོ་སྔོན་གྱི་ས་གཞི་ཆེན་མོ་རུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བཞིན་ཡོད་ལ། མང་ཚོགས་ཀྱི་བདེ་སྐྱིད་ཐོབ་ཚོར་དང་བདེ་འཇགས་ཐོབ་ཚོར་རྒྱུན་མི་ཆད་པར་ཆེ་རུ་སོང་ཡོད།

དེང་གི་མཚོ་སྔོན་གྱིས“རྒྱུད་གཅིག་ལམ་གཅིག”གི་བྱ་བའི་ཁྲོད་མགྱོགས་མྱུར་སྒོས་ཞུགས་ནས། བཅོས་སྒྱུར་སྒོ་འབྱེད་སྔར་བས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། གདེང་ཚོད་དང་སྒོ་འབྱེད།གསར་སྐྲུན་བཅས་ཀྱི་རྣམ་པ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཡོངས་དང་མཉམ་ཞུགས་བྱེད་པ། འཛམ་གླིང་གི་ཕྱོགས་སུ་བསྐྱོད་པ་བཅས་བྱས།

ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ་བཅོས་སྒྱུར་གྱི་སྒུལ་ནུས་གསར་བ་རྒྱུན་ཆད་མེད་པར་འདོན་སྤེལ་བྱས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བྱ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། རི་ལ་ཐུག་ན་ལམ་ལས་པ་དང་ཆུ་དང་འཕྲད་ན་ཟམ་པ་འཛུགས་པ་བཅས་ཀྱི་བློ་སྟོབས་དང་སྙིང་སྟོབས་ལ་བརྟེན་ནས། སྐྱེ་ཁམས་དང་ཁྲིམས་འཛིན། སྨན་བཅོས་འཕྲོད་བསྟེན་བཅས“རྒྱལ་ཁབ་ཀྱི་ཡིག་རྟགས་ཅན”གྱི་བཅོས་སྒྱུར་དམ་འཛིན་བཟང་བོ་བྱེད་པའི་རྨང་གཞིའི་སྟེང་། ཁྱབ་ཁོངས་གཙོ་བོ་དང་གནད་འགག་གི་བརྒྱུད་རིམ་བཅོས་སྒྱུར་དམ་འཛིན་བཟང་བོ་བྱས་ཏེ། ཕྱོགས་གཅིག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཞན་ཞིག་ནས་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་གྱི་ལས་འགན་གཙོ་བོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བྱས།

མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་དགུས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། བཅོས་སྒྱུར་གསར་སྐྲུན་ལ་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་བཀོལ་སྤྱོད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། བཅོས་སྐྱོང་ཚན་རིག་ཅན་དང་གནད་འཁེལ་ཅན། ཕན་ནུས་མཐོ་བ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ཉམས་མྱོང་གསར་གཏོད་བྱས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི “བཟོ་སྐྲུན་ཆེན་པོའི” ལས་དོན་དེ་བཅོས་སྒྱུར་བཟོ་སྐྲུན་དུ་བརྩིས་ནས་དམ་འཛིན་བྱས་པ་དང་། ཚོད་ལྟའི་གནས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་ལ་སྣེ་ཁྲིད་དང་གསར་གཏོད་བྱས་པ་དང་། བྱེད་ཐབས་རབ་དང་རིམ་པ་བརྒྱུད་ནས། གཙང་གསུམ་འབྱུང་ཡུལ་ཏེ་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་ལྗང་མདོག་མ་དཔེ་ཞིག་ཏུ་འབྱུར་བར་འབད་པ་བྱས་ནས། 2020ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱ་རྒྱུ་རེད།

