སྲིད་ཇུས་ཀྱི་འདྲིལ་ཤུགས་ཇེ་དྲག་ཏུ་བཏང་སྟེ་ལོ་ལྔའི་འཆར་གཞི་བཅུ་གསུམ་མཇུག་བསྡུ་བའི་ལོར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས།
2019.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ལ་བགྲོ་གླེང་བྱེད་པའི་ཚ་རླབས་བསླངས།

2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་རེད། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་བགྲེང་སྟེ། ཇི་ལྟར་བྱས་ནས་སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད།

ཉེ་ལམ་བསྡུས་པའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང2020ལོའི་དཔལ་འབྱོར་བྱ་བའི་བསམ་ཕྱོགས་དང་ཁ་ཕྱོགས་གསལ་བོ་བཏོན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་ཚུར་སྣང་དྲག་པོ་དང་ཐུན་མོང་གི་ངོས་ཟིན་བྱུང་ཡོད། ཚང་མས་ངེས་པར་དུ་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་ནས། ཕྱོགས་ཡོངས་དང་སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ། སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མཉམ་ཤུགས་འདོན་པ་དང་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། 2020ལོར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས།

དམིགས་འབེན་མང་པོ་མངོན་འགྱུར་བྱེད་པར་སྲིད་ཇུས་ཀྱི་མཉམ་ཤུགས་རྒྱག་དགོས།

ས་རྩ་རུབ་མ་ཐག་ཏུ། ཧུའུ་ནན་ཁྲང་ཧྲའི་ལྔ་གཅིག་ཚོང་རའི་འདུ་འཛིའི་མགོ་བརྩམས། བཅིངས་འགྲོལ་ནུབ་ལམ་གྱི་གློག་འོད་ཀྱིས་ལམ་ངོས་གསལ་བར་བྱས། རིམ་འདས་ཆུ་འབུ་གློ་ཉའི་ཟ་ཁང་མང་པོའི་སྒོ་ཁར་ཉིན་རྒྱུན་མི་ཚོགས་ཀྱི་གྲལ་རིང་བསྒྲིགས་འདུག

ཁྲང་ཧྲ་གྲོང་ཁྱེར་གྱི་ཐེན་ཞིན་ས་ཁུལ་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཏི་ཅོན་གྱིས་བཤད་རྒྱུར། དྲ་ངོས་ཀྱི་མིང་གྲགས་ཆེ་བའི་བཟའ་བཏུང་ཁང་དུ་ཉིན་གསུམ་གྱི་ཡར་སྔོན་ནས་ཐོ་འགོད་བྱ་དགོས་པ་དང་། འཁྲབ་སྟོན་ཚོགས་ར་ཡོངས་སུ་མིས་བཀང་འདུག རྣམ་པ་དེ་འདྲ་ནི་ལོ་ལྔའི་ཡར་སྔོན་དུ་བློ་ཡུལ་ལའང་དྲན་དཀའ་བའི་སྣང་ཚུལ་ཞིག་རེད་ཟེར།

འཛད་སྤྱོད་ཀྱི་སྦས་ཤུགས་ལ་སྐུལ་སློང་བྱ་ཆེད། ཧུའུ་ནན་ཞིང་ཆེན་གྱིས“ཕྱོགས་མང་གཅིག”གི་སྲིད་ཇུས་བྱེད་ཐབས་བཏོན་ནས་སྡེ་ཁག་གི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། གཅིག་གྱུར་སྒོས་འཛད་སྤྱོད་ལ་སྐུལ་འདེད་བཏང་། ཐེན་ཞིན་ཆུས་ཀྱིས་སྲིད་འཛིན་ཞིབ་མཆན་འགོད་པ་དང་ནོར་སྲིད། དངུལ་རྩའི་ཁྲིད་སྟོན། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་ཀྱི་ཐད་ཕྱོགས་བསྡུས་སྟོབས་ཤུགས་བཏོན། གོ་རིམ་རྗེས་མར་ཐེན་ཞིན་ཆུས་ཀྱིས་ནུས་ཤུགས་ཡོད་དགུས་རིག་གནས་ཐོན་ལས་དང་ཡུལ་སྐོར་མཉམ་བསྲེས་དཔེ་སྟོན་ཁུལ་དང་མཚན་མོའི་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་གཅིག་བསྡུས་དཔེ་སྟོན་ས་ཁུལ་གསར་འཛུགས་བྱ་རྒྱུ་རེད།

