དབུལ་སྐྱོར་ལས་བྱེད་པ་ཞིག་ཏུ་གྱུར་པ་ནི་ངའི་གཟི་བརྗིད་ཡིན།
2020.01.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

ལོ་གསུམ་གྱི་སྔོན་ལ།   དབུལ་སྐྱོར་གནད་ཁེལ་གྱི་དཔྱིད་རླུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དུ་ལྡང་བ་དང་།   རྒྱལ་ཁབ་ཀྱི་རོགས་སྐྱོར་བྱེད་སའི་རྫོང་གཙོ་བོ་ཡིན་པའི་ཆ་ནས།   དར་ལག་རྫོང་གི་སྤྱི་ཚོགས་ཀྱི་འཕེལ་ཚད་དམའ་ཞིང་རྨང་གཞིའི་སྒྲིག་ཆས་ཞན་ལ།   དབུལ་ཕོངས་ཀྱི་ཚད་ཤིན་ཏུ་ཚབས་ཆེ།

དེའི་སྐབས་སུ། ལོ32ཡིན་པའི་ཅང་མིང་ཧུའེ་ཡིས་ཚོར་བ་གསར་པ་ཞིག་དང་སེམས་ཤུགས་གསར་པ་ཞིག་དང་བཅས་དར་ལག་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་ཁུར་ནས་གནད་ཁེལ་དབུལ་སྐྱོར་བྱ་བར་ཞུགས།

“ཐོག་དང་པོར་ལས་ཁུངས་སུ་སླེབས་དུས། ངའི་ལས་འགན་ནི་གནད་ཁེལ་དབུལ་སྐྱོར་བྱ་ཡུལ་ངོས་འཛིན་གཏན་འཁེལ་བྱ་རྒྱུ་དེ་ཡིན།   དབུལ་སྐྱོར་མ་དངུལ་རེ་རེ་དངོས་གནས་དྲང་གནས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གི་སྟེང་དུ་བཀོལ་ཆེད།   ང་ཚོས་དོན་དངོས་དང་ཟུང་འབྲེལ་སྒོས་འབྲེལ་ཡོད་སྲིད་ཇུས་དང་ཇུས་གཞི་གཏན་འཁེལ་བྱས་པ་དང་།   དོ་དམ་བྱེད་ཐབས་བཟོས་ཏེ་ཐེངས་གང་མང་ལ་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་སྲིད་ཇུས་བསྒྲགས་ཤིང་བྲེལ་ཟིང་ཤིན་ཏུ་ཆེ།   དང་ཐོག་ངོས་འཛིན་གཏན་འཁེལ་བྱས་ཚར་རྗེས་བྱ་བ་ཅུང་ཉུང་རྒྱུ་རེད་བསམ་མོད། འོན་ཀྱང‘རྦ་རླབས་ནི་གཅིག་ལས་གཅིག་མཐོ་བ’སུས་ཤེས།”

ཁུར་ལྕི་བའི་བྱ་བའི་ལས་འགན་གྱི་མདུན་དུ།   ལས་དུས་སྣོན་པ་ནི་ཅང་མིང་ཧུའེ་དང་ཁོའི་ལས་གྲོགས་རྣམས་ལ་མཚོན་ན་སྔར་ཞིག་ནས་རྒྱུན་རྣམ་དུ་ཆགས་ཡོད།   ཡིན་ཡང་གནས་ཚུལ་ལ་ལ་ཞིག་རྒྱུན་པར་ཁོ་ཚོའི་བསམ་ཡུལ་ལས་འདས་པ་རེད།

དེ་ནི2017ལོའི་ཟླ10པའི་ཉིན་མོ་ཞིག་སྟེ།   དཔོན་སྐོར་ཞོལ་མ་ཞང་ཏ་ཟི་སྡེ་བའི་གནས་སྤོར་ལས་གཞིར་ཞིབ་བཤེར་རྩིས་ལེན་བྱེད་ཆེད།   ཞོགས་པ་སྔ་མོ་ནས་ཅང་མིང་ཧུའེ་ལས་ཁུངས་ཀྱི་རླངས་འཁོར་ཁ་ལོ་བ་དང་ལྷན་དུ་ལམ་ལ་ཆས།   སོང་ནས་ཅང་མ་འགོར་བར། གློ་བུར་དུ་ཁ་ཆར་འདྲེས་མ་བབས་བྱུང་།