རང་ཞིང་གི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བ་དེ་ཚད་རིམ་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་དང་། རྨང་གཞི་འདིང་བ་ནས་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ཕྱོགས་སུ་བསྒྱུར་བཞིན་ཡོད་ལ། སྒྲོམ་གཞི་འཛུགས་པ་ནས་ལམ་ལུགས་འཛུགས་པའི་ཕྱོགས་སུ་བསྒྱུར་བ་དང་། ཚོད་ལྟའི་གནས་འཚོལ་ཞིབ་བྱེད་པ་ནས་ཕྱོགས་ཡོངས་ནས་རྣམ་པ་བསྒྱུར་བའི་དུས་རིམ་གསར་བར་སླེབས་ཡོད། མིག་སྔར། ཞིང་ཆེན་གྱི་དོན་དངོས་དང་མཐུན་ལ་མཐོ་སྒང་མང་ཚོགས་ལ་ཕན་པ་ཐོབ་པའི་སྨན་བཅོས་བཅོས་སྒྱུར་ལམ་བུ་ཞིག་བཏོད་པས། རིགས་སོ་སོའི་མང་ཚོགས་ཀྱིས“ནད་སྟོན་པར་རིན་མཐོ་བ་དང་ནད་སྟོན་དཀའ་བའི”གནས་ཚུལ་ལ་ལེགས་བཅོས་མངོན་གསལ་བྱུང་ཡོད།

“སྔོན་ཆད་སྨན་ཁང་ཆེན་མོ་དག་ལ་སོང་ནས་སྨན་པ་སྟོན་ཚེ།ཉིན་ཕྱེད་ཙམ་ལ་གྲལ་བསྒྲིགས་ནས་སྒུག་དགོས་ལ།རང་ཉིད་སྟོན་སྐབས་དུས་ཚོད་སྐར་མ་ཁ་ཤས་ལས་འགོར་གྱིན་མེད། ད་ལྟ་ཆེད་མཁས་པ་སྡོད་ཁུལ་དུ་སླེབས་པ་དང་གནད་དོན་ཅི་ཞིག་འདྲི་རྒྱུ་ཡོད་ཚེ་གང་འདོད་དུ་དྲིས་ཆོག” མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་ཆེད་མཁས་པ་གཞི་རིམ་དུ་སྨན་བཅོས་བྱེད་པར་བསྐྱོད་པ་ནས་བཟུང་། རྒན་པོ་ཀྲའོ་རུང་གིས་ཆེད་མཁས་པའི་སྨན་བཅོས་དུས་ཚོད་ཟིན་ཐོར་བཀོད་ཡོད། རྒན་པོ་དག་ལ་མཚོན་ནས་བཤད་ན། སྨན་བཅོས་ལམ་ལུགས་བཅོས་སྒྱུར་བྱས་པ་དེས་རང་ཉིད་ལ“ཁྱིམ་གྱི་སྒོ་ཁ་ནས་ཆེད་མཁས་པར་ནད་ལ་སྟོན་ཆོག་པར”སྟབས་བདེ་བསྐྲུན་ཡོད་པ་མ་ཟད། ད་དུང་སྨན་རྫས་ཀྱི་རིན་གོང་དམའ་བས་དངོས་གནས་ཕན་ཁེ་ཆེན་པོ་ཐོབ་ཡོད།

ཁྲིམས་འཛིན་སྒྲིག་གཞི་བཅོས་སྒྱུར་དེ་མཚོ་སྔོན་ཞིང་ཆེན་གྱི“རྒྱལ་ཁབ་ཡིག་རྟགས”ཆེན་པོ་གསུམ་གྱི་བཅོས་སྒྱུར་གྲས་ཀྱི་གཅིག་ཡིན་ལ། ལོ་ལྔ་ལྷག་ཙམ་ལ་འཚོལ་ཞིབ་ལག་ལེན་བྱས་པ་བརྒྱུད། ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་ཆེན་པོ་བྱུང་ཡོད། བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་དྲང་བཞག་འདྲ་མཉམ་གྱི་མཐའ་མའི་འགོག་སྲུང་སྲུང་སྐྱོང་ཡག་པོ་བྱེད་པ། དུས་རབས་གསར་བའི་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་ལས་དོན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་ཇི་ལྟར་སྐོང་དགོས་སམ་ཞེ་ན། མཚོ་སྔོན་གྱིས་བཏོན་པའི་དུས་དང་རྣམ་པ་ཀུན་ཏུ་ཁྲིམས་འཛིན་སྒྲིག་གཞི་བཅོས་སྒྱུར་བྱ་བ་དམ་འཛིན་བྱེད་རྒྱུ་དེ་རེད།

