ད་ལོར་རང་ཞིང་གི་ཞིང་ཕྱུགས་ལས་ཐད་ཐོན་ལེགས་བྱུང་།
2019.12.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

ཞིང་ལས་དར་ཚེ་ལས་བརྒྱ་དར། ཞིང་ལས་བརྟན་ན་ཁྱོན་ཡོངས་བརྟན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ཚུན་ཆད་དུ། རང་ཞིང་གི་འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་ལ་ལོ་ལེགས་སྨིན་པ་དང་། ཕྱུགས་ལས་ཐོན་སྐྱེད་བརྟན་བརླིང་ཡིན་ལ། ཉ་ལས་འཕེལ་རྒྱས་བརྟན་འཇགས་ཡིན་པར་མ་ཟད། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཀྱང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་གནས་བབ་མངོན། ཁྱད་པར་དུ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་བརྒྱ་ཆའི་བཅུ་ཡས་མས་འཕར་བ་དང་།ད་ལོའི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ཚོད་དཔག་བྱས་པ་ལྟར་ན་བརྒྱ་ཆའི་དགུ་ཡན་ལ་འཕར་རྒྱུ་ཡིན་ལ། ལོ་ཧྲིལ་པོའི་འཕར་སྣོན་དམིགས་འབེན་བརྒྱ་ཆའི་བརྒྱད་ཡོངས་འགྲུབ་བྱེད་རྒྱུ་རེད། ད་ལོ་ནས་བཟུང་། ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་རྒྱལ་ཁའི་འཕྲིན་བཟང་བསྟུད་མར་བསྒྲགས་བྱུང་། ཞིང་ལས་ཞིང་སྡེ་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་དཔར་འགྲེམ་བྱས་པའི《མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བའི་གྲོས་གཞི》ལས། མཐོ་སྒང་གི་ཁྱད་ལྡན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཤུགས་ཆེན་པོའི་འཕེལ་རྒྱས་གཏོང་རྒྱུ་གསལ་པོར་བསྟན་ཡོད་ལ། ནོར་ནག་དང་འབྲོག་ལུག་གི་ཐོན་གནས་ཁུངས་འདེད་ཆོག་པའི་མ་ལག་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ་དང་།ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ལྡན་ཟོང་རྟགས་ཇེ་ལེགས་སུ་གཏོང་བ། ལུད་རྫས་དང་ཞིང་སྨན་ཉུང་འཕྲི་ནུས་འཕེལ་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་འཁོར་སྐྱོད་འཕེལ་རྒྱས་དང་སྙིགས་མ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཞབས་ཞུའི་མ་ལག་དང་ཤེས་རིག་གི་འཛུགས་སྐྲུན་ཆེན་མོ་དྲུག་གི་འགན་འཁྲི་འཐུས་ཚང་དུ་བཏང་སྟེ། མཚོ་སྔོན་རྒྱལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་རྒྱུ་རེད།

ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་སྐོར་དགུ་པའི“སྡེ་བ་གཅིག་ལ་ཚོང་རྟགས་གཅིག”ཡོད་པའི་དཔེ་སྟོན་སྡེ་བ་དང་གྲོང་རྡལ་གྱི་མིང་ཐོའི་ཁྲོད་དུ། རང་ཞིང་གི་ཧོང་ཀྲོང་རྫོང་རུ་གསར་གྲོང་རྡལ་གྱི་ཧྲང་ཀྲུང་ཐའེ་སྡེ་བའི་ཚོད་དཀར་ཆུང་བ་དང་། ཧོང་ཀྲུང་རྫོང་ཐེན་ཅ་ཀྲའེ་གྲོང་རྡལ་གྱི་ལ་ཁ་སྡེ་བའི་སྔོ་ཚོད་ཧུང་ཀེན་ཐེན། ལོ་ཏུའུ་ཆུས་ཧུང་ཧྲུའེ་གྲོང་རྡལ་གྱི་ལི་ཅ་ཧའོ་སྡེ་བའི་ལོ་ཏུའུ་སུར་པན་དམར་པོ། མེན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞི་ཀོའུ་ཞང་གི་ནན་ཧེང་སྡེ་བའི་ཤིང་པདྨ། གཏེར་ལེན་ཁ་གྲོང་ཁྱེར་ཧོའེ་ཐོའུ་ཐ་ལ་གྲོང་རྡལ་གྱི་ལུའུ་ཡོན་སྡེ་བའི་འཕང་འབྲས། རྩེ་ཁོག་རྫོང་ཉིན་ཕྱུག་ཞང་གི་ལྷ་དཀར་སྡེ་བའི་འབྲོག་ལུག ཧི་ནན་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཞང་གི་ཤ་རི་ཏ་བ་སྡེ་བའི་ནོར་གནག ཁྲི་ཀ་རྫོང་དཀར་བརྗིད་ཞང་གི་རྨ་ཆུ་ཐང་སྡེ་བའི་སུར་པན་བཅས་སྡེ་བ་དང་གྲོང་རྡལ་བརྒྱད་དཔེ་སྟོན་དུ་བདམས་ཤིང་། མིག་སྔའི་བར་དུ་རང་ཞིང་གི“སྡེ་བ་གཅིག་ལ་ཚོང་རྟགས་གཅིག”ཡོད་པའི་དཔེ་སྟོན་སྡེ་བ་དང་གྲོང་རྡལ་རེ་དགུ་ལ་སླེབས།

མིག་སྔར། རང་ཞིང་གི་ཆུའི་ཐོན་རྫས་ཀྱི་ཐོན་ཚད་ཏུན་ཁྲི་གཅིག་དང་སྟོང་གཅིག་ལ་སླེབས་པ་དང་། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་གཉིས་ལྷག་འཕར། ཞིང་ཆེན་ཡོངས་ཀྱི་རྫོང་བཅུ་གཉིས་ལ་སྐྱེ་ལྡན་ཕྱུགས་ལས་ཀྱི་ཁས་ལེན་དཔང་ཡིག་ཐོབ་པ་དང་། རྩྭ་ས་སྤྱི་ཆིང་ས་ཡ་བཞི་དང་འབུམ་དྲུག་ཁྲི་གཅིག་ལ་ཁས་ལེན་དཔང་ཡིག་ཐོབ་སྟེ། སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཀྱི་ཐོན་སྐྱེད་རྟེན་གཞི་རེ་གསུམ་རོགས་འཛུགས་བྱས་ཤིང་། ནོར་ནག་ས་ཡ་གཅིག་དང་འབུམ་གཉིས་དང་འབྲོག་ལུག་ས་ཡ་གསུམ་དང་འབུམ་གཉིས་ཁྲི་ལྔ་ལ་ཁས་ལེན་དཔང་ཡིག་ཐོབ་པས། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞིར་གྱུར།

ཁྱོན་ཡོངས་ནས་བལྟས་ན། དུས་ཚིགས་སྔོན་མ་གསུམ་ལ་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་འཕར་བ་དང་། སྣ་རྐྱང་བའི་ཐོན་ཚད་འཕར་བ། རྒྱ་ཁྱོན་ཉུང་འཕྲིའི་གནས་བབ་ཕྱིར་མངོན། ལོ་ཧྲིལ་པོའི་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་བསྟུད་མར་ཏུན་ཁྲི་བརྒྱའི་ཡན་དུ་སྲུང་འཛིན་བྱས་ཡོད། སྔོ་ཚོད་དང་ཤ་མོའི་ཐོན་ཚད་ཏུན་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་ལྷག་ལ་སླེབས་པ་དང་། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་དྲུག་མར་ཆགས། དེའི་ཁྲོད་དུ། ནོར་ཕྱུགས་ཀྱི་གསོ་ཚད་འཕེལ་བ་དང་ལུག་གི་གསོ་ཚད་མར་ཆགས། ཕག་དང་ཁྱིམ་བྱའི་གསོ་ཚད་མར་ཆགས་པ་ཅུང་མང་། ཤ་རིགས་ཀྱི་ཐོན་ཚད་ཕལ་ཆེར་བརྟན་འཇགས་རེད།