དོན་དངོས་ཐོག ཀྲུང་དབྱང་ནས་ས་གནས་བར་དུ“བརྟན་པོ་དྲུག”གི་བྱ་བ་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབ་རྒྱུར་དམིགས་ཏེ། བརྟན་བརླིང་ངང་འཕར་སྣོན་དང་བཅོས་སྒྱུར་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བྱེད་པ། བརྟན་བརླིང་འགན་ལེན་བཅས་ལ་གཅིག་གྱུར་སྐུལ་འདེད་བཏང་བས། བྱ་བ་སྣ་ཚོགས་ཧུར་ཐག་གིས་སྤེལ་བཞིན་ཡོད།

ཐེངས་འདིའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་། ངེས་པར་དུ་མ་ལག་སྨྲ་བ་གཞིར་བཟུང་ནས་དཔལ་འབྱོར་བཅོས་སྐྱོང་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་དམིགས་འབེན་མང་པོའི་ཁྲོད་འགུལ་རྣམ་དོ་སྙོམས་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད།

“དམིགས་འབེན་མང་པོའི་ཁྲོད་འགུལ་རྣམ་དོ་སྙོམས་ཡོང་བ་བྱ་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན།” རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཆེ་ཕྱོགས་དཔལ་འབྱོར་ཞིབ་འཇུག་པུའུ་ཡི་ཞིབ་འཇུག་པ་ཀྲང་ལི་ཆུན་གྱིས་བལྟས་ན། ལས་སླ་བོ་མིན་པ་དེ་དག་ནི་རང་རྒྱལ་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་།  དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར།  འཕར་སྣོན་སྒུལ་ཤུགས་བསྒྱུར་བ་བཅས་ཀྱི་འགག་སྒྲོལ་དུས་སྐབས་སུ་གནས་ཡོད་པ་དང་།  གྲུབ་ཚུལ་རང་བཞིན་དང་སྒྲིག་སྲོལ་རང་བཞིན།  དུས་འཁོར་རང་བཞིན་བཅས་ཀྱི་གནད་དོན་ཕན་ཚུན་བསྣོལ་མར་གནས་ཡོད་པ་མངོན་གསལ་གྱིས་མཚོན་ཡོད། “བྱེ་བྲག་གི་དམིགས་འབེན་རེ་རེ་མངོན་འགྱུར་བྱེད་པར་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་ཕན་ཚུན་མཐུན་པར་བྱེད་དགོས།

ཀྲང་ལིས་ཆོན་གྱིས་བཤད་རྒྱུར། “བརྒྱུད་རིམ་དེའི་ཁྲོད། དཔལ་འབྱོར་ཇི་ལྟར་བྱས་ཏེ‘གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུ’དང‘སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ’དེ་གཉིས་བར་གྱི་འགུལ་རྣམ་དོ་སྙོམས་ལ་སྐུལ་འདེད་གཏོང་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད་ཟེར།

དཔལ་འབྱོར་ལུགས་མཐུན་ངང་འཕར་བ་དང་སྤུས་ཚད་བརྟན་པོའི་ངང་འཕར་རྒྱུ་ཁག་ཐེག་བྱེད་པར་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་དགོས།

ཧྲིན་ཀྲིན་ཨའོ་པི་ཀྲུང་ཀོང་ཚན་རྩལ་ཚད་ཡོད་ཀུང་སི་གསར་དུ་བཙུགས་པ་ནས་ད་བར་ལོ་དྲུག་འགོར་ཡོད་པ་དང་། 3Dབརྒྱུད་ཚོར་ཁྱབ་ཁོངས་ཡོངས་ཀྱི་རང་བརྟེན་ཤེས་བྱའི་བདག་དབང་གི་ལྟེ་བའི་ལག་རྩལ་ཁོང་དུ་ཆུད་པར་བྱས་པས་རྒྱལ་ནང་གི་སྟོང་ཆ་བསྐངས་ཡོད།