གྱོད་གཞི་ཐོ་འགོད་ལམ་ལུགས་བཅོས་སྒྱུར་དང་གཏན་འཁེལ་མི་གྲངས་ལམ་ལུགས་བཅོས་སྒྱུར། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་བཅོས་སྒྱུར། གཏུག་བཤེར་ལམ་ལུགས་བཅོས་སྒྱུར་སོགས་རྒྱུས་མངའ་མེད་ཅིང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐད་ཀར་འབྲེལ་བ་ཟབ་མོ་ཡོད་པའི་བཅོས་སྒྱུར་དེ་དག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། ང་ཚོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་བཅོས་སྒྱུར་ཀྱི་གྲུབ་འབྲས་དངོས་གནས་རོལ་མྱོང་བྱེད་དུ་བཅུག་པ་མ་ཟད། ཁྱིམ་ཚང་དང་ཞུ་སྦྱོར་ཕྱི་མ། ཐ་ན་སྤྱི་ཚོགས་བཅས་ལ་བཅོས་སྒྱུར་ལས་བྱུང་བའི་ཕན་པ་དངོས་རོལ་མྱོང་བྱེད་དུ་བཅུག་པ་དང་། ཁྲིམས་འཛིན་དབང་ཟིལ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་ལས་མགྱོགས་པ་དང་ཁྱབ་རྒྱ་ཆེ་བའི་སྒོ་ནས་མང་ཚོགས་ཀྱི་སེམས་སུ་ཆགས་ཐུབ་པ་བྱེད་དགོས།

ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་ལ་ཕྱོགས་ཡོངས་ནས་ཤུགས་འདོན་པ་དང་། འགག་གནད་སྒྲོལ་བ། གོམ་སྟབས་བརྟན་པོ་སྤོ་བ། སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་མངོན་པ་དང་། བཅོས་སྒྱུར་གལ་ཆེན་སྐོར་ཞིག་ལ་ཐོད་བརྒལ་བྱུང་ཡོད་ལ། བཅོས་སྒྱུར་ཀྱི་ལས་འགན་སྣ་ཚོགས་གོ་རིམ་ལྡན་པའི་ངང་དོན་འཁྱོལ་བྱས་པ་དང་གྲུབ་འབྲས་མངོན་གསལ་བླངས་ཡོད།

ས་གནས་ཁག་དང་སྡེ་ཁག་སྐོར་ཞིག་གིས་ནང་ཁུལ་དུ“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ། སྲིད་དོན་ཞབས་ཞུའི་བཅོས་སྒྱུར་ཀྱི་སྲིད་ཇུས་དང་བྱེད་ཐབས་གཏིང་ཟབ་ཏུ་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རྨང་གཞི་སྔར་ལས་བརྟན་པོ་ཞིག་བཏིང་ཡོད། “འདོར་གསུམ་འཕྲི་གཅིག་གསབ་གཅིག”བཅོས་སྒྱུར་ལས་འགན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ཐོན་ཁུངས་དང་རྒྱལ་ཁབ་ཀྱི་ཁེ་ལས། མ་རྩ་བསྡུ་སྒྲིལ་སོགས་ཀྱི་བཅོས་སྒྱུར་བརྟན་བརླིང་ངང་ལག་བསྟར་བྱས་ནས། ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྤུས་ཚད་དང་ཕན་ནུས་ཇེ་མཐོར་བཏང་།

རང་ཞིང་གི་ལས་ཞུགས་ལས་སྐྲུན་དང་སློབ་གསོ། སྡོད་ཁང་། སྤྱི་ཚོགས་འགན་སྲུང་སོགས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་དམངས་ཚིས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་བ་དང་། མཁར་གྲོང་གཅིག་གྱུར་འཆར་འགོད་དང་དམངས་ཡོངས་ལ་ཁྱབ་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་ནས། སྤྱི་པའི་ཞབས་ཞུ་དང་ཐོན་རྫས་མཁོ་སྤྲོད་ནུས་པ་བརྟན་བརླིང་ངང་མཐོར་འདེགས་སུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་རྒྱུན་མཐུད་ངང་ཇེ་དྲག་ཏུ་གྱུར་ཡོད།

