ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་པེ་ཅིན་དུ་འཚོགས།
2019.12.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཚེས20ཉིན་ནས་ཚེས21ཉིན་བར་པེ་ཅིན་དུ་འཚོགས་པ་དང་།   གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་།   ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་།   གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཤིང་།   ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ།   མིག་སྔའི“ཞིང་གསུམ”བྱ་བའི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པར་མ་ཟད།   འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དང་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པར་དམིགས་ནས2020ལོའི“ཞིང་གསུམ”བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ།   རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཆེད་དུ“ཞིང་གསུམ”བྱ་བར་ཞིབ་འཇུག་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།   ཞི་ཅིན་ཕེན་གྱིས་བསྟན་དོན། འབྱོར་འབྲིང་ཡིན་མིན་གྱི་གནད་འགག་ནི་མང་ཚོགས་ལ་ཐུག་ཡོད།   དབུལ་ཐར་གྱི་སྤུས་ཚད་དང་འབྱོར་འབྲིང་དུ་སླེབས་ཚད་ཅི་འདྲ་ཡིན་པ་དེ་ཚད་ཆེན་པོའི་སྟེང་ནས་སང་ལོའི“ཞིང་གསུམ”བྱ་བའི་གྲུབ་འབྲས་ལ་བལྟ་དགོས།   དབུལ་ཐར་འགག་སྒྲོལ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་པ་དང་།   རྒྱལ་ཁ་མ་ཐོབ་ན་དམག་འཐབ་ཀྱི་མཚམས་གཏན་ནས་འཇོག་མི་རུང་།   ཐོན་ཁུངས་གཅིག་བསྡུས་དང་འགན་སྲུང་ཇེ་དྲག་ཏུ་གཏོང་བ།   སྲིད་ཇུས་གནད་ལ་འཁེལ་བ་བཅས་བྱས་ནས།“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས།   སྡེ་ཁག་དང་ས་གནས་སྲིད་གཞུང་གི་འགན་འཁྲི་དངོས་གནོན་བྱས་ཏེ།   ཞིང་པས་ཞིང་འདེབས་པའི་བརྩོན་སེམས་སྲུང་སྐྱོབ་བཟང་པོ་བྱེད་པ་དང་།   ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། “ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཡི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།   ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ།   མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་ཀྱིས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་བྱ་བ་གཙོ་བོ་དམ་འཛིན་བྱས་ནས་དུས་བཅད་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་སྐོར་གྱི་གྲོས་གཞི》ལ་གྲོས་བསྡུར་བྱས།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

གྲོས་ཚོགས་ཀྱིས་བསྟན་དོན།   སང་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མཇུག་བསྡུ་བའི་ལོ་ཡིན་པས།   ངེས་པར་དུ་སང་ལོའི“ཞིང་གསུམ”བྱ་བའི་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།   ཚད་གཞི་དང་རེའུ་མིག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱེད་པ།   བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། ལག་བསྟར་དམ་འཛིན་བྱེད་པ་བཅས་ཀྱིས།   དུས་བཅད་ལྟར་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་མཐའ་གཅིག་ཏུ་འགྲུབ་པར་བྱེད་པ་དང་།   ཁྱོན་ཡོངས་འབྱོར་འབྲིང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་སར་མཐའ་གཅིག་ཏུ་ཁ་གསབ་བྱས་ཏེ།“ཞིང་གསུམ”གྱི་རྨང་རྡོ་ལེགས་པར་འདིང་བར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན།   དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས།   ངར་ཤུགས་སློང་བ་དང་བབ་བསྟུན་མདུན་སྐྱོད་བྱས་ནས།   སྟོབས་ཤུགས་གཅིག་བསྡུས་སྒོས་ལྷག་མའི་དབུལ་ཐར་ལས་འགན་ཡོངས་འགྲུབ་བྱེད་དགོས།   དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱིར་དབུལ་པོར་འགྱུར་བ་གཏན་འགོག་བྱེད་པ་དང་།   དུས་ཐོག་ཏུ་ཕྱིར་དབུལ་པོར་གྱུར་པའི་མི་འབོར་དང་གསར་བྱུང་དབུལ་པོར་རོགས་སྐྱོར་བཟང་པོ་བྱེད་དགོས།   ད་ཡོད་ཀྱི་དབུལ་ཐར་ཚད་གཞི་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་བརྟན་འཇགས་ངང“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”མངོན་འགྱུར་འབྱུང་བར་ཁག་ཐེག་བྱེད་དགོས།   དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་སྤྱི་ཁོག་ནས་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ།   རྒྱུན་མཐུད་ངང་དབུལ་འཕྲིའི་བྱ་བ་དམ་འཛིན་དང་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཀྱིས་བསྟན་དོན།   ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཆེས་འབུར་དུ་ཐོན་པའི་ཞན་ཆ་ནི“ཞིང་གསུམ”ཐད་གནས་ཡོད།   ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་མཐོར་གཏོང་བ་དང་།   