ཀུང་སིའི་འགོ་བ་གཞོན་པ་ཁུང་པོ་ཡིས་དེ་ནི་ཕྱོགས་མང་སྲིད་ཇུས་མཐུན་སྦྱོར་བྱས་པ་ལས་བྱུང་བའི་སྐུལ་འདེད་ཀྱི་སྒུལ་ཤུགས་ཆེན་པོ་དང་ཁ་འབྲལ་ཐབས་མེད་སྟེ། ཞིང་ཆེན་དང་སྡེ་ཁག་རིམ་པའི་གཙོ་གནད་ལས་གཞི་ཞིབ་འཇུག་གསར་སྤེལ་བྱས་ནས་གསར་གཏོད་ཤེས་ལྡན་མི་སྣའི་དཔྱ་ཁྲལ་ཕྱིར་སློག་དང་། ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྣོན་འཕྲི་སོགས་ཀྱི་ཁྲལ་གྲོན་གཉིས་གཅོག་དང་། དེ་ནས་ཤེས་ལྡན་མི་སྣའི་འགན་ལེན་དང་ཐོན་ལས་ཐད་སྤྱོད་པའི་ཁང་བའི་སྲིད་ཇུས་སོགས་ཀྱི་བར་ཨའོ་པིས་ཀྲུང་ཀོང་གིས་རྒྱལ་ཁ་བླངས་ཡོད་ཟེར།

“རྗེས་ཕྱོགས་ང་ཚོས་སྤུས་ཚད་མཐོ་བའི‘མཉམ་སྡེབ་སྲིད་ཇུས’སྔར་བས་མང་བ་འདོན་སྤེལ་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད་པ་དང་། ཁེ་ལས་ཀྱིས་གསར་སྐྲུན་རྒྱུན་འཁྱོངས་བྱེད་པར་སྐུལ་མ་བྱས་ཏེ། སེམས་རྣལ་དུ་ཕབ་ནས་ཐོན་ཁུངས་སྔར་ལས་མང་བ་ལག་རྩལ་ཞིབ་འཇུག་གསར་སྤེལ་ཁྲོད་དུ་བཀོལ་ནས། ཛ་དྲག་ཆེ་བའི་ཚོང་རའི་འགྲན་རྩོད་ཁྲོད་དུ་ཡིད་ཆེས་དང་གཏིང་ཤུགས་སྔར་ལས་ཆེ་བ་ལྡན་པར་བྱ་དགོས”ཞེས་ཁུང་པོ་ཡིས་དེ་ལྟར་བཤད།

སྲིད་ཇུས་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་པར་ཤུགས་སྣོན་པ།

“སྲིད་ཇུས་མཉམ་སྤྱོད”དང“གཅིག་གྱུར་སྐུལ་འདེད་གཏོང་བ”“མཉམ་ཤུགས་ཆགས་པར་བྱེད་པ”སོགས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་སང་ལོའི་དཔལ་འབྱོར་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ་དང་། དེ་དག་ལས་སྲིད་ཇུས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་རྒྱུར་དེ་བས་མཐོང་ཆེན་བྱེད་པ་དང་སྡེ་ཁག་གིས་མཐུན་སྦྱོར་དང་མ་ལག་གོང་འོག་མཉམ་འགུལ་བྱེད་པའི་ཐད་ཁ་ཕྱོགས་སྔར་ལས་གསལ་བོར་བསྟན་ཡོད།

