ཏང་གིས་དཔལ་འབྱོར་བྱ་བའི་གྲོས་ཚོགས་ལ་འགོ་ཁྲིད་པའི་ལམ་ལུགས་ཁྱད་སྟོབས་ཏེ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་དགོས།
2019.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

—ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

ཏང་གིས་དཔལ་འབྱོར་བྱ་བར་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་ཆེན་པོ་ཞིག་ཡིན། ཏང་གིས་ཁྱོན་ཡོངས་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན།

ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང 2020 ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས་ཡོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་འབེན་ལས་འགན་ནི་སང་ལོའི་ཏང་ཡོངས་ཀྱི་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་ནན་བཤད་བྱས་ཤིང་། ས་ཁུལ་ཁག་དང་སྡེ་ཁག་སོ་སོའི་ནན་ཏན་སྒོས་ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ཁྱད་སྟོབས་ཏེ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་ནས། ང་ཚོས་སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་པ་དང་། དུས་བཅད་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་ཐུབ་པར་ཁག་ཐེག  འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བཅས་བྱེད་དགོས་པའི་བླང་བྱ་གསལ་བོར་བཏོན་ཡོད།

ད་ལོ་ནས་བཟུང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁའི་འགྲན་སློང་མངོན་གསལ་སྒོས་ཆེ་རུ་འགྲོ་བའི་རྙོག་འཛིང་ཆེ་བའི་དུས་བབས་ཀྱི་མདུན་དུ། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པའི་གཞི་རྩ་ནི་ང་ཚོས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན། བརྟན་བརླིང་ཡར་བརྩོན་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བཅས་བྱས་པས་རེད།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་ལ། ང་ཚོས་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་བྱུང་བའི“ངོ་མཚར་ཆེན་པོ་གཉིས”ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་ཡིན་པ་དང་། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་ཆེན་པོ་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།  ད་ལྟའི་ཀྲུང་གོའི་དཔལ་འབྱོར་ནི་གྲུ་གཟིངས་ཆེན་པོ་ཞིག་དང་འདྲ་བར་བོངས་ཚད་ཇི་འདྲ་ཆེ་ན་རླུང་རླབས་དེ་འདྲ་ཆེ་ལ། ཁ་ལོ་བའི་སྣེ་ཁྲིད་དེ་བས་ཀྱང་གལ་ཆེ་བ་ཞིག་རེད།  དུས་བབས་རྙོག་འཛིང་ཆེ་བ་དང་འགྲན་སློང་ཛ་དྲག་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ཁྱད་སྟོབས་ཏེ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་ནས། དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པ་དང་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱ་ཆེད་རྩ་བའི་ཁག་ཐེག་བྱེད་དགོས།

ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ཁྱད་སྟོབས་ཏེ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་དགོས་ན། དངོས་འབེབ་བྱེད་པའི་ཐད་ལ་ཤུགས་རྒྱག་དགོས། ཏང་གི་འགོ་ཁྲིད་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་འགོ་ཁྲིད་ལམ་ལུགས་ཡིན་ཞིང་། ང་ཚོས་ཕྱོགས་གང་ཅིའི་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལས་དོན་སྣ་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་གང་ཅིའི་ཐད་ཀྱི་བྱ་བར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་པ་བཅས་ཚང་མར་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གིས་ཁྱོན་ཡོངས་འཛིན་སྐྱོང་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་རྩ་བའི་བླང་བྱ་རང་རྟོགས་ཀྱིས་ལག་བསྟར་མཐའ་འཁྱོངས་བྱེད་དགོས།   ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་ནས། ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ཁྱད་སྟོབས་སྔར་བས་འདོན་སྤེལ་གང་ལེགས་བྱེད་དགོས།“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཡིད་ཆེས་བརྟན་པོ་དང་འགན་འཁྲི་འཁུར་ཕོད་པར་སྐུལ་མ་བྱེད་དགོས། འགན་འཁུར་ཕོད་པའི་སྐུལ་ལྕག་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དངོས་གནས་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས།

ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ཁྱད་སྟོབས་ཏེ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་དགོས་ན་སྤོ་སྒྱུར་ཐད་ལ་ཤུགས་རྒྱག་དགོས། ཏང་གིས་དཔལ་འབྱོར་བྱ་བའི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་ནི་བྱ་བ་མཐའ་དག་ཚབ་སྒྲུབ་བྱེད་པ་ཞིག་མིན་པར། དོན་ཆེན་ལ་དོ་དམ་དང་དོན་ཆེན་ལ་གྲོས་བསྡུར། ཁ་ཕྱོགས་དམ་འཛིན་དང་ཁྱོན་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་པ་དེ་ཡིན། ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་སྟངས་དང་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་བསྣན་ནས། སྲིད་ཇུས་གལ་ཆེན་འདོན་པ་དང་ལེགས་སྒྲིག་བྱེད་པར་ཕྱོགས་བསྡུས་དཔྱད་འཇོག་བྱས་ཏེ། “འཕྲལ་བསྟུན་འཕྲལ་སྒྲུབ”དང“གཅིག་གཅོད”བྱེད་མི་རུང་།  མ་ལག་སྨྲ་བ་ནས་འགོ་བརྩམས་ཏེ་དཔལ་འབྱོར་བཅོས་སྐྱོང་བྱེད་སྟངས་ལེགས་སྒྱུར་བྱེད་པ་དང་། སྡེ་ཁག་མི་འདྲ་བ་དང་སྲིད་ཇུས་མི་འདྲ་བས་རྒྱལ་ཁབ་ཀྱི་དཔལ་འབྱོར་བཅོས་སྐྱོང་མ་ལག་ཁྲོད་ཀྱི་གནས་ཐིག་དང་ནུས་པ་མཐུན་སྦྱོར་བྱེད་པ། ཁྱོན་ཡོངས་ཀྱི་འདུ་ཤེས་ལ་ཤུགས་སྣོན་པ་དང་གཅིག་བཟུང་གཅིག་ཤོར་སྔོན་འགོག་བྱེད་པ། དམིགས་འབེན་མང་བོའི་ཁྲོད་འགུལ་རྣམ་དོ་མཉམ་གྱི་རྣམ་པ་འཚོལ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མ་ལག་ལེགས་སྒྱུར་བྱེད་པ་བཅས་བྱེད་དགོས། སྤྱི་ཁོག་སྙོམས་སྒྲིག་གི་མདུན་ལྗོངས་རང་བཞིན་དང་དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་མཐོ་རུ་གཏོང་བ་དང་། སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཚན་རིག་དང་མཐུན་ཞིང་གཟབ་བརླིང་བརྟན་གསུམ་གྱི་སྒོ་ནས་ཁོང་དུ་ཆུད་པ། ཕྱི་རོལ་གྱི་གནོན་ཤུགས་དེ་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་བའི་སྒུལ་ཤུགས་ཆེན་པོར་སྒྱུར་མཁས་བ་བཅས་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས།

སྔར་ལས་གཟི་བརྗིད་ལྡན་པའི་འགན་འཁྲི་དང་སྔར་ལས་དཀའ་ཚེགས་ཆེ་བའི་ལས་འགན་མདུན་དུ་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལག་བསྟར་བྱེད་པ། རྩོད་སྒྲུབ་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། སེམས་མཐུན་ཤུགས་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གྲུབ་འབྲས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཕེལ་རྒྱས་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།