ཡུལ་ཤུལ་ཏུ་ཚང་འཛོམས་གྲོས་ཚོགས་ཀྱི་སྒྲོག་འགྲེལ་པས་མི་སེམས་དྲོ་བར་བྱས།
2019.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉིན་ཤས་རིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་དོན་དངོས་ལ་རྐང་འཛུགས་པ་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ནུས་པར་སྐུལ་སློང་བྱས་ནས།   སྒྲོག་འགྲེལ་བྱ་བ་དེ་རྩ་འཛུགས་ཀྱི་འཚོ་བ་དང་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་དང་འདྲེས་པར་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མི་སེམས་ལ་སིམས་ཤིང་ཁྱིམ་ཚང་རེ་རེར་ཁྱབ་པར་བྱས།

ཁུལ་ཡོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཏང་གི་སློབ་ཁྲིད་ལ་ཉན་པ་དང་སེམས་ཚོར་བརྗོད་རེས་བྱས་པ་བརྒྱུད།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་དམ་པོར་དམིགས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་སློབ་སྦྱོང་བྱས་པའི་གནས་ཚུལ་དང་དོན་དངོས་ཀྱི་བྱ་བ་གཉིས་ཟུང་འབྲེལ་བྱས་ཏེ།  ཏང་གི་མགོ་ཁྲིད་ལ་ཇི་ལྟར་ཤུགས་སྣོན་རྒྱག་པ་དང་ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཁག་ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་དང་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་བྱེད་ཐུབ་པར་ཁག་ཐེག་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པར་མ་ལག་རང་བཞིན་ལྡན་པའི་སྒོ་ནས་སྒྲོག་འགྲེལ་བྱས་ཏེ། ཚངས་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཇི་མ་ཇི་བཞིན་གཞི་རིམ་དུ་ལག་བསྟར་བྱེད་པའི་གཞི་འཛིན་ས་འདོན་སྤྲོད་བྱས་པས། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་དམངས་ཀྱི་སེམས་ཁྲལ་སེལ་མཁན་གྱི་དཔེ་མཚོན་མི་སྣ་མང་པོ་ཞིག་ཁུལ་དེའི་གཞི་རིམ་གྱི་ཏང་རྩ་འཛུགས་བརྒྱད་བརྒྱ་དང་གྱ་གཉིས་ཀྱི་ཁྲོད་དུ་རྒྱུན་ཆད་མེད་པར་བྱུང་བ་རེད།

རྟ་ཐོག་སྒྲོག་འགྲེལ་ཚོགས་པ་དང་རྒན་པའི་རིག་རྩལ་རུ་ཁག མང་ཚོགས་སྒྲོག་འགྲེལ་ཚོགས་པ། ཅུའུ་ཀྲང་སྒྲོག་འགྲེལ་ཚོགས་པ། གེ་སར་སྒྱུ་རྩལ་པའི་སྒྲོག་འགྲེལ་ཚོགས་པ་སོགས་གཞུང་ལུགས་སྒྲོག་འགྲེལ་རུ་ཁག་སྒྲིག་འཛུགས་བྱས་ནས་ཁོ་ཚོ་གཞི་རིམ་གྱི་ལས་རྐང་དང་པོར་བསྐྱོད་དེ།  ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཉན་སྤྲོ་ཞིང་གོ་བདེ་བའི་སྒོ་ནས་ཏང་གི་སྲིད་ཇུས་མི་དམངས་མང་ཚོགས་ཀྱི་སེམས་སུ་གསལ་བོར་བསྒྲགས།

རོང་འབྲོག་ས་ཁུལ་གྱི་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་དོན་དངོས་གནས་ཚུལ་ལ་དམིགས་ཏེ། བརྗོད་དོན་གཙོ་བོའི་འགྲེམས་པང་རྣམ་པའི་ཐོག་ནས་བོད་ཡིག་གི་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་འགྲེམས་སྤེལ་བྱས་ནས། སྟབས་བདེ་བ་དང་གོ་བདེ་བའི་ངང་ཏང་གི་ལོ་རྒྱུས་ཀྱི་གྲུབ་འབྲས་དེ་རོང་འབྲོག་པའི་ཏང་ཡོན་དང་མང་ཚོགས་ཀྱི་སེམས་ལ་གསལ་བོར་ངེས་པར་བྱས་པ་དང་།  སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཀྱིས་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་དཀའ་སྡུག་དང་ཀྱག་ཀྱོག་གི་མདུན་སྐྱོད། འོད་སྟོང་འབར་བའི་ལོ་ཟླ་བཅས་ལ་ཕྱིར་དྲན་བྱས་པས་རོང་འབྲོག་མང་ཚོགས་རྣམས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཐོག་མའི་བསམ་འདུན་སྲུང་བ། འགན་འཁྲི་འཁུར་བ་བཅས་ཀྱི་རང་རྟོགས་རང་བཞིན་ལ་སྐུལ་སློང་བྱས། མིག་སྔར་ཡུལ་ཤུལ་ཁུལ་ཡོངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐེངས་བརྒྱ་དང་གོ་གཉིས་ཙམ་ལ་སྒྲོག་འགྲེལ་བྱས་ནས་མང་ཚོགས་ཁྲི་གཅིག་དང་སྟོང་དྲུག་ལྷག་ལ་ཞབས་འདེགས་ཞུས་ཡོད།

                                                                         ལོ་ཙཱ་བ། གཡང་འབུམ་རྒྱལ།