ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྐོར་གྱི་དཔྱད་བརྗོད།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པས་ཏང་ཀྲུང་དབྱང་གིས2020ལོའི་བྱ་བའི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། བབ་བསྟུན་མདུན་སྐྱོད་ཀྱིས་སང་ལོའི་བྱ་བ་བཀོད་སྒྲིག་བཅས་བྱས་ནས་ང་ཚོས་མུ་མཐུད་གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གསར་སྐྲུན་བྱེད་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།
2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཕེལ་རྒྱས་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་ཆེད་རྨང་གཞི་ཡག་པོ་འདིང་དགོས་ལ། དེ་ནི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་ལ་འགག་སྒྲོལ་དུས་སྐབས་ཤིག་ཀྱང་ཡིན་པས། སང་ལོའི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། ང་ཚོས་ཚན་རིག་གི་བརྡར་གཅོད་དང་ནན་ཏན་སྒོས་དཔྱེ་ཞིབ་གང་ལེགས་བྱས་ནས་སང་ལོའི་ལོ་རྒྱུས་རང་བཞིན་ལྡན་པ་དང་མིག་སྔའི་གནས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ། བྱ་བའི་རང་འགུལ་དབང་ཆ་དམ་འཛིན་ནན་མོ་བྱེད་དགོས།
ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཞིག་ཡིན་ཞིང་། ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ཏུ་བགྲེང་སྟེ། ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཁྱོན་ཡོངས་འཐབ་ཇུས་སེམས་ལ་བཅངས་དགོས་པ་དང་། བླ་ན་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་དང་ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་སེམས་སུ་བཅངས་ཏེ། ལས་ཀའི་གཙོ་གནད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཐོག་འཇོག་དགོས། འབྱོར་འབྲིང་གི་མ་མཐའི་མཚམས་ཐིག་དང་འབྲེལ་བ་ཡོད་པའི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་བ་ཡག་པོ་སྒྲུབ་པ། ཞན་ཆར་དམ་པོར་དམིགས་པ། གནད་སྨིན་ཤུགས་འདོན་བྱེད་པ། སེམས་ཤུགས་གཅིག་སྒྲིལ་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་པ། ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་གཟི་བརྗིད་ཁས་ལེན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས།
འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་མདུན་དུ་ང་ཚོས་ཕྱི་རོལ་ཡུལ་དང་མཐུན་ཞིང་། ཁྱོན་ཡོངས་དང་རྩོད་སྒྲུབ། ཧུར་བརྩོན་བཅས་ཀྱི་སྒོ་ནས་མིག་སྔའི་གནས་བབ་ལ་བརྡར་གཅོད་བྱེད་དགོས་པ་དང་། “ཉེན་ཁ”དང“སྐབས་བསྟུན”ནི་མཉམ་དུ་གནས་པ་ངོས་འཛིན་བྱས་ནས། གོ་སྐབས་དང་འགྲན་སློང་ལ་ཕྱོགས་ཡོངས་ནས་ལྟ་སྟངས་ཡང་དག་འཛིན་དགོས། ང་ཚོས་སེམས་ཁྲལ་གྱི་འདུ་ཤེས་སྲུང་འཛིན་བྱས་ནས། རྒྱལ་ནང་དང་ཞིང་ཆེན་ནང་ཁུལ་གྱི་འཕེལ་རྒྱས་ཐད་གནས་པའི་ཉེན་ཁ་དང་འགྲན་སློང་མཐོང་དགོས་ལ། ཡིད་ཆེས་བརྟན་པོ་བཅངས་ནས་རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ཇེ་ལེགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་ལ་ངོས་འཛིན་གང་ལེགས་བྱས་ཏེ། མཚོ་སྔོན་རང་སྟེང་གི་དཔལ་འབྱོར་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས། མཚོ་སྔོན་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོའི་ཁྲོད་གནས་ཡོད་པ་དང་། ཀྲུང་དབྱང་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་སོགས་སྲིད་ཇུས་ཀྱི་གོ་སྐབས་གསར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐོན་སྐྱེད་ཀྱི་རྒྱུ་ཆ་གཙོ་བོ་ཡོད་པས། ང་ཚོ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་ཁྲོད་གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་བྱ་རྒྱུར་སྐུལ་མ་བྱས་ཡོད།
ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་དམིགས་ཏེ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། མཁྲེགས་གཏོར་འཐབ་འཛིང་ཆེན་པོ་གསུམ་ལག་བསྟར་བཟང་བོ་བྱེད་པ། དམངས་ཚིས་དང་ཁྱད་པར་དུ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་དང་ལེགས་བཅོས་ནུས་ལྡན་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ། ཧུར་ཐག་གིས་ནོར་སྲིད་སྲིད་ཇུས་དང་བརྟན་འཇགས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་པ་དང་། དེ་དག་ཚང་མ་ནི“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་འབྲེལ་བའི་དོན་ཆེན་རེད། ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་ལག་བསྟར་གཏིང་ཟབ་བྱས་ཏེ། འདུ་ཤེས་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགོས་མཁོ་དང་སྒྲུབ་ཐུབ་ཚོད་གཉིས་ཀར་ལྟ་རྟོག་བྱེད་པ། འཕེལ་རྒྱས་དང་སྲུང་སྐྱོང་གཅིག་གྱུར་འཆར་འགོད་བྱེད་པ། ཆོས་ཉིད་དང་སྔོན་དཔག་ཁོང་དུ་ཆུད་པ། གསར་གཏོད་དང་དངོས་འབེབ་ལ་དོ་སྣང་བྱེད་པ། ཉེན་ཁ་དང་གོ་སྐབས་ལ་ཁ་གཏད་འཇལ་ཏེ། བརྟན་པོ་ཨང་དང་པོར་འཇོག་དགོས་ལ་ཡར་རྒྱས་བརྩོན་ལེན་ཡང་བྱ་དགོས། གདེང་ཚོད་ཡོད་པ་དང་ལག་ཏུ་ཐབས་ཤེས་ཡོད་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་འདུ་ཤེས་འཛིན་ཤུགས་ཇེ་ཆེར་གཏོང་བ་དང་། གཅིག་བཟུང་གཅིག་ཤོར་གཅིག་སྒྲུབ་བྱེད་པ་སྔོན་འགོག་དང་འཕྲལ་ཕན་འཕྲལ་གཉེར་དང་གཅིག་དཔེ་བརྒྱ་འགེབས་བྱེད་པ་སྔོན་འགོག་བྱ་དགོས་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྣ་ཚོགས་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། རིམ་པ་ཁག་གི་ལས་བྱེད་པའི་དོན་འཁྱོལ་དམ་འཛིན་བྱེད་པའི་བརྩོན་སེམས་ལ་སྐུལ་སློང་གང་ལེགས་བྱས་ནས། སང་ལོའི་བྱ་བའི་གཙོ་གནད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་དགོས།
ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་མཇུག་བསྡུའི་བྱ་བ་མགོ་བརྩམས་ཟིན་པས། ང་ཚོས་ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་བསམ་པ་བཅངས་ནས། ཉིན་མཚན་ཀུན་ཏུ་འབད་འཐབ་དང་དཔའ་ངར་ཆེན་པོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་དུས་ལྟར་མངོན་འགྱུར་ཐུབ་པར་འགན་ལེན་བྱེད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི”འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཧུར་ཐག་གིས་གཏོད་ནས། དུས་རབས་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་གྲུབ་འབྲས་གསར་བ་ལེན་དགོས།
ལོ་ཙཱ་བ། ཤ་བོ་རིན་མཚོ།