འདི་ནི་མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་སྣ་མང་རྙོག་འཛིང་ཆེ་བའི་དཔལ་འབྱོར་ཁོར་ཡུག་གི་ལྡོག་མེད་བླང་བྱ་སྟེ། ཕྱི་ཕྱོགས་ཀྱི་འགྲན་སློང་ལ་ཕན་ནུས་ཐོན་དགོས་ལ་ནང་ཁུལ་གྱི་དཀའ་གནད་ཀྱང་སེལ་དགོས་པ་དང་། “ཁ་ཚ་དགོས་གཏུགས”ཀྱི་གནད་དོན་ཐག་གཅོད་དགོས་ལ། ཡུན་རིང་གི་འགལ་བ་ཡང་སེལ་དགོས། རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་བཞིན་པའི་ཀྲུང་གོའི་དཔལ་འབྱོར་སྙོམས་སྒྲིག་བྱེད་སྟངས་གསར་གཏོད་དང་བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་མཐོར་འདེགས་གཏོང་བར་བླང་བྱ་སྔར་ལས་མཐོ་བ་བཏོན་ཡོད།

ནན་ཅིན་སློབ་ཆེན་འབྲི་ཆུའི་ཐོན་ལས་དཔལ་འབྱོར་ཞིབ་འཇུག་གླིང་གི་གླིང་གཙོ་དགེ་རྒན་ཆེན་མོ་ལིག་ཀྲི་པེའོ་ཡིས“ནོར་སྲིད་ཀྱི་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་དེ་འཛད་སྤྱོད་དང་དངུལ་གཏོང་། ལས་ཞུགས། ཐོན་ལས། ས་ཁོངས་སོགས་ཀྱི་སྲིད་ཇུས་དང་མཉམ་ཤུགས་ཆགས་པར་བྱེད་དགོས།” སྤྱི་འབོར་རང་བཞིན་གྱི་སྲིད་ཇུས་དང་གྲུབ་ཚུལ་རང་བཞིན་གྱི་སྲིད་ཇུས་ཀྱི་ཁྱད་ཆོས་དང་བསྟུན་ནས་མཐུན་སྦྱོར་བྱས་པ་དང་། ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཐག་གཅོད་བྱེད་པའི་གནད་འགག་ཡིན་ལ། སྤྱི་ཁོག་དང་འབྲིང་རིམ་སྲིད་ཇུས་ཚང་མ་ལས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ལྟེ་བར་བྱེད་པའི་བསམ་ཕྱོགས་མཚོན་ཡོད།

ཁོས་བལྟས་ན། ཚོགས་འདུའི་ཐོག་སྲིད་ཇུས་ཀྱི་མ་ལག་རང་བཞིན་ལ་དེ་བས་ནན་བཤད་བྱས་ནས“སྲིད་ཇུས་གལ་ཆེན་འདོན་པ་དང་ལེགས་སྒྲིག་བྱེད་པར་ཕྱོགས་བསྡུས་ཤུགས་རྐྱེན་དཔྱད་འཇོག་བྱེད་དགོས་པ་དང་།”སྤྱི་ཡོངས་ཇུས་འགོད་འབུར་དུ་དོད་པ་དང་ཕྱོགས་བསྡུས་ལག་བསྟར་སྲིད་ཇུས་ནན་བཤད་བྱས་ན། ཕྱི་ནང་གི་འགྲན་སློང་ལ་ཕྱོགས་ཡོངས་དང་ནུས་ལྡན་ངང་ཁ་གཏད་འཇལ་ཐུབ་ཟེར།

“ད་ལོ་ང་ཚོའི་ཡིད་རྟོན་དངུལ་བུན་ཁོ་ན་སྒོར་བྱེ་བ་གཉིས་རག་བྱུང་། “གཞི་གྲངས་ཆེན་མོའི”ཉེར་སྤྱོད་ལག་རྩལ་ཞིབ་འཇུག་བྱེད་མཁན་ཀྲེ་ཅང་ཧྲུའུ་ཆིན་ཚན་རྩལ་གྱི་འགོ་གཙོ་ཀའོ་ཧང་གིས་གསར་འགོད་པར་བཤད་རྒྱུར། ཀུང་སིས་གཞི་ཁྱོན་སྔར་ལས་ཆེ་བའི་ཁྲལ་གྲོན་གཉིས་གཅོག་དང་དངུལ་རྩའི་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་སོགས་སྲིད་ཇུས་ཀྱིས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཕྱོགས་ཡོངས་ནས་མྱོང་ཚོར་བྱེད་ཐུབ་བྱུང་ཟེར།