རང་ཞིང་གི་རིག་གནས་སྒྲིག་སྲོལ་བཅོས་སྒྱུར་ཀྱི་གསོན་ཤུགས་འཕེལ་བ་དང་། ཆབ་སྲིད་དང་ཏང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་ལག་བསྟར་བྱས་པ། དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལག་ལེན་གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་སྤེལ་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། སྒུལ་ཤུགས་གསར་བ་དང་བར་སྟོང་གསར་བ་འདོན་སྤྲོད་བྱས་ཡོད།

ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས་སྐམ་སའི་སྒོ་འབྱེད་ཀྱི་རྣམ་པ་བཏོད།

ཉེ་ལམ་བསྡུས་པའི་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུའི་སྟེང་། སྲིད་གཞུང་དང་ཁེ་ལས་ལས་ཁུངས་སུམ་བརྒྱ་ལྷག་གི་མི་དྲུག་བརྒྱའི་གྲུབ་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཉོ་འཚོང་གྲོས་ཚོགས་དེར་ཞུགས།

མཚོ་སྔོན་གྱི་འཐུས་མི་ཚོགས་པས་ཁེ་ལས་རྩ་འཛུགས་བྱས་ནས་འགྲེམས་ཁང་དུ་ལྟ་སྐོར་དང་རྣམ་པ་སྣ་ཚོགས་ཀྱི་ཁེ་ལས་སྦྲེལ་མཐུད་དང་བསམ་བློ་བརྗེ་རེས་བྱས་པ་བརྒྱུད། ཁེ་ལས་ཀྱི་ཉོ་སྒྲུབ་གན་རྒྱ་འཇོག་རྒྱུར་སྐུལ་འདེད་བཏང་བ་དང་། རང་ཞིང་གི་ཁྱད་ལྡན་ཁྱད་སྟོབས་ཐོན་ཁུངས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ། ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་ཁེ་ལས་གྲགས་ཅན་དང་འབྲེལ་གཏུག་བྱ་རྒྱུར་སྟེགས་བུ་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་།

དུས་རབས་གསར་བའི་རྒྱང་སྐྱོད་ལམ་བུའི་སྟེང་། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་རླབས་རྒྱུན་རྗེས་སུ་སྙེགས་པ་དང་། ཐོན་ཁུངས་ཁྱད་སྟོབས་ནས་རྐང་བཙུགས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་ས་ཁུལ་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། རྒྱུན་ཆད་མེད་པར་རྒྱལ་ཡོངས་དང་འཛམ་གླིང་འཕེལ་རྒྱས་ཀྱི་རྣམ་པར་མཉམ་འདྲེས་བྱེད་པ་དང་། སྔར་ལས་དགེ་མཚན་ལྡན་པའི་བསམ་པའི་སྟེང་རང་འགུལ་ངང་འཛམ་གླིང་དང་རང་ཉིད་འཕེལ་རྒྱས་སུ་གཏོང་དགོས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྒོ་འབྱེད་འཕེལ་རྒྱས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུར་གཙོ་གནད་དམ་འཛིན་བྱས་ཏེ་སྒོ་འབྱེད་སྣེ་ཁྲིད་འཐབ་ཇུས་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས་སྐམ་སའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད། མཚོ་སྔོན་གྱིས་དེ་སྔའི་ཕྱི་ཕྱོགས་སྒོ་འབྱེད་མཐའ་མཚམས་ཀྱི་མཇུག་སྣེ་ནས་མདུན་ཕྱོགས་སུ་བསྐྱོད་དེ་ས་ཁོངས་གལ་ཆེན་དུ་གྱུར་ཡོད་པ་དང་། རང་རྒྱལ་གྱིས་ནུབ་ཕྱོགས་ལ་སྒོ་འབྱེད་པའི་སྒོ་མོ་དང་ས་ཁོངས་མཉམ་ལས་ཀྱི་འཐབ་ཇུས་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་འཕེལ་རིམ་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད་པ་དང་། འགྲེམས་ཚོགས་གལ་ཆེན་མང་པོ་ཞིག་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལེགས་པོ་བྱས་ནས་ཕྱི་ཕྱོགས་ལ་བསམ་བློ་བརྗེ་རེས་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བཅས་ལས་མཚོ་སྔོན་དང་ཨེ་ཤེ་ཡ་དབུས་མ་དང་། ཨེ་ཤེ་ཡ་ནུབ་མ། ཨེ་ཤེ་ཡ་ལྷོ་མ་བཅས་དང་ཟུང་འབྲེལ་དམ་པོ་བྱས་ཡོད་ལ། མཚོ་སྔོན་གྱི་ཐོན་ཁུངས་རྒྱལ་ཁབ་དང་ས་ཁུལ་དེ་དག་བརྒྱུད་ནས་འཛམ་གླིང་ལ་ཁྱབ་གདལ་བཏང་ཡོད།

