ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་དུ་བསྡུས་པ།
2019.12.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས10ཉིན་ནས་ཚེས12བར་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་སུ་ཞུགས།

ཞི་ཅིན་ཕིང་གིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་བ་དང་། 2019ལོའི་དཔལ་འབྱོར་བྱ་བར་སྤྱི་སྡོམ་མཛད་ལ། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང2020ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་མཛད། ལི་ཁི་ཆང་གིས་གསུང་བཤད་ཁྲོད་དུ་ཉིས་སྟོང་ཉི་ཤུ་ལོའི་དཔལ་འབྱོར་བྱ་བར་བྱེ་བྲག་གི་བཀོད་སྒྲིག་དང་སྤྱི་སྡོམ་མཛད།

གྲོས་ཚོགས་ཀྱིས་བལྟས་ན། ད་ལོའི་ཚུན་ལ་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མངོན་གསལ་གྱིས་ཇེ་དྲག་ཏུ་འགྲོ་བཞིན་པའི་རྙོག་འཛིང་ལྡན་པའི་གནས་བབ་ལ་ཁ་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས། མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བཅས་བྱས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། “བརྟན་བརླིང་དྲུག”གི་བྱ་བ་ཏན་ཏིག་སྒོས་བསྒྲུབས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་བརྟན་སྲུང་བྱས་ཤིང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་གནད་འགག་གི་འཕེལ་རྒྱས་བྱུང་། གནད་འཁེལ་དབུལ་ཐར་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། དངུལ་རྩའི་ཉེན་ཁར་ཚོད་འཛིན་ནུས་ལྡན་བྱས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་སོང་བ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཐད་ནས་གོམ་པ་ཆེན་པོ་སྤོས། མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ཚན་རྩལ་གསར་གཏོད་ལ་འབྲས་བུ་གསར་པ་ཐོབ་པས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་སོང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད”ཀྱི་དམིགས་ཚད་གཙོ་བོ་དག་སྔོན་དཔག་ཚད་གཞིར་ཐོན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འཕེལ་རྒྱས་ཀྱི་འབྲས་བུ་གསར་པ་བླངས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་མཉམ་དུ་ངེས་པར་རྟོགས་དགོས་པ་ཞིག་ནི། ད་ལྟའི་རང་རྒྱལ་ནི་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་དཔལ་འབྱོར་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། འཕར་སྣོན་གྱི་སྒུལ་ཤུགས་བསྒྱུར་བ་བཅས་ཀྱི་གནད་འགག་གི་དུས་སྐབས་སུ་གནས་ཤིང་། གྲུབ་ཚུལ་རང་བཞིན་དང་སྒྲིག་སྲོལ་རང་བཞིན། དུས་འཁོར་རང་བཞིན་བཅས་ཀྱི་གནད་དོན་ཕན་ཚུན་སྦྲེལ་ཡོད་པས། “སྐབས་གསུམ་བརྩེགས་སྒྲིག”གི་ཤུགས་རྐྱེན་རྒྱུན་མཐུད་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་ལ། དཔལ་འབྱོར་མར་ཆགས་པའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། མིག་སྔའི་འཛམ་གླིང་དཔལ་འབྱོར་གྱི་འཕར་ཚད་བསྟུད་མར་ཇེ་དལ་དུ་སོང་བས། སྔར་བཞིན་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་རྗེས་ཀྱི་ལེགས་སྒྲིག་གཏིང་ཟབ་བྱེད་པའི་དུས་ཡུན་དུ་གནས་ཤིང་། འཛམ་གླིང་སྤྱིའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་པའི་ཁྱད་ཆོས་ལྷག་ཏུ་མངོན་གསལ་ཡིན་ལ། གོ་ལ་ཡོངས་ཀྱི་གཡོ་འགུལ་བྱེད་ཁུངས་དང་ཉེན་ཁའི་གནས་མངོན་གསལ་གྱིས་མང་དུ་ཕྱིན་ཡོད་པས། ང་ཚོས་སྔོན་འགྲོའི་བྱ་བ་ལེགས་པོར་བསྒྲུབ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད” ཡོངས་འགྲུབ་བྱེད་པའི་ལོ་ཡིན་པས། ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་པོ་མངོན་འགྱུར་བྱེད་དགོས་ཤིང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ཡི་འཕེལ་རྒྱས་དང་ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པ་མངོན་འགྱུར་འབྱུང་བར་རྨང་གཞི་ལེགས་པོ་འདིང་དགོས་ན། དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ། “འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”བརྟན་པོར་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་ལས་འགན་མི་ལྷོད་པ། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས། བཅོས་བསྒྱུར་སྒོ་འབྱེད་སྒུལ་ཤུགས་སུ་འཛིན་པ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། བློ་ཐག་རྦད་ཆོད་ཀྱིས་འགག་སྒྲོལ་ཆེན་པོ་གསུམ་ལ་རྒྱལ་ཁ་ལེན་པ། ཁྱོན་ཡོངས་ནས“བརྟན་བརླིང་དྲུག”གི་བྱ་བ་ལེགས་པོར་སྒྲུབ་པ། བརྟན་བརླིང་ངང་འཕར་བ་དང་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། བརྟན་བརླིང་སྲུང་བ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ། འོས་འཚམས་ཀྱི་བར་སྟོང་ནས་དཔལ་འབྱོར་འཁོར་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད”བདེ་བླག་ངང་མཇུག་བསྡུ་བར་ཁག་ཐེག་བྱེད་པ་དང་། མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་ཞིག་བྱ་དགོས།