“ཁྲལ་རིན་གཉིས་གཅོག་གིས་ང་ཚོར་དོན་དངོས་སུ་ཕན་ཐོག་ཡོད། ཐེངས་འདིའི་ཚོགས་འདུའི་སྟེང་བཅོས་སྒྱུར་གྱིས་ཚོང་རའི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས་པ་ནན་བཤད་བྱས་ཡོད་པ་དང་། ང་ཚོས་ཀྱང་རེ་སྒུག་ཆེན་པོ་བྱས་ཡོད”ཅེས་ཅིན་ཅང་ཀའོ་ཧྲིན་རྒྱུ་ཆ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཀྲང་གོ་ཧྲིན་གྱིས་དེ་ལྟར་བཤད།

ཚོང་རའི་འགྲན་རྩོད་ཧ་ཅང་ཛ་དྲག་ཆེ་བར་ཁ་གཏད་ནས། ཧྥུའུ་ཅན་ཆོན་ཀྲིག་གི་སྲོལ་རྒྱུན་གྱི་ལྷམ་དང་རྒྱུ་ཆའི་ཁེ་ལས་དེ་རྒྱུ་ཆ་གསར་པའི་ཁྱབ་ཁོངས་སུ་སྐྱོད་བཞིན་ཡོད་པ་དང་། ད་ལོར་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་ཁྲལ་མ་འཇལ་གོང་སྣོན་འཕྲི་བྱས་པའི་བསྡུར་ཚད་བརྒྱ་ཆའི་ལྔ་བཅུ་ནས་བརྒྱ་ཆའི་དོན་ལྔ་བར་མཐོ་རུ་གཏོང་རྒྱུའི་སྲིད་ཇུས་དེ་ཡིས་ཁོང་ཚོར་སྒོར་ཁྲི་བཅུ་ཕྲག་འགའ་ཇེ་ཉུང་དུ་བཏང་ཡོད།

ཅིན་ཅང་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་ཁེ་ལས་གྱ་དྲུག་གིས་སྲིད་ཇུས་བཟང་བོ་དེ་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། རིམ་རྩིས་བྱས་ན་ཁྲལ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་གསུམ་ཉུང་སྤྲོད་བྱས་ཡོད། “ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་བྱེད་པ་ནི་ཁྲལ་དོན་སྡེ་ཁག་གིས་ལག་བསྟར་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཚན་རྩལ་གྲུབ་འབྲས་ངོས་འཛིན་བྱ་རྒྱུ་དེ་ཆེད་ལས་ཤིག་ཡིན་པས། ཚན་རྩལ་སྡེ་ཁག་གིས་རང་འགུལ་ངང་གཞོགས་འདེགས་མ་བྱས་ཚེ་ལས་གཞི་མང་པོ་ཞིག་གཏན་འཁེལ་བྱེད་པར་དཀའ་ཁག་ཡོད”ཅེས་ཅིན་ཅང་གྲོང་ཁྱེར་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་ཅང་ཅཱ་ཞིན་གྱིས་དེ་ལྟར་བཤད།

སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་ཕན་འབྲས་འབྱུང་ཚད་མཐོ་རུ་གཏོང་དགོས།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་རྒྱུ་ཁག་ཐེག་བྱ་ཆེད། སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ཧ་ཅང་གནད་འགག་ཞིག་རེད།

ལོ་སོ་དགུ་ལ་སླེབས་པའི་ཀྲིག་ལའོ་པིན་ན་ནིང་ཧང་ཀྲིག་ནས་ཀོས་ཀྲིག་ཞིང་ཆེན་ལེ་ཧྲན་རྫོང་དུ་ཐོན་པ་དང་། ཁ་གཏད་རོགས་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ལེ་ཧྲན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྫོང་དཔོན་གཞོན་པའི་འགན་ཁུར། རོགས་སྐྱོར་སྲིད་ཇུས་དེ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་དངོས་ཕན་ཐབས་ལམ་ཞིག་ཏུ་ཇི་ལྟར་འགྱུར་བར་བྱེད་རྒྱུ་དེ་ནི་ཁོས་ཉིན་རྒྱུན་བསམ་གཞིག་བྱེད་བཞིན་པའི་བྱ་བ་ཞིག་རེད།