“སྤྱིར་ཡིན་ན་ཉིན་གུང་ལ་སླེབས་ཐུབ་མོད། འོན་ཀྱང་ཕྱི་དྲོའི་དུས་ཚོད3གྱི་སྟེང་རླངས་འཁོར་ད་དུང་ལམ་ན་ཡོད།”རི་ལམ་ནི་ཧ་ཅང་བགྲོད་དཀའ་བས། ཅང་མིང་ཧུའེ་ལ་ཅུང་སྐྲག་སྣང་སྐྱེ་བའི་སྒང་དུ་ཆག་སྒོ་ཡང་དེ་བཞིན་བྱུང་སོང་།   རླངས་འཁོར་གྲོག་ཆུ་ཞིག་བརྒྱུད་དུས་གློ་བུར་དུ་འདམ་རྫབ་ནང་ཟུག་ཅིང་།   ཁ་ལོ་བས་ཅི་བྱས་ཀྱང་འགུལ་རྒྱུ་ཙམ་ཡང་མེད་སོང་།

“ང་རླངས་འཁོར་འདེད་དུ་འགྲོ། ཁྱོད་ཀྱིས་ཚོད་ལྟ་ཞིག་བྱོས”ཅང་མིང་ཧུའེ་མྱུར་དུ་རླངས་འཁོར་ལས་མར་བབས། ཐེངས་འགར་ཚོད་ལྟ་བྱས་ཀྱང་རླངས་འཁོར་འདམ་ནས་ལེན་ཐུབ་པ་ལྟ་ཅི།   རང་གི་ལྭ་བ་ཡང་ཁ་ཆར་གྱིས་བརླན་སོང་།   ལག་ཁྱེར་ཁ་པར་ལ་བརྡ་རྟགས་མེད་ཅིང་ཉེ་འཁོར་དུ་འབྲོག་པའི་རུ་བའང་མི་འདུག་པ་དང་།   རླངས་འཁོར་གྱི་ནང་དུ་ཟས་རིགས་ཅི་ཡང་མེད…… འདི་ལྟ་བུའི་གནས་ཚུལ་གྱི་མདུན་དུ། ཅང་མིང་ཧུའེ་དང་ཁ་ལོ་བ་གཉིས་ཀྱིས་མདུན་དུ་སྡེ་བ་མེད་ཅིང་རྒྱབ་ཏུ་ཚོང་ཁང་མེད་པའི་ས་ཆ་འདིར་དགོང་མོའི་དུས་ཚོད11ལྷག་གི་བར་བསྒུགས་ནས་བསྡད།

“རྒྱང་རིང་དུ་འབྲོག་པ་གཉིས་གསུམ་ཞིག་ཡོད་པ་མཐོང་བས་ངས་སྐད་གསང་མཐོན་པོས་རོགས་སྐྱོར་བྱེད་དུ་བོས་པ་ཡིན།   གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་ཁོ་ཚོས་ད་དུང་ཡུལ་གྲོགས་སྐོར་ཞིག་ལ་རླངས་འཁོར་བསྐོར་ཡོང་ནས་རོགས་བྱེད་དུ་བཅུག་པ་དང་།   ཐེངས་འགར་འཐེན་རྗེས་ད་གཟོད་རླངས་འཁོར་འདམ་ལས་ཕྱིར་བླངས།” འབྲོག་པའི་རུ་ཁར་སླེབས་དུས་ནི་ཐོ་རེངས་ཀྱི་དུས་ཚོད2ཀྱི་སྟེང་ཡིན་པ་དང་།   ལྟོགས་ཤིང་གྲང་ལ་འུ་ཐུག་ཐབས་ཟད་དུ་གྱུར་པའི་ཅང་མིང་ཧུའེ་མེ་ཐབ་ཀྱི་གམ་དུ་བསྡད་དེ་འོ་ཇ་ཁོལ་མ་དཀར་ཡོལ་གང་འཐུང་རྗེས་ད་གཟོད་སེམས་ལྷོད་ལ་བབས།

དེ་ཡང་འདས་དོན་ཞིག་གླེང་ན། ན་ནིང་གི་ཟླ3པའི་ཉིན་མོ་ཞིག་ལ། ད་སོ་མར་གྲོས་ཚོགས་སུ་ཞུགས་པའི་ཅང་མིང་ཧུའེ་དང་ཅུའུ་ཀྲང་ཚུའེ་པའོ་གཉིས་ཁུལ་ཐོག་ནས་ལམ་ལ་ཆས་ཏེ་ཕྱིར་རྫོང་ཐོག་ཏུ་ལོག་གྲབས་བྱས།   སོང་ནས་དུས་ཚོད་ཕྱེད་ཀ་ཙམ་ཡང་མ་འགོར་བར་གློ་བུར་དུ་སེར་བ་འབབ་མགོ་བརྩམས་བྱུང་།   སེར་བའི་འབབ་ཚད་ཇེ་མང་དུ་སོང་བ་དང་བསྟུན་རླངས་འཁོར་ཅུང་ཤུད་པ་དང་།   ལམ་ངོས་ཀྱི་མཐོང་ཚད་ཀྱང་རིམ་གྱིས་ཇེ་དམའ་རུ་སོང་།   དཀྱོགས་མཚམས་ཤིག་ཏུ་མི་གསུམ་པོས་མཉམ་ཡང་འཇོག་དབང་མེད་པར་རླངས་འཁོར་དེ་མ་ཐག་ཏུ་ལམ་འགྲམ་གྱི་ཟབ་ཚད་ལ་སྨི4ནས5ཡོད་པའི་གྲོག་རོང་དུ་ལྷུང་བ་དང་། ལམ་འགྲམ་གྱི་ར་སྐོར་གྱིས་བཀག་སོང་།