གྲོས་ཚོགས་ཀྱིས་གཏན་འཁེལ་བྱས་པ་ལྟར་ན། སང་ལོར་གཤམ་གྱི་གཙོ་གནད་བྱ་བ་དག་ནན་མོར་འཛིན་དགོས།

དང་པོ་ནི་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས།

འདུ་ཤེས་ནི་ལག་ལེན་གྱི་ཁྲིད་སྟོན་ཡིན་ཞིང་། དུས་རབས་གསར་པར་འཕེལ་རྒྱས་དམ་འཛིན་བྱེད་དགོས་ན་ངེས་པར་འཕེལ་རྒྱས་ཀྱི་འདུ་ཤེས་འབུར་དུ་བཏོད་པ་དང་། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་དངོས་འབེབས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་རང་རྒྱལ་གྱི་འཕེལ་རྒྱས་དུས་རིམ་གསར་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བར་འགྱུར་ལྡོག་འབྱུང་བའི་དགོས་ངེས་ཀྱི་བླང་བྱ་དང་འཚམ་པར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དོ་མི་མཉམ་དང་ཐབས་མི་ལེགས་པའི་གནད་དོན་ཐག་གཅོད་པའི་སྟེང་དུ་ནུས་ཤུགས་ཡོད་དགུ་འདོན་དགོས།

ཁྱོན་ཡོངས་དང་གཅིག་འདུས་ཀྱི་ལྟ་བ་འཛུགས་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆོས་ཉིད་ལ་བརྩི་སྲུང་བྱེད་པ། སྲིད་ཇུས་གལ་ཆེན་འདོན་པ་དང་ཕྱོགས་བསྡུས་ཤུགས་རྐྱེན་ལ་དཔྱད་འཇོག་བྱེད་སྟངས་ལེགས་སྒྲིག་བྱེད་པ་བཅས་ཀྱིས། སྲིད་ཇུས་དངོས་འབེབས་ཡོང་བར་དངོས་གནས་དམ་འཛིན་བྱེད་པ་དང་། རྣམ་པ་སྣ་ཚོགས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྩ་བ་ནས་གཏན་འགོག་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པར་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་འཛིན་དགོས།