ཞིང་སྡེར་ཆུ་འདོན་སྤྲོད་བྱེད་པའི་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ།   ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པ་ཏན་ཏིག་སྒོས་སྒྲུབ་པ།   ཞིང་སྡེའི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བ།   ཞིང་སྡེའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་པ།   ཞིང་སྡེའི་སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་པ།   ཞང་དང་སྡེ་བའི་སྤྱི་པའི་རིག་གནས་ཞབས་ཞུ་ལེགས་བཅོས་བྱེད་པ། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་ཐད་གནས་པའི་འབུར་ཐོན་གནད་དོན་བཅོས་སྐྱོང་བཅས་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན།   ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་གཞི་རྩའི་བླང་བྱ་ཡིན་པས།   དམངས་ཕྱུག་པོར་འགྱུར་བའི་ཞིང་སྡེའི་ཐོན་ལས་གོང་དུ་སྤེལ་བ་དང་།   ཧུར་ཐག་གིས་འཇོན་མི་སྣ་ཚོགས་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལས་བསྐྲུན་བྱེད་པར་སྐུལ་སློང་བྱས་ནས།   ཞིང་པའི་ལས་ཞུགས་བརྟན་འཇགས་ཡོང་བར་བྱེད་པ་དང་།   ཞིང་པ་ལས་བཟོ་པའི་གླ་ཕོགས་ཆད་འགྱངས་བྱེད་པར་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ།   ཐབས་ལམ་མང་པོ་སྤྱད་དེ་ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན།   ཞིང་ལས་ཐོན་རྫས་གཙོ་བོ་ཕན་ནུས་ལྡན་པའི་སྒོ་ནས་མཁོ་འདོན་བྱེད་པར་འགན་སྲུང་བྱ་རྒྱུ་ནི་དུས་ནམ་ཡང“ཞིང་གསུམ”བྱ་བའི་ཐད་ཀྱི་དོན་དག་གལ་ཆེན་ཡིན་པས། ཤུགས་ཆེན་པོས་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་།   འབྲུ་རིགས་བདེ་འཇགས་དེ་ཧྲེང་ཀྲང་གི་འགན་འཁྲི་ཡིན་པའི་ལམ་ལུགས་དཔྱད་ཞིབ་ལ་ཤུགས་སྣོན་པ།   འབྲུ་རིགས་ཐོན་ཚད་ཆེ་བའི་རྫོང་ལ་བྱ་དགའ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།   ཞིང་ལས་ཐད་ཀྱི་ཁ་གསབ་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ། ཞིང་པའི་ཞིང་འདེབས་ཐད་ཀྱི་གཞི་རྩའི་ཡོང་སྒོ་ལ་འགན་སྲུང་བྱེད་པ།   འབྲུ་རིགས་འདེབས་སའི་རྒྱ་ཁྱོན་བརྟན་འཇགས་སུ་བཏང་ནས་འབྲུ་རིགས་ཐོན་ཚད་བརྟན་བརླིང་ཡོང་བ་བཅས་བྱེད་དགོས།   མགྱོགས་མྱུར་གྱིས་ཕག་གི་ཐོན་སྐྱེད་སླར་གསོ་བྱས་ཏེ་ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ་དང“ཚོད་སླེ”ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།   ཕག་ཐོན་སྐྱེད་བྱེད་པའི་སྲིད་ཇུས་སྣ་ཚོགས་ཀྱི་བྱེད་ཐབས་དངོས་འབེབས་བྱེད་དགོས།   དེང་རབས་ཞིང་ལས་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།   ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ།   ཞིང་ལས་ཐོན་རྫས་ཀྱི་ཉར་གསོག་དངོས་སྐྱེལ་སྒྲིག་ཆས་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་ནས།   ཆུ་བེད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཏང་གིས“ཞིང་གསུམ”བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་པ་དང་།   ཞིང་ལས་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ།   རིམ་པ་ལྔའི་ཧྲུའུ་ཅིས་ཞིང་སྡེ་དར་སྤེལ་དམ་འཛིན་བྱེད་པའི་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ།   ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་བཙན་རྫོང་གི་ནུས་པ་འདོན་སྤེལ་བཟང་པོ་བྱེད་དགོས།   “ཞིང་གསུམ”ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཐད་ཀྱི་ས་ཞིང་སྤྱོད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས།   འཇོན་མི་དང་ཚན་རྩལ་གྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས།   ཞིང་སྡེའི་བཅོས་བསྒྱུར་ལས་འགན་གཙོ་བོ་དམ་འཛིན་བྱེད་པ་དང་།   ས་ཞིང་འགན་ལེན་དང་འབྲེལ་བའི་ཡུན་རིང་བརྟན་འཇགས་རྒྱུན་འཁྱོངས་བྱས་ཏེ།   ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་ཐད་ཀྱི་བཅོས་བསྒྱུར་ཚོད་ལྟ་ཁྱོན་ཡོངས་ནས་སྤེལ་དགོས།   ཞིང་སྡེའི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་།   སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུའི་གཙོ་གནད་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ།   ཞིང་སྡེའི་འགལ་བ་དང་རྩོད་གླེང་སྣ་ཚོགས་ཐག་བཅད་དེ། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་དགོས།   ཞིང་སྡེའི་གནས་ཚུལ་དངོས་ལ་རྐང་འཛུགས་པ་རྒྱུན་འཁྱོངས་བྱེད་པ་དང་ས་བབ་དང་བསྟུན་པ།   ཞིང་པའི་འདོད་བློ་ལ་བརྩི་འཇོག་བྱེད་པ།   ནུས་ཤུགས་གང་ཡོད་འདོན་པ་བཅས་ཀྱིས་ཁ་ཚ་དགོས་གཏུག་ཏུ་བསྒྲུབ་དགོས་པའི་བྱ་བ་རེ་རེ་བཞིན་ཐག་གཅོད་ཡག་པོ་བྱེད་དགོས།   །

                                                                       རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།