“ང་ཚོས་ཧུར་ཐག་གིས་ཁེ་ལས་ཁག་གཅིག་ནང་འདྲེན་བྱས་ནས། ཝང་དབྱི་ཡིས་ལེ་ཧྲན་རྫོང་དང་མཉམ་ལས་ནན་མོ་བྱས་ནས་ཞིང་ལས་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས་རེ་བརྒྱད་གསར་སྤེལ་བྱས་པ་ཡིན། ད་ལོའི་ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན་ཐོན་རྫས་བཙོང་མགོ་བརྩམས་པ་དང་། དྲ་ཐོག་དང་ཚོང་ར་ནས་ཕྱིར་ཚོང་བྱས་པའི་ཡོང་འབབ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་ལ་སླེབས་ཡོད”ཟེར།

ལེ་ཧྲན་རྫོང2018ལོར་དབུལ་ཐར་བྱས་ཡོད་མོད། འོན་ཀྱང་ས་གནས་དེ་གར་དབུལ་ཐར་བྱས་ཚེ་སྲིད་ཇུས་དང་ཁ་མི་འབྲལ་བ་དང་མུ་མཐུད་དུ་རོགས་སྐྱོར་བྱེད་པའི་དངོས་སྒྲུབ་ཀྱི་བྱེད་ཐབས་མང་པོ་སྤྱད་དེ། མང་ཚོགས་ཕྱིར་དབུལ་བོར་འགྱུར་བ་སྔོན་འགོག་དང་དབུལ་ཐར་གྱི་ཕན་འབྲས་ཇེ་བརྟན་དུ་བཏང་ཡོད།

ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་ཕྱོགས་ཡོངས་དང་སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ། སྲིད་ཇུས་གལ་ཆེན་འདོན་པ་དང་ལེགས་སྒྲིག་བྱེད་པར་ཕྱོགས་བསྡུས་དཔྱད་འཇོག་བྱེད་པ། སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འདྲ་མིན་སྣ་ཚོགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་བཏོན་ཡོད།

“སྲིད་ཇུས་དོན་འཁྱོལ་བྱེད་སྐབས་ལག་བསྟར་བྱེད་ཤུགས་ལ་དོ་སྣང་བྱེད་དགོས་པ་དང་།  ཤུགས་ཚད་མི་འདང་བ་དང་ཤུགས་ཚད་ཆེ་དྲགས་ནའང་མི་འགྲིག་ལ། སྲིད་ཇུས་མ་བཏོན་གོང་དང་ལག་བསྟར་བྱས་རྗེས་ད་དུང་ཚན་རིག་དང་མཐུན་པའི་དཔྱད་འཇོག་བྱེད་དགོས་པ་དང་། ལག་བསྟར་ཕན་འབྲས་ལས་ཁས་ལེན་ཏན་ཏིག་བྱེད་དགོས”ཞེས་ལན་ཀྲིག་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེན་མོ་ཝེ་ལི་ལིས་དེ་ལྟར་བཤད།

ད་ལོའི་ཚུན་ལ། མ་དངུལ་བསྡུ་སྒྲིག་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་བྱེད་ཐབས་མང་པོ་སྤྱད་པས་གྲུབ་འབྲས་ངེས་ཅན་ཐོབ་ཡོད། འོན་ཀྱང་། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིག་བྱེད་པའི་བྱ་བར་སེམས་ཁྲལ་སྔར་བཞིན་མི་ཉུང་བ་ཞིག་གནས་ཡོད། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག“དམངས་གཉེར་དང་ཁེ་ལས་ཆུང་འབྲིང་གི་མ་དངུལ་བསྡུ་སྒྲིག་དཀའ་བའི་གནད་དོན་སྔར་བས་ཞི་ལྷོད་དུ་གཏོང་རྒྱུ”དེ་སང་ལོའི་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ཡོད།