གཉིས་པ་ནི་འགག་སྒྲོལ་དམག་འཐབ་ཆེན་མོ་གསུམ་ལེགས་པར་རྒྱག་དགོས།

ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་དུས་ལྟར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱས་ཏེ། དམག་ཤུགས་གཅིག་བསྡུ་བྱས་ཏེ་དབུལ་ནག་ཚར་གཅོད་དམག་འཐབ་ལེགས་པར་རྒྱག་དགོས་པ་དང་། སྲིད་ཇུས་དང་མ་དངུལ་གཙོ་བོ“ཆུས་གསུམ་ཁུལ་གསུམ”གྱི་དབུལ་ནག་ས་ཁུལ་ལ་ཕྱོགས་ཏེ། ཐོན་ལས་དབུལ་སྐྱོར་དང་། དབུལ་སྐྱོར་གནས་སྤོར་གྱི་བྱེད་ཐབས་དངོས་འབེབས་བྱེད་པ་དང་། དབུལ་ཕོངས་མི་འབོར་དབུལ་པོ་ལས་ཐར་བའི་འགག་སྒོ་དམ་སྲུང་བྱས་ཏེ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། རྐྱེན་སྲོལ་བཙུགས་ཏེ་ཡང་བསྐྱར་དབུལ་པོར་གྱུར་པའི་མི་གྲངས་དང་གསར་བྱུང་དབུལ་ཕོངས་མི་གྲངས་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་བྱ་བ་དུས་ལྟར་ལེགས་སྒྲུབ་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལེགས་པར་རྒྱག་དགོས་ན། ཁ་ཕྱོགས་མི་འགྱུར་བ་རྒྱུན་འཁྱོངས་དང་། ཤུགས་ཚད་ཇེ་ཉུང་དུ་མི་གཏོང་བ། གནད་འཁེལ་བཙོག་བཅོས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཙོག་བཅོས་བྱེད་པ། ཁྲིམས་ལྟར་བཙོག་བཅོས་བྱེད་པ་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཡོང་བར་སྐུལ་སྤེལ་བྱེད་དགོས། ནམ་མཁའ་གཡའ་དག་ཅིང་ཆུ་བོ་གཙང་ཞིང་དྭངས་པ། ས་གཞི་རྡུལ་དག་པ་ཡོང་བར་སྲུང་སྐྱོབ་བྱེད་པའི་དམག་འཁྲུག་གཙོ་གནད་དུ་བཟུང་ནས་ལེགས་པར་རྒྱག་དགོས་པ་དང་། འབྲེལ་ཡོད་བཅོས་སྐྱོང་གི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། མགོ་ཁུངས་ནས་འགོག་པ་དང་ཚོད་འཛིན་བྱེད་པ་དམ་འཛིན་བྱེད་དགོས། རང་རྒྱལ་གྱི་དངུལ་རྩའི་མ་ལག་གི་སྤྱི་ཁོག་སྐྱོན་དང་བྲལ་བས། ཉེན་ཁ་སྣ་ཚོགས་མེད་པར་གཏོང་བའི་ནུས་པ་ལྡན། སྤྱི་ཁོག་འདེགས་སྐྱོར་བྱེད་ཚད་ཕལ་ཆེར་གཏན་འཇགས་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་སོ་སོའི་འགན་འཁྲི་དངོས་གནོན་བྱེད་དགོས།

གསུམ་པ་ནི་དམངས་འཚོ་དང་ལྷག་པར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་དང་ལེགས་བཅོས་ཐོབ་པར་ཁག་ཐེག་བྱེད་དགོས།

སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱས་ཏེ་གཞི་རྩར་ཁག་ཐེག་བྱེད་པ་དང་། ཡོངས་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐིལ་རྟོལ་རང་བཞིན་བཅས་ལ་དོ་སྣང་བྱས་ཏེ། གནད་འགག་གི་དུས་དང་། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ལེགས་པོ་བྱེད་དགོས། ལས་ཞུགས་ཀྱི་སྤྱི་གྲངས་གཏན་འཇགས་སུ་གཏོང་བ་དང་། ལས་ཞུགས་ཀྱི་གྲུབ་ཚུལ་ལེགས་བཅོས་བྱེད་པ། ལས་ཞུགས་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་དགོས་པ་དང་། གཙོ་གནད་མང་ཚོགས་ཀྱི་ལས་ཞུགས་བྱ་བ་མངོན་གསལ་དོད་པོའི་ངང་དམ་འཛིན་བྱས་ཏེ། ཁྱིམ་ཚང་གི་མི་གཅིག་ཀྱང་ལས་ཞུགས་བྱས་མེད་པའི་གནས་ཚུལ་མེད་པར་བཟོ་བ་ཁག་ཐེག་ནན་ཏན་བྱེད་དགོས། དམངས་འཚོའི་མི་འདང་ས་གང་མགྱོགས་ཀྱིས་ཁ་གསབ་བྱས་ཏེ། གྲོང་ཁྱེར་ཞོར་ལས་པའི་བྱིས་པའི་སློབ་ཞུགས་ཀྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་དགོས། གཞི་རྩའི་འཚོ་བའི་ཚད་ཐིག་བསྲུངས་ནས། རྒན་གསོ་མ་དངུལ་དུས་ལྟར་དང་ཚད་ལོངས་པ་སྟེར་ཐུབ་པར་ཁག་ཐེག་བྱེད་དགོས། རྒན་གསོ་ཉེན་འགོག་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་ཐུབ་པར་གང་མགྱོགས་ཀྱིས་སྐུལ་སྤེལ་བྱེད་དགོས། ཚོང་རའི་མཁོ་འདོན་གྱི་སྟབས་བསྟུན་རང་བཞིན་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ། སྨན་བཅོས་དང་རྒན་གསོ་སོགས་དམངས་འཚོའི་ཞབས་ཞུའི་ཁོངས་གཏོགས་ལ་ཚོང་རའི་རང་བཞིན་གྱི་བཅོས་བསྒྱུར་དང་ཕྱི་ཕྱོགས་དང་ནང་ཕྱོགས་ལ་སྒོ་འབྱེད་པ་གཏིང་ཟབ་ཏུ་གཏོང་དགོས། རིམ་པ་མང་བ་དང་སྣ་མང་ཅན་གྱི་མཁོ་འདོན་ནུས་པ་ཇེ་དྲག་ཏུ་བཏང་སྟེ། སྔར་ལས་བཟང་བའི་སྒོ་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས། གྲོང་ཁྱེར་གྱི་དཀའ་ངལ་ལྡན་པའི་མང་ཚོགས་ཀྱི་སྡོད་ཁང་འགན་སྲུང་བྱ་བ་ཇེ་ཆེར་བཏང་སྟེ། གྲོང་ཁྱེར་གསར་སྒྱུར་དང་སྡོད་ཁང་ཉར་ཚད་ཀྱི་བསྒྱུར་བཀོད་མཐོར་འདེགས་སུ་གཏོང་བར་ཤུགས་སྣོན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་བསྒྱུར་བཀོད་བྱེད་པ་ལེགས་སྒྲུབ་བྱས་ཏེ། ཁང་པ་བོགས་མར་གཏོང་བ་ནུས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་དགོས། ཁང་པ་ནི་མི་སྡོད་ས་ཡིན་པ་ལས། ཁེ་སྤོགས་འཚོལ་བྱེད་མིན་པའི་གནས་ཐིག་གཏན་འཁེལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གྲོང་ཁྱེར་ལ་བསྟུན་ནས་སྲིད་ཇུས་འདོན་པ་དང་། ས་རིན་གཏན་འཇགས་གཏོང་བ། ཁང་རིན་གཏན་འཇགས་གཏོང་བ། སྔོན་དཔག་གཏན་འཇགས་གཏོང་བ་བཅས་ཀྱི་ཡུན་ཕན་དོ་དམ་གྱི་ཚོད་འཛིན་ནང་རྐྱེན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ས་ཁང་བདག་ཁོངས་ཚོང་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བར་སྐུལ་སྤེལ་བྱེད་དགོས།

