དངོས་སུ་ངོ་འཕྲད་ནས་སྒྲོག་འགྲེལ་དང་གཅིག་སེམས་གཅིག་འབྲེལ་གྱིས་བསམ་བློ་བརྗེ་རེས་བྱས་པ།
2019.12.12 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་ནན་ཏན་གྱིས་སྤེལ།

ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་བསྟུད་མར་ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན། ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་ཚན་རིག་ལག་རྩལ་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཆུ་བེད་ཐིན། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་སི་བཅས་སུ་སོང་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ནས་ཡོང་བའི་ཏང་ཡོན་ལས་བྱེད་པ་སྟོང་ཙམ་གྱིས་ནན་ཏན་སྒོས་སྒྲོག་འགྲེལ་སྙན་ཞུར་ཉན།

ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ”དང་།“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་ལེགས་ཆ་ལ་གོ་བ་ཟབ་མོ་བླངས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ།” “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་སྤྱིའི་དམིགས་འབེན། ལས་འགན་གཙོ་བོ་བཅས་ཡང་དག་པར་ཁོང་དུ་ཆུད་པ།”“ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། ཚང་འཛོམས་གྲོས་ཚོགས་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་དངོས་འབེབས་དོན་འཁྱོལ་ཡོང་བ”བཅས་ཀྱི་ཕྱོགས་བཞི་ནས། རྒྱུ་ཆ་ཡང་དག་དང་དཔེ་མཚོན་གསོན་པོ། གོ་སླ་བའི་སྐད་ཆ་བཅས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འདོན་ཟབ་མོ་བྱས། སྒྲོག་འགྲེལ་བྱ་ཡུལ་དུ་འདུག་སྟེགས་སྟོང་བ་གཅིག་ཀྱང་མེད་ལ། སྤྲོ་སེམས་འཁོལ་བའི་ཉམས་སྣང་གིས་ཁྱབ་ཡོད་པར་མ་ཟད་ཐལ་མོ་རྡེབ་སྒྲས་ཁེངས་ཡོད། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ད་རུང་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་ཏེ། སྔར་ལས་ལྷག་པར་གནད་དོན་ཆེན་པོ་དག་ལ་མཉམ་དུ་དཔྱད་བསྡུར་བྱས།

ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་ཁུངས་ཏང་ཨུའི་ཆེད་འགན་ཧྲུའུ་ཅི་གཞོན་པ་ཁྲེན་ཅིན་ཕེང་གིས་བཤད་རྒྱུར། སྒྲོག་འགྲེལ་གྱི་བརྗོད་གཞི་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་ལ། གཙོ་གནད་འབུར་དུ་དོད་ཡོད་པ་དང་། འགྲེལ་བཤད་བརྒྱབ་པ་གཏིང་ཟབ་ཡིན་པས། གཞུང་ལུགས་རང་བཞིན་དང་ལག་ལེན་རང་བཞིན་དྲག་པོ་ལྡན། ཏང་དོན་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ནམ་ཡིན་ཡང་བཟོ་ཚོགས་བྱ་བའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། བརྗོད་དོན་སློབ་གསོར་དམ་དུ་སྦྲེལ་ཏེ། བཟོ་ཚོགས་མ་ལག་གི་ལས་བྱེད་པ་དང་ལས་བཟོ་པས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་པར་ཤུགས་སྣོན་པ་དང་། ཚང་མ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་ཡོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་སྐད་ཆར་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་པར་འདོད་ཀྱིན་ཡོད།

ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཆུ་ཁོག་ཞང་ཏང་སྲིད་ཐོག་ཁང་གི་གྲོས་ཚོགས་ཁང་དུ་རྗོང་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ཚང་མར“སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཤེས་བྱའི་དྲི་བ་དྲིས་ལན”སོགས་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པའི་བྱ་འགུལ་སྤེལ།

རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་སྐོར་གླེང་སྐབས། ཆུ་ཁོག་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སངས་རྒྱས་ཀྱིས་བཤད་རྒྱུར། ད་ལོར་ཆུ་ཁོག་ཞང་གིས“ཆུ་གློག་ལམ”གསུམ་འགག་སྒྲོལ་བྱེད་ས་བྱས་ནས། སྡེ་བའི་གཞུང་ལམ་རྒྱ་བསྐྱེད་དང་གློག་ཤུགས་བསྒྱུར་བཀོད་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། མུ་མཐུད་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་། གཞན་ཡང་། རང་བདག་ཚོང་གཉེར་གྱི་རྣམ་པ་གཞིར་བཟུང་ནས་ཞང་ཡོངས་ནས་མིག་སྔར་ཁྱིམ་ཚང་ཉིས་བརྒྱ་ང་གཅིག་དང་མི་གྲངས་སྟོང་གཅིག་དང་བརྒྱ་དང་དྲུག་ལ་ཁྱིམ་ཐོན་ཐོན་ལས་ལས་གཞི་ལག་བསྟར་བྱས་པའི་ནང་། སྐྱེལ་འདྲེན་ལས་རིགས་དང་གསོ་སྤེལ་ལས་རིགས། ཚོང་ཁང་ཉོ་བ་སོགས་ཡོད། གལ་ཏེ་མི་དམངས་ཀྱི་བདེ་སྐྱིད་ལ་གཞོལ་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མིན་ཚེ་འདི་ཡོད་ཚད་གླེང་ས་མི་འགྲོ།