ལོ་རེའི“མཚོ་སྔོན་ཚོང་གཏམ་གྲོས་ཚོགས”སྟེང་། ཨེ་ཤེ་ཡ་དང་ཡོ་རོབ། ཨ་མེ་རི་ཁ་བཅས་ནས་ཡོང་བའི་ཤ་མདོག་དང་སྐད་རིགས་མི་འདྲ་བའི་མི་རྣམས་མཐོ་སྒང་དུ་འཛོམས་ནས། ཐོན་ལས་གསར་བར་གྲོས་མོལ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་མཐོ་སྒང་གནས་སྐོར་ལ་གྲོས་བསྡུར་བྱེད་ཀྱིན་ཡོད། སྤྲོ་སེམས་དང་བསམ་བློ་བརྗེ་རེས་བྱེད་པའི་ཁྲོད་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་དང་རིམ་པ་སྔར་ལས་ཟབ་པའི་མཉམ་ལས་བྱེད་མགོ་རྩོམ་བཞིན་ཡོད། “མཚོ་སྔོན་ཚོང་གཏམ་གྲོས་ཚོགས”དེ་གར་སྟེགས་ཤིག་དང་ཟམ་པ་ཞིག འབྲེལ་ཐག་ཅིག་ཏུ་དངོས་སུ་གྱུར་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་བསམ་བློ་བརྗེ་རེས། ནུབ་ཕྱོགས་སུ་སྒོ་འབྱེད་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་དབུས་ཤར་དང་དབུས་ནུབ་རྒྱུད་མཉམ་དུ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བདེན་དཔང་བྱས་ཡོད།

ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ་དང་། ས་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཐོན་ཁུངས་སོགས་ཀྱི་ཁྱད་སྟོབས་ནུས་ཤུགས་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས “བོད་ལུགས་ས་གདན་འགྲེམ་སྤེལ”དང“མཚོ་སྐོར་ལྕགས་རྟ་འགྲན་བསྡུར”སོགས་སྤུས་རྟགས་དང་འགྲན་བསྡུར་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་གཟུགས་བརྙན་གསར་བ་འགྲེམ་སྤེལ་དང་སྙན་གྲགས་ཇེ་མཐོར་གཏོང་བཞིན་ཡོད།  སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཚོ་སྔོན་རིམ་བཞིན་འཛམ་གླིང་གི་མི་རེའི་མིག་ལམ་དུ་འདོན་སྤེལ་བྱེད་བཞིན་ཡོད།