ཅི་ཙམ་འགོར་སོང་བའང་མ་ཤེས་མོད།   རྐང་ལག་བཞི་བོ་གནམ་ལ་འཁོར་བའི་ཅང་མིང་ཧུའེ་ཡིས་རླངས་སྣུམ་གྱི་དྲི་ཞིག་ཚོར་བྱུང་།

“མ་འགྲིག རླངས་འཁོར་དགད་རྒྱུ་རེད།” འོན་ཀྱང་སྐབས་འདིར། ཅང་མིང་ཧུའེ་དང་ཚུའེ་པའོ།   ཁ་ལོ་བ་གསུམ་གྱིས་རླངས་འཁོར་གྱི་སྒོ་འབྱེད་ཐབས་མེད་པ་ཚོར་བྱུང་།   སྐར་མ་བཅུ་ལྷག་ལ་ཡང་ཡང་ཚོད་ལྟ་བྱས་རྗེས།   གཞུག་སྒམ་གྱི་སྒོ་ཕྱེ་ནས་ད་གཟོད་འབྲོ་ཐུབ་སོང་།

གལ་ཏེ་མགོ་བོའི་ཐོག་ཏུ་སྐྲང་འབུར་ཞིག་བཏོད་མེད་རྒྱུ་ན་སུས་ཀྱང་ཅང་མིང་ཧུའེ་ཡི་བཟོ་ལྟ་མི་འདྲ་བར་མཉམ་འཇོག་མི་སྲིད།

“ལོ་ངོ་དུ་མར་བྱ་བ་བསྒྲུབས་རྗེས་གྲུབ་འབྲས་ཧ་ཅང་མངོན་གསལ་རེད།   དང་ཐོག་ངོས་འཛིན་བྱེད་དུས། རྫོང་ཡོངས་ཀྱི་སྡེ་བ33གྱི་ནང་དུ་དབུལ་ཕོངས་སྡེ་བ13ཡོད་པ་དང་།   ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་མི་འབོར་ལ་ཁྱིམ་ཚང2660དང་མི9830ཡོད་པ་ལས། ན་ནིང་དབུལ་ཕོངས་སྡེ་བ6དབུལ་ཐར་བྱས་པ་དང་ད་ལོའི་ལོ་མཇུག་ཏུ་སླེབས་ན་རྫོང་ཡོངས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ།”

དུས་དང་རྣམ་པ་ཀུན་ཏུ་དབུལ་ཐར་གྱི་འཐབ་ས་དང་པོ་རུ་འབད་བརྩོན་བྱེད་ཀྱིན་པའི་ལས་བྱེད་པ་ཁོ་ལ་མཚོན་ནས་བཤད་ན།   གཞི་གྲངས་འདིའི་རྒྱབ་རོལ་ཏུ། གཉིད་ཆག་པའི་མཚན་མོ་གྲངས་མེད་ཅིག་དང་གྲོས་ཚོགས་ཆེ་མ་ཆུང་གསུམ།   གྲོང་གསེབ་དང་དུད་ཚང་དུ་སོང་ཐེངས་གང་མང་ཞིག   སྙིང་གཏམ་བརྗོད་ཐེངས་གང་མང་ཞིག་དང་སེམས་འགུལ་ཐེབས་པའི་དབུལ་ཐར་གཏམ་རྒྱུད་བགྲང་ལས་འདས་པ་ཞིག་ཡོད།

“རིག་དགའ་ཁྱིམ་མི་གང་བོ་ནི་དང་ཐོག་འོད་གསལ་ཞང་ཁམས་པ་སྡེ་བར་བསྡད་ཡོད་པ་དང་།   རྩྭ་ས་མེད་ཅིང་ནོར་ལུག་མེད་ལ་སྡོད་ཁང་ཡང་མེད།   གནད་ཁེལ་དབུལ་སྐྱོར་བྱེད་མགོ་མ་བརྩམས་གོང་ཁྱིམ་ཚང་གང་བོ་རྒྱུན་དུ་སྦྲ་གུར་དུ་བསྡད་ཡོད།   རྗེས་སུ། ཞོར་ལས་ལས་པ་དང་བྱིས་པ་སློབ་གྲྭར་སྐྱེལ་བར་སྟབས་བདེ་བཟོ་ཆེད།   རིག་དགས་རྫོང་མཁར་དུ་ཁང་པ་ཞིག་གླས་པ་དང་། ཁང་པའི་ནང་ཅུང་འཚང་ཁ་རྒྱག་མོད་སྔོན་ཆད་དང་བསྡུར་ན་ལེགས་བཅོས་ཆེན་པོ་བྱུང་ཡོད།” ཅང་མིང་ཧུའེ་ཡིས་བཤད་ཀྱིན་པའི་རིག་དགའ་ནི་ཁོའི་ཁ་གཏད་རོགས་སྐྱོར་བྱེད་ཡུལ་ཡིན་ལ།   སྦྲ་གུར་དང་ཁང་པ་ཆུང་ཆུང་གང་ཡིན་ཡང་ཅང་མིང་ཧུའེ་ཐེངས་གང་མང་ལ་སོང་མྱོང་། “ད་ལོར་གནས་སྤོར་སྲིད་ཇུས་བརྒྱུད།   རིག་དགའ་ཚང་ཡང་རྫོང་མཁར་གྱི་འདན་མ་སྡེ་ཁུལ་དུ་གནས་སྤར་བ་དང་། སྨི་གྲུ་བཞི་མ80ཅན་གྱི་ཁང་པ་གསར་པ་རྒྱ་ཆེ་ལ་དཀར་ཆ་དོད་པས།   ལྡེ་མིག་ལག་ཏུ་འབྱོར་བའི་ཉིན་མོ་དེར་ཁོར་ལོ་གསར་ལ་རོལ་བ་བཞིན་དགའ་སྤྲོས་ཁེངས་འདུག”

“ཉིན་འགའི་སྔོན་ང་རང་ཁོ་ཚང་ལ་བལྟ་རུ་སོང་བ་ཡིན་ལ། ཕྱིར་ལོག་ཁར་སྒོར200ཁོ་ལ་སྟེར་འདོད་མོད། ཁོས་ཅི་བྱས་ཀྱང་མི་ལེན་པ་རེད།   ཁོས་ད་བར་བྱིས་པ་ཚང་མ་སློབ་གྲྭར་སྐྱེལ་ཡོད་པ་དང་།ཁོ་བཟའ་ཟླ་གཉིས་ཀས་ཉིན་གླ་བྱས་པར་ཉིན་རེར་སྒོ100ལྷག་གི་ཡོང་སྒོ་འཚོལ་ཐུབ་ཟེར།   སྲིད་གཞུང་གིས་ཁོ་ཚོ་འདི་འདྲའི་ཁང་པ་བཟང་པོར་སྡོད་དུ་བཅུག་པས་བཀའ་དྲིན་ཞུ་འོས་པ་དང་།   རྗེས་ཕྱོགས་ཧུར་ཐག་གིས་སྒོར་མོ་བཙལ་ནས་རང་ལ་བརྟེན་ནས་དབུལ་ཐར་ཕྱུག་སྒྱུར་བྱེད་དགོས”ཟེར།ཅང་མིང་ཧུའེ་ཡིས་བཤད་རྒྱུར།   དུས་ཚོད་ག་འདྲ་ཞིག་འགོར་ཡང་རིག་དགས་བཤད་པའི་སྐད་ཆ་འདི་ད་དུང་ཡང་ཁོའི་ཀླད་པར་འཁོར་ཡོང་ཟེར།

“དབུལ་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། གཞི་རྒྱ་ཆེ་བའི་དབུལ་སྐྱོར་མཁྲེགས་གཏོར་ནང་ཞུགས་ཐུབ་པ་དང་།   འདི་ལྟ་བུའི་བྱ་བ་ཞིག་ལེགས་འགྲུབ་བྱུང་བ་ནི་ངའི་ཚེ་གང་བོའི་གཟི་བརྗིད་ཅིག་ཏུ་བསམ་ཡོད”ཅེས་གླེང་ཡོང་དུས་ཅང་མིང་ཧུའེ་ཡི་མིག་མདངས་ལ་སྔར་ལས་ལྷག་པའི་ཡིད་ཆེས་ཤིག་གིས་ཁེངས་འདུག   །

                                                                                                                རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།