“ཚང་འཛོམས་གྲོས་ཚོགས་སྟེང་། རང་རེའི་ཏང་གིས་ཡང་བསྐྱར་དབུལ་ཐར་འགག་སྒྲོལ་གྱི་འཐབ་འཛིང་ལས་རྒྱལ་བར་དམ་བཅའ་བརྟན་པོ་བཞག་པ་དང་། རྗེས་ཕྱོགས་སྔར་ལས་མང་བའི་ཞིང་ཕན་སྲིད་ཇུས་དང་། མ་དངུལ། ལས་གཞི་བཅས་ཀྱིས་མུ་མཐུད་དུ་ཞིང་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད། ཆུ་ཁོག་ཞང་ནི་དབུལ་ཕོངས་དབུལ་ནག་གི་ཞང་ཞིག་ཡིན་པས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྡེ་བའི་དོན་དངོས་ལ་ཟུང་དུ་སྦྲེལ་ནས་མུ་མཐུད་དུ་དབུལ་སྐྱོར་དང་། བློ་སྐྱོར་དང་རིག་སྐྱོར་ཐད་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས། དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཐར་ཕྱུག་བསྒྱུར་གྱི་ནང་རྐྱེན་ལ་ཡར་སྐུལ་བྱས།”

སྒྲོག་བཤད་མཁན་གྱི་སྒྲོག་འགྲེལ་གཏིང་ཟབ་ལ་ཕྱོགས་ཡོངས་འདུས་པས། མདུན་གྱི་ཉན་མཁན་ཚོས་བློ་སེམས་རྩེ་གཅིག་གིས་ཉན་བཞིན་ཡོད། དུས་ཚོད་གཉིས་རིང་གི་སྒྲོག་འགྲེལ་ཁྲོད། སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་བརྗོད་དོན་འདི་ཉིད་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་དང་ཟུང་དུ་སྦྲེལ་ཞིང་། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དང་ཟུང་དུ་སྦྲེལ་ཏེ། རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་ཁ་གསལ་གོ་སླའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་པོར་ཧ་གོ་རུ་བཅུག་ནས་ཁྲིད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྲིད་ཇུས་ཁྲིམས་སྲོལ་གོ་བ་ལོན་པ་དང་སེམས་སུ་འཇགས་པར་སྐུལ་འདེད་བཏང་།

སྡེ་དམངས་བསོད་ནམས་སྐྱིད་ཚང་ནི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན། དབུལ་ཐར་འགག་སྒྲོལ་སྤེལ་བ་ནས་བཟུང་མོས་རིགས་མི་འདྲ་བའི་སྲིད་ཇུས་ཁ་གསབ་དང་ཐོན་ལས་ཁྱིམ་འབབ་མ་དངུལ་ལོངས་སུ་སྤྱད་ཡོད་པར་མ་ཟད། ད་དུང་ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་། ཆེས་དམའ་བའི་འགན་སྲུང་མཐིལ་བརྟོལ་ཁྱིམ་ཚང་གི་འོད་ཧྥུ་གློག་ཚིགས་ལ་མ་རྐང་བཞག་ནས་ཁེ་སྤོགས་བགོ་བ་ལོངས་སུ་སྤྱད་པ་དང་། ན་ནིང་། རྒྱལ་ཁབ་ཀྱི་ཉེན་ཁ་ཆེ་བའི་ཁང་པ་ལེགས་བསྒྱུར་ཁ་གསབ་ལས་གཞིའི་སྒོར་ཁྲི་དྲུག་གི་རོགས་སྐྱོར་ལ་བརྟེན་ནས། སྔོན་ཆད་ཉེན་ཁ་ཆེ་བའི་ཁང་རྙིང་དེ་རྣམ་པ་གསར་པར་བསྒྱུར་བས། འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་ལེགས་སུ་འགྱུར་བཞིན་ཡོད།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གྱི་བྱ་བ་སྔར་ལས་ལེགས་པོར་སྒྲུབ་ཆེད། ཐུན་རིན་རྫོང་གིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དར་དམར་སྒྲོག་འགྲེལ་ཚོགས་པ་བཙུགས་པ་དང་། ཚན་ཁག་གཉིས་སུ་བགོས་ནས་ཐུན་རིན་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་བཅུ་གཉིས་ལ་སོང་ནས་སྒོ་ཁ་ནས་སློབ་ཁྲིད་བྱེད་པའི་གཅིག་འདུས་སྒྲོག་འགྲེལ་གྱི་བྱ་འགུལ་སྤེལ། དུས་མཚུངས་སུ། དབུལ་སྐྱོར་སྡེ་སྡོད་ལས་བྱེད་རུ་ཁག་དང“གསུམ་སྦྲེལ་གསུམ་སྐུལ”སྦྲེལ་འཛུགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་རྣམས་སྡེ་བའི་ཁྱིམ་ཚང་དུ་འགྲོ་བ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། གཞི་རིམ་མང་ཚོགས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱས་ནས་ཁྱིམ་ཚང་ཀུན་ལ་ཤེས་སུ་བཅུག

                                                                                              རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།