“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ཀྱི་གོ་སྐབས་གསར་བ་དམ་འཛིན་བྱས་ཏེ། རང་ཞིང་གིས་རྒྱལ་སྤྱིའི་ཚོང་ར་ཧུར་ཐག་གིས་བསྐྲུན་པ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི“ལྷོ་ཕྱོགས་བགྲོད་ལམ”བྱེད་ཐབས་སུ་བརྩིས་ནས། རྒྱལ་སྤྱི་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་གཅིག་གྱུར་སྒོས་བཀོལ་སྤྱོད་བྱེད་པ་དང་། རང་ཞིང་གི་ས་ཁོངས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ། ཧུར་ཐག་གིས་ཁེ་ལས་ལ་སྦྲེལ་མཐུད་བྱེད་པ། རྒྱལ་སྤྱིའི་དྲ་རྒྱའི་ཚོང་གཉེར་ནུས་པ་འདོན་སྤེལ་ཆེན་པོ་བྱས་ཏེ། རང་ཞིང་གི་ཁེ་ལས་དང་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོ་དང་ཡོ་རོབ་དབར་དང“ལྷོ་ཕྱོགས་བགྲོད་ལམ”བརྒྱུད་ནས་ཕྱིར་སྐྱོད་པར་རོགས་རམ་བྱས་ཡོད།

རང་ཞིང་གིས་དུས་ཐོག་ཏུ་ཚོང་འགུགས་དངུལ་འདྲེན་གྱི་ཆ་འཕྲིན་སྣ་ཚོགས་བེད་སྤྱད་དེ། རང་ཞིང་གི་ཐོན་ལས་ལས་གཞིའི་འཕེལ་རྒྱས་དང་འཚམ་པར་དམིགས་ནས། འབྲེལ་ཡོད་སྡེ་ཁག་གིས་ས་གནས་དང་ས་གནས་ལ་ཞབས་ཞུ་བྱེད་པ་དང་། ཕྱིར་བསྐྱོད་ནས་ཚོང་འགུག ་བྱེད་པ། ནང་འགུག་གྲོས་མོལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་ཆེན་ཡོངས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་པའི་ཐད་ཐོད་བརྒལ་གསར་བ་ལེན་པར་སྐུལ་འདེད་བཏང་ཡོད།

རང་ཞིང་གིས་རྒྱབ་སྐྱོར་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། ཕྱི་རྒྱལ་གྱི་མ་དངུལ་བཀོལ་སྤྱོད་བྱེད་སྟངས་སྒྱུར་བ་དང་མ་དངུལ་ནང་འདྲེན་གྱི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་ཀྱི་གཞི་ཁྱོན་དང་སྤུས་ཚད་གཉིས་ཀ་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས། སྔ་རྗེས་སུ་ཚྭ་མཚོའི་ཐོན་ཁུངས་བེད་སྤྱོད་སོགས་ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བ། ཟུར་སྣོན་རིན་ཐང་མཐོ་བ་བཅས་ཀྱི་ལས་གཞི་ཁག་ཅིག་ནང་འདྲེན་བྱས།

“རྒྱུད་གཅིག་ལམ་གཅིག”གི་སྒོ་འབྱེད་འཐབ་ཇུས་ལས་མཚོ་སྔོན་གྱིས་གོམ་སྟབས་སྔར་བས་བརྟན་པའི་ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི་བགྲོད་ལམ་བཏོད། སྐམ་སའི་དར་གོས་ཚོང་ལམ་དང་མཚོ་ཐོག་དར་གོས་ཚོང་ལམ་གྱི་ཞིང་ཆེན་ཞིག་ཡིན་པའི་ཐད་ནས། རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། རང་ཞིང་གི་ཁྱད་ལྡན་ཁྱད་སྟོབས་ཐོན་རྫས་ཀྱི་ཚོང་ར་འཕེལ་རྒྱས་གཏོང་བའི་བར་སྟོང་ཤུགས་ཆེན་པོས་རྒྱ་བསྐྱེད་རྒྱུ་རེད།

འགན་འཁྲི་ལྕི་མོ་འཁུར་ནས་མདུན་དུ་བསྐྱོད་དགོས། མཐོ་སྒང་གི་ས་གཞི་ཡོངས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། བཅོས་སྒྱུར་གྱི“ཚོད་ལྟའི”སྒོ་འབྱེད་སྐར་ཁུང་གིས་མ་འོངས་པར་མུ་མཐུད་རེ་བ་དང་གསོན་ཤུགས་བསྩལ་ཡོངས།

ལོ་ཙཱ་བ། ཤ་བོ་རིན་མཚོ།