བཞི་པ་ནི་མུ་མཐུད་དུ་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་བརླིང་དང་སྐྱོན་བྲལ་གྱི་དངུལ་ལོའི་སྲིད་ཇུས་ལག་བསྟར་བྱེད་དགོས།

དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལ་ནུས་ཤུགས་ཆེན་པོས་སྤུས་འདེགས་ནུས་སྣོན་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་དོ་སྣང་བྱས་ཏེ། སྤྱིར་བཏང་གི་འགྲོ་སོང་ཇེ་ཉུང་དུ་བཏང་ནས། ཁྱབ་ཁོངས་གཙོ་བོའི་འགན་སྲུང་བྱ་བ་ལེགས་སྒྲུབ་བྱེད་དགོས་པ་དང་། གཞི་རིམ་གྱི་གླ་ཕོགས་ལ་འགན་སྲུང་བྱེད་པ་དང་། འཁོར་རྒྱུག་ལ་འགན་སྲུང་བྱེད་པ། གཞི་རྩའི་དམངས་འཚོ་ལ་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱེད་དགོས། བརྟན་བརླིང་དང་སྐྱོན་བྲལ་གྱི་དངུལ་ལོའི་སྲིད་ཇུས་སྟབས་བསྟུན་ཚད་མཐུན་ཡིན་དགོས། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ཚོད་ཡོང་བ་རྒྱུན་སྐྱོང་བྱས་ཏེ། དངུལ་ལོར་ཡིད་རྟོན་དངུལ་བུན་དང་། སྤྱི་ཚོགས་ཀྱི་དངུལ་བསྲེའི་གཞི་ཁྱོན་འཕར་བ་དེ་དཔལ་འབྱོར་འཕེལ་རྒྱས་དང་འཕྲོད་མཐུན་ཡོང་བ་བྱས་ཏེ། སྤྱི་ཚོགས་དངུལ་བསྲེའི་མ་གནས་ཇེ་དམའ་རུ་གཏོང་དགོས། དངུལ་རྩའི་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་སྤེལ་རྐྱེན་སྲོལ་བཀག་མེད་བཟོ་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་དུས་རིམ་ཐུང་འབྲིང་གི་དངུལ་བསྲེ་ཇེ་མང་དུ་གཏོང་བ། སྔར་ལས་བཟང་བའི་སྒོ་ནས་དམངས་གཉེར་དང་ཁེ་ལས་ཆུང་འབྲིང་གིས་དངུལ་བསྲེ་དཀའ་བ་དང་དངུལ་བསྲེ་བར་རིན་དོད་མཐོ་བའི་གནད་དོན་ཞི་འཇགས་སུ་གཏོང་དགོས། ནོར་སྲིད་ཀྱི་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་དེ་འཛད་སྤྱོད་དང་དངུལ་གཏོང་། ལས་ཞུགས། ཐོན་ལས། ས་ཁོངས་བཅས་ཀྱི་སྲིད་ཇུས་དང་མཉམ་ཤུགས་ཆགས་སུ་བཅུག་ནས། མ་དངུལ་དེ་མཁོ་འདོན་གཉིས་སུ་ཕན་ཆ་ཡོད་པ་དང་། ལྡབ་འགྱུར་གྱི་ཕན་འབྲས་ཡོད་པའི་སྔོན་ཐོན་གྱི་བཟོ་སྐྲུན་དང་། དམངས་འཚོའི་འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད་བྱས་པ་མི་འདང་བ་བཅས་ཀྱི་ཁྱབ་ཁོངས་སུ་གཏོང་བར་ཁྲིད་སྟོན་བྱས་ཏེ། ཐོན་ལས་དང་འཛད་སྤྱོད་གཉིས་ཀ་འཕར་བར་སྐུལ་སྤེལ་བྱེད་དགོས། གཞི་ཁྱོན་ཆེན་པོའི་ཚོང་རའི་དགེ་མཚན་སྔོག་འདོན་གང་ལེགས་བྱས་ཏེ། འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་དང་དངུལ་གཏོང་གི་གནད་འགག་ནུས་པ་འདོན་སྤེལ་བྱེད་དགོས།