“ང་ཚོས་རིགས་མི་འདྲ་བའི་ཁེ་ལས་ལ་དམིགས་ནས་སྔར་བས་ཞིབ་ཚགས་ཀྱི་དཔྱད་འཇོག་མ་ལག་གསར་གཏོད་དང་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིག་གི་དཀའ་གནད་རིམ་བཞིན་སེལ་ནས་སྲིད་ཇུས་དོན་འཁྱོལ་སྔར་ལས་གནད་འཁེལ་བྱས།”འཐབ་ཕྱོགས་དང་པོས་ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་དངུལ་ཁང་གི་ལས་བྱེད་མི་སྣ་ཡིན་པའི་ཆ་ནས། ཞིང་ལས་དངུལ་ཁང་ཀྲེ་ཅང་ཞིང་ཆེན་ཡན་ལག་དངུལ་ཁང་ཁེ་ལས་ཆུང་གྲས་སྡེ་ཁག་གི་མགོ་གཙོ་ཆན་ཁའེ་ལ“མཇུག་མཐའི་སྤྱི་ལེ་གཅིག”ཇི་ལྟར་ཤར་གཏོང་བྱེད་པར་མྱོང་ཚོར་ཟབ་མོ་བྱུང་ཡོད།

ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ནི་འབྲི་ཆུའི་འགག་གསུམ་ལས་གྲྭའི་གནས་ཡུལ་ཞིག་ཡིན་ཞིང་། ལོ་རེར་འབྲི་ཆུའི་འགག་གསུམ་ཆུ་རྒྱུད་དུ་གྲུ་གཟིངས་ཐེངས་གྲངས་ཁྲི་དྲུག་ཡས་མས་བརྒྱུད་དགོས་པ་དང་། གྲུ་གཟིངས་ཀྱི་འབབ་ཚིགས་ལས་བྱུང་བའི་སྦགས་བཙོག་གིས་མི་རྣམས་ལ་དཀའ་ཁག་བཟོས་ཡོད།

ཉེ་ལམ་ས་གནས་དེ་གའི་སྲིད་གཞུང་གིས་འབྲི་ཆུ་ལ་སྲུང་སྐྱོབ་ཆེན་པོ་དང་གྲུ་གཟིངས་ཀྱི་སྦགས་བཙོག་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ལས་དོན་ལ་ལྟ་སྐུལ་བྱེད་བཞིན་ཡོད་པ་དང་། འབྲི་ཆུའི་འགག་གསུམ་གྱི་མཚོ་ཐོག་སྐྱེལ་འདྲེན་ལ་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

“འབྲི་ཆུའི་དཔལ་འབྱོར་ཁུལ་གྱིས་སྲུང་སྐྱོབ་ཆེན་པོ་མཉམ་དུ་དམ་འཛིན་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་བླང་བྱ་ཁ་གསལ་ལ་ཞིབ་ཕྲ་བ་ཞིག་ཀྱང་ཡིན་པས། ང་ཚོས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཁྲིད་སྟོན་དུ་བྱེད་པ་དང་ས་ཁོངས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། འབྲི་ཆུའི་སྦྲེལ་མཐུད་དང་གསོན་ཤུགས་འཕེལ་བར་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་དབྱི་ཁྲང་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀའོ་དབྱི་པིན་གྱིས་དེ་ལྟར་བཤད།

ལས་རིགས་ཁག་གི་བཅར་འདྲི་དང་ལེན་བྱེད་མཁན་མི་སྣས“སྐར་གསུམ་འཐབ་ཇུས་དང་སྐར་བདུན་ལག་བསྟར”བྱེད་པར་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ངེས་པར་དུ་དོན་འཁྱོལ་བྱས་ནས། དཀའ་ཚེགས་སྔར་ལས་ཆེ་བའི་བྱ་བར་འབད་བརྩོན་གྱི་ཆོད་སེམས་བཅངས་ནས་དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་དགོས་ཞེས་བཤད།

ལོ་ཙཱ་བ། ཤ་བོ་རིན་མཚོ།