ཞིང་ཕྱུགས་ཐོན་རྫས་ཀྱི་རིན་གོང་ཡར་འཕར་བའི་སྐུལ་ཁྲིད་འོག ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་སྤོ་བསྒྱུར་བྱེད་མཁན་དང་ཞིང་སྡེའི་ས་ཞིང་འཁོར་རྒྱུག་བྱས་པ་ཇེ་མང་དང་། ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད། ཐུན་མོང་དཔལ་འབྱོར“མེད་པ་ནས་ཡོད་པའི”བཟོ་འགོད་ལག་བསྟར། དབུལ་ཐར་མཁྲེགས་གཏོར་གྱི་ཤུགས་ཚད་རྒྱུན་མཐུད་སྒོས་ཇེ་ཆེ་དང་། སྲིད་ཇུས་རང་བཞིན་གྱི་ཁ་གསབ་སྣ་ཚོགས་བརྟན་བརླིང་ཁྲོད་འཕེལ་རྒྱས་སོང་བར་མ་ཟད། རོང་འབྲོག་པའི་ཁྱིམ་ཚང་གི་གཉེར་སྐྱོང་རང་བཞིན་གྱི་ཡོང་སྒོ་དང་གླ་ཕོགས་རང་བཞིན་གྱི་ཡོང་སྒོ། རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ། སྤོ་བསྒྱུར་རང་བཞིན་གྱི་ཡོང་སྒོ་ཚང་མ་མངོན་གསལ་གྱིས་འཕར།

དུས་ཚིགས་བཞི་བའི་ཞིང་ཕྱུགས་དཔལ་འབྱོར་བརྟན་བརླིང་ཁྲོད་གོང་འཕེལ་དང་ལོ་ཧྲིལ་པོའི་ཞིང་ཕྱུགས་ལས་ལ་ལོ་ལེགས་འབྱུང་བར་ཁག་ཐེག་བྱེད་ཆེད། རང་ཞིང་གི་ཞིང་ཕྱུགས་སྡེ་ཁག་གིས“ཞང་བརྒྱ་དང་སྡེ་བ་སྟོང”གི་དཔེ་སྟོན་བཟོ་འགོད་ལེགས་འཛིན་དང་། མུ་མཐུད་དུ“སྤྱོད་ཁང་གསར་བརྗེ”དང་གཙང་བསྒྱུར་བཟོ་འགོད་འཛུགས་སྐྲུན་དམ་འཛིན་བྱས་ཏེ་ཚོད་ལྟའི་ངོས་ནས་ཁྱོན་ཡོངས་ལ་ཕྱོགས་པ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་རྒྱུན་ལྡན་བྱེད་ཐབས་ལེགས་འཛིན་བྱེད་པ། དུས་ཚིགས་ལྟར་སྟོན་སྡུད་བྱ་བ་བསྒྲུབས་ཏེ། འབྲུ་སྣུམ་མཛོད་དུ་ཚུད་པར་ཁག་ཐེག་བྱས་པ་དང་།འབྲུ་རིགས་བདེ་འཇགས་བརྟན་བརླིང་ཡོང་བར་འབད་བརྩོན་བྱས་པས། ཞིང་ལས་སྒྲིག་བཀོད་འཛུགས་སྐྲུན་དང་སྟོན་དུས་ཀྱི་སྔོ་ཚོད་ཐོན་སྐྱེད་ལེགས་འཛིན། སྔོ་ཚོད་ཐོན་ཚད་བརྟན་བརླིང་ཡོང་བར་བྱས་ཏེ།སྔོ་ཚོད་ཚོང་རའི་མཁོ་སྤྲོད་ལ་ཁག་ཐེག་བྱས།

དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བར་སྐུལ་ལྕག་དང་འགན་འདྲིའི་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ་དང་། དཔྱད་ཞིབ་དཔྱད་འཇོག་མ་ལག་ལེགས་བཅོས། ལུད་རྫས་དང་ཞིང་སྨན་ཉུང་འཕྲི་ནུས་འཕེལ་གྱི་ཚོད་ལྟ་བྱེད་གནས་རྒྱ་བསྐྱེད་པ། ནོར་གནག་དང་འབྲོག་ལུག་གི་ཁུངས་འདེད་ཆོག་པའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ།ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དམ་འཛིན་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།