ལྔ་པ་ནི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཅི་ཐུབ་བྱེད་དགོས།

སྲ་བརྟན་དང་། ཤུགས་ཆེར་འགྲོ་བ། རིམ་སྤར། ཤར་བགྲོད་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྒུལ་བྱེད་གསར་གཏོད་དང་བཅོས་བསྒྱུར་སྒོ་འབྱེད་གཉིས་འཁོར་རྟེན་བྱས་པའི་ཁར། དཔལ་འབྱོར་ཧྲིལ་པོའི་འགྲན་རྩོད་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཞིང་ལས་ཐོན་སྐྱེད་ཀྱི་མཁོ་སྤྲོད་ལ་འགན་སྲུང་བྱ་རྒྱུར་ནན་འཛིན་བྱས་ཏེ། ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་པའི་ཡོང་འཕར་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས། ཕག་གི་ཐོན་སྐྱེད་སླར་གསོ་ཇེ་མགྱོགས་སུ་བཏང་ནས། མཁོ་འདོན་འགན་སྲུང་རིན་གོང་བརྟན་པོ་ཡོང་ཐུབ་པ་བྱེད་དགོས། ཚན་རྩལ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཚན་རྩལ་གྲུབ་འབྲས་རྣམས་བེད་སྤྱོད་དུ་བསྒྱུར་བ་མགྱོགས་པོར་གཏོང་བ། ཁེ་ལས་ལག་རྩལ་གསར་སྐྲུན་གྱི་ནུས་པ་མགྱོགས་མྱུར་ངང་ཇེ་མཐོར་གཏོང་བ། རྒྱལ་དབང་ཁེ་ལས་ཀྱིས་ལག་རྩལ་གསར་སྐྲུན་གྱི་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས། རྨང་གཞིའི་ཞིབ་འཇུག་དང་གདོད་མའི་གསར་སྐྲུན་གྱི་སྒྲིག་གཞི་ནང་རྐྱེན་འཐུས་ཚང་འཛུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་ལ། ཚན་རྩལ་འཇོན་མི་གསར་རྙེད་དང་སྐྱེད་སྲིང་། སྐུལ་ལྕག་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། སྒྲིག་ཆས་གསར་བསྒྱུར་དང་ལག་རྩལ་བཅོས་བསྒྱུར་གྱི་བཀོལ་རྒྱ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ལེགས་བསྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲལ་འཕྲི་རིན་ཕབ་ཀྱི་སྲིད་ཇུས་དངོས་འབེབས་བྱས་ནས། ཁེ་ལས་ཀྱི་གློག་བཀོལ་བ་དང་འབར་རླངས་བཀོལ་བ། ཟོང་དབོར་སོགས་ཀྱི་མ་རྩ་ཇེ་དམའ་རུ་གཏོང་བ་དང་། “འཁོར་རྒྱུག་བྱེད་ཐུབ་ཀྱིན་མེད་པའི་ཁེ་ལས”ཐག་གཅོད་གོ་རིམ་དང་ལྡན་པར་སྤེལ་དགོས། སྒྲིག་གཞིའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ལྡན་པའི་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཚོགས་པ་སྐོར་ཞིག་གསར་འཛུགས་བྱེད་པ་དང་། ཐོན་ལས་ཀྱི་རྨང་གཞི་ནུས་པ་དང་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་འདེགས་དགོས། ཤུགས་ཆེན་པོས་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། སྔར་ལས་མང་བའི་ཚོང་རའི་རྐྱེན་སྲོལ་དང་དེང་རབས་ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ནས་ཆེད་ལས་ཅན་དང་རིན་ཐང་སྦྲེལ་ཐག་གི་རྩེར་སོན་ཕྱོགས་ལ་བསྲིང་བར་སྐུལ་འདེད་གཏོང་བ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ནས་སྤུས་ཀ་མཐོན་པོ་དང་སྣ་མང་ཅན་གྱི་ཕྱོགས་ལ་རིམ་སྤར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། “རྒན་གཅིག་ཆུང་གཅིག”གི་གནད་དོན་ལེགས་པར་ཐག་གཅོད་པ་གཙིགས་སུ་བཟུང་ནས། རྒན་གསོ་ཞབས་ཞུ་མ་ལག་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་ནས་ཀུན་ཕན་བཅོལ་གསོ་ཞབས་ཞུ་གོང་འཕེལ་གཏོང་དགོས་ལ། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཏེ། ལུས་རྩལ་བདེ་ཐང་སྦྱོང་བརྡར་ཐོན་ལས་ཚོང་ར་ཅན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ཡུན་རིང་གོང་འཕེལ་ལ་བསམ་བློ་གཏོང་བ་དང་། འཐབ་ཇུས་རང་བཞིན་དང་དྲ་རྒྱའི་རྣམ་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་སོགས་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། བརྡ་འཕྲིན་དྲ་རྒྱའི་འཛུགས་སྐྲུན་གོམ་པ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་ཤིང་། མགྱོགས་མྱུར་གྱིས་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་བཟོ་འགོད་གལ་ཆེན་ལག་བསྟར་བྱེད་དགོས་ལ། གྲོང་ཁྱེར་དོ་དམ་དྲ་བ་དང་གྲོང་ཁྱེར་གྱི་རླངས་འཁོར་འཇོག་ས། འཁྱག་ཟས་ཟོང་སྐྱེལ་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། ཞིང་སྡེའི་གཞུང་ལམ་དང་ཆ་འཕྲིན། ཆུ་བེད་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ས་ཁོངས་འཕེལ་རྒྱས་འཐབ་ཇུས་མགྱོགས་མྱུར་གྱིས་དོན་འཁྱོལ་བྱས་ཏེ། ས་ཁོངས་སྲིད་ཇུས་དང་བར་སྟོང་བཀོད་སྒྲིག་བྱེད་ཚུལ་འཐུས་ཚང་ཡོང་བ་བྱེད་པ་དང་། ས་གནས་སོ་སོའི་ལེགས་ཆ་འདོན་སྤེལ་བྱེད་པ། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པའི་འབྱུང་གནས་འཛུགས་པ། པེ་ཅིན་དང་ཐེན་ཅིན་དང་ཧོ་པེ་བཅས་ས་ཁུལ་མཐུན་སྦྱོར་འཕེལ་རྒྱས་དང་འབྲི་ཆུ་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས། ཀོང་ཏུང་དང་ཞང་ཀང་དང་ཨའོ་མོན་བཅས་མཚོ་ཁུག་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། འཛམ་གླིང་རིམ་པའི་སྟེགས་བུ་གསར་པ་དང་འཕར་སྣེ་འཛུགས་སྐྲུན་བྱེད་དགོས། ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ས་རྒྱུད་ཀྱི་མཉམ་འཛིན་སྲུང་སྐྱོབ་ཆེན་མོའི་བྱེད་ཐབས་དངོས་འབེབས་བྱེད་པ་དང་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཅི་ཐུབ་བྱེད་དགོས། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཕྱོགས་བསྡུས་ཐེག་འཁུར་ནུས་པ་སྔར་ལས་ཇེ་མཐོར་གཏོང་དགོས།

དྲུག་པ་ནི་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས།

ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་དགོས། རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་ནས། རྒྱལ་དབང་མ་རྩ་ཁྱབ་ཚུལ་ལེགས་སྒྱུར་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། ཐོན་དབང་ལམ་ལུགས་འཐུས་ཚང་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་འཐུས་ཚང་འཛུགས་པ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་མ་ལག་འཐུས་ཚང་འཛུགས་དགོས། ས་ཞིང་འཆར་གཞི་དོ་དམ་བྱེད་སྟངས་བཅོས་བསྒྱུར་བྱེད་པ་དང་། ནོར་ཁྲལ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། དངུལ་རྩའི་སྒྲིག་གཞི་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་ནས། མ་རྩ་ཚོང་རའི་རྨང་གཞི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཚོང་རར་འདོན་པའི་སྤུས་ཀ་མཐོ་རུ་འདེགས་པ། ཕྱིར་འཐེན་རྐྱེན་སྲོལ་འཐུས་ཚང་འཛུགས་དགོས། ལས་སྐྲུན་དཔེ་གཞི་དང་དཔེ་གཞི་གསར་པ་བཅོས་བསྒྱུར་བྱེད་པར་བརྟན་བརླིང་གིས་སྐུལ་འདེད་གཏོང་བ་དང་། དངུལ་ཁང་འབྲིང་ཆུང་གིས་གཙོ་འགན་གཙོ་ལས་ལ་དམིགས་པར་སྐུལ་འདེད་གཏོང་བ། ཞིང་སྡེའི་ཡིད་རྟོན་ཁང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཉེན་འགོག་འགན་ལེན་ཀུང་སི་དེ་འགན་སྲུང་བྱེད་ནུས་སུ་འགྱུར་བར་ཁྲིད་སྟོན་བྱེད་དགོས། ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་ནས་ཁྱབ་རྒྱ་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་ལས་ཡངས་པ། རིམ་པ་དེ་ལས་ཟབ་པ་བཅས་ཀྱི་ཕྱོགས་སུ་འགྲོ་བ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་རྩ་འཇོག་པ་ལ་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མུ་མཐུད་དུ་ཕྱི་རྒྱལ་ཚོང་པའི་མ་རྩ་འཇོག་པའི་ལྡོག་ཕྱོགས་ཞིབ་ཐོ་ཉུང་དུ་བྲི་དགོས། ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ཁྲོད་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་བཏང་ནས། ཁེ་ལས་ཀྱིས་སྣ་མང་ཅན་གྱི་ཕྱི་གཏོང་ཚོང་ར་གསར་གཏོང་བྱེད་པར་ཁྲིད་སྟོན་བྱེད་དགོས། སྒོ་ཁྲལ་གྱི་སྤྱིའི་ཆུ་ཚད་དམའ་རུ་ཕབ་དགོས། རང་མོས་ཚོང་རའི་ཚོད་ལྟ་ཁུལ་གྱི་བཅོས་བསྒྱུར་སྒོ་འབྱེད་ཚོད་ལྟའི་ཞིང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས། ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་།“རྒྱུད་གཅིག་ལམ་གཅིག”གི་དངུལ་གཏོང་སྲིད་ཇུས་དང་ཞབས་ཞུ་མ་ལག་འཐུས་ཚང་འཛུགས་དགོས། རང་འགུལ་གྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་འཕོ་འགྱུར་ནང་ཞུགས་ནས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་ལ་ཧུར་ཐག་གིས་ཞུགས་པ་དང་། ཕྱོགས་མང་ཕྱོགས་གཉིས་ཀྱི་རང་མོས་ཉོ་ཚོང་གྲོས་མཐུན་གླེང་མོལ་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད”དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པ་ནི་ཉིས་སྟོང་ཉི་ཤུ་ལོའི་ཏང་ཡོངས་ཀྱི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་མང་ཙམ་བྱེད་དགོས་ལ། ཏང་གིས་དཔལ་འབྱོར་བྱ་བར་མགོ་ཁྲིད་གནང་བའི་ལམ་ལུགས་ཀྱི་ལེགས་ཆའི་བཅོས་སྐྱོང་ཕན་ནུས་ལ་དངོས་གནས་བརྗེ་བསྒྱུར་བྱེད་དགོས།

གྲོས་ཚོགས་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་པ་དང་། བློ་ཐག་རྦད་ཆོད་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེན་རྒྱལ་ཁ་ལེན་དགོས་པའི་འབོད་སྐུལ་བཏོན།

                                                                                                                               རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།