མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་མིའི་སེམས་ལ་འབབ་པར་བྱས།
2020.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

བསྟུད་མར་ཉིན་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བཟང་པོ་དང་། དྲིལ་སྒྲོག་བཟང་པོ། དངོས་འབེབ་བཟང་པོ་བྱེད་པ་དེ་དེང་སྐབས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་གནད་དོན་དང་ཟུང་འབྲེལ་དམ་པོ་བྱས་པ་དང་། རིམ་པ་མང་པོ་དང་། ཁྱབ་རྒྱ་ཆེ་བ། རྣམ་པ་མང་པོའི་སྒྲོག་འགྲེལ་བྱ་བ་སྤེལ་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་མི་སེམས་གཅིག་ཏུ་བསྡུས་པ་དང་། ཐུན་མོང་གི་ངོས་ཟིན་ཇེ་མཐོར་བཏང་།

ཕྱོགས་མང་པོ་དང་། ཟུར་མང་པོ། ལངས་གཟུགས་ཅན་གྱི་རྣམ་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཁྱབ་ཚད་རྒྱ་བསྐྱེད་པར་ཡར་སྐུལ་བཏང་བ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཡན་ལག་ཚན་ཆུང་གཉིས་པས་གུང་ཧོ་རྫོང་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་དང་མཉམ་དུ་སྤྱིའི་ཚོགས་པ་དང་ཡན་ལག་ཚན་ཆུང་གི་རྣམ་པར་བརྟེན་ནས། ཕན་ཚུན་མཉམ་འབྲེལ་དམ་ཟབ་དང་། རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱས་ལ། ལས་ཁུངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་ཁྲོད《ཐག་ཆོད》ཀྱི་ནང་དོན་གཙོ་བོ་དང་། དོན་སྙིང་གལ་ཆེན། སྤྱིའི་དགོས་མཁོ་སོགས་འབུར་དུ་བཏོད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་དོན་སྙིང་གལ་ཆེན་ལ་སྐུལ་འདེད་གཏོང་དགོས་པ་སོགས་གསལ་བོར་བཤད།  ཞང་དང་གྲོང་བརྡལ་ཏང་ཡོན་ལས་བྱེད་པ་དང་རོང་འབྲོག་ཁུལ་གྱི་ཏང་ཡོན་ལས་བྱེད་པའི་ཁྲོད། གཞི་རིམ་ལས་བྱེད་མང་ཚོགས་ཀྱིས་མཐོང་ཆེན་བྱེད་པའི་གནད་དོན་གསར་བར་དམིགས་ནས། གཞི་རིམ་གྱི་ལམ་ལུགས་འཛུགས་སྐྲུན་དང་བཅོས་སྐྱོང་ནུས་པ་ཇེ་མཐོར་གཏོང་བའི་ནང་དོན་འབུར་དུ་ཐོན་པར་བྱས། སྒྲོག་འགྲེལ་ཁྲོད་དུ་སྡེ་བར་སྡོད་པ་དང་། དགོན་པར་བསྡད་དེ་བྱ་བ་སྒྲུབ་པའི་རུ་ཁག་ལ་གསོ་སྦྱོང་བྱེད་པའི་བྱ་བར་ཤུགས་བསྣན་ཏེ། སྒྲོག་འགྲེལ་གྱི་ཁྱབ་རྒྱ་ཆེ་རུ་བསྐྱེད། རིམ་པ་བཞིན་སྒྲོག་འགྲེལ་བྱེད་པའི་བྱ་བའི་ཁྲོད། རོང་འབྲོག་ཁུལ་ཁྱིམ་ཚང་གི་ཁོངས་མི་གཙོ་བོ་དང་ན་གཞོན་རྣམས་ལ་སྒྲོག་འགྲེལ་བྱེད་པ་གཙིགས་སུ་བཟུང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ན་གཞོན་རྣམས་ཀྱི་སེམས་ལ་འབབ་པར་བྱས་པ་དང་། ཁྱིམ་ཚང་ཡོངས་ཀྱི་མི་རྣམས་ཀྱི་སེམས་ལ་འབབ་པར་བྱས།

སྒྲོག་འགྲེལ་བྱ་བ་རེ་རེ་སྤེལ་ན། གཞུང་ལུགས་ཀྱི་ཤེས་བྱ་ཡོད་དགོས་པ་དང་། བྱེད་ཐབས་ཀྱང་ཡོད་དགོས་ལ། ད་དུང་གཏམ་རྒྱུད་འཆད་ན་ཉན་སྤྲོ་ཞིང་ཡིད་ལ་འབབ་པ་ཞིག་ཡིན་དགོས། ཏང་ཡོན་ལས་བྱེད་པས་བཤད་ན། སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་དང་། སློབ་པ་དོན་དངོས་འཚོ་བའི་ཁྲོད་བཀོལ་སྤྱོད་བྱས་ཏེ། མང་ཚོགས་ཀྱི་ཁྲོད་དུ་སྒྲོག་འགྲེལ་བྱེད་པ་དང་། གོ་སྐབས་མང་པོ་བཀོལ་སྤྱོད་བྱེད་པ། ས་གང་དུ་སོང་ན་ས་དེ་གར་སྒྲོག་འགྲེལ་བྱེད་པ། ས་གང་དུ་ཐོན་ན་ས་དེ་གར་སྒྲོག་འགྲེལ་བྱེད་པ་སོགས་སྒྲོག་འགྲེལ་པ་བཟང་པོ་ཞིག་བྱེད་རྒྱུ་མ་ཟད། དངོས་འབེབ་བྱེད་མཁན་ལེགས་པོ་ཞིག་ཀྱང་བྱེད་རྒྱུ་ཡིན་ཟེར། རོང་འབྲོག་པའི་ཏང་ཡོན་གྱིས་རང་སྟེང་ནས་རེ་བ་ནན་མོ་བཏོན་ཏེ། རང་གི་ཁྱིམ་ཚང་གི་མི་ལ་བདག་སྐྱོང་བཟང་པོ་བྱེད་པ་དང་། བྱིས་པར་སློབ་གསོ་བཟང་པོ་གཏོང་བ། གཉེན་ཉེར་བརྩི་འཇོག་དང་རྒན་པར་བཀུར་བསྟི་བྱེད་པ། ཁྱིམ་མཚེས་བར་མཐུན་སྒྲིལ་བྱེད་པ། ཧུར་བརྩོན་དང་གྲོན་ཆུང་བྱས་ནས་ཁྱིམ་ཚང་སྐྱོང་བ། ཁྲིམས་བརྩི་བ་དང་སྒྲིག་ལམ་སྲུང་མཁན་བཟང་པོ་ཞིག་བྱེད་རྒྱུ་ཡིན་ཟེར། མིག་སྔའི་བར་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་སྒྲོག་འགྲེལ་ཚོགས་པས་བསྡོམས་པས་སྒྲོག་འགྲེལ་བྱ་བ་ཐེངས་དགུ་བཅུ་ལ་སྤེལ་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་གཞི་རིམ་དུ་དངོས་འབེབ་དང་། མང་ཚོགས་ཀྱིས་སེམས་རྩེ་གཅིག་གིས་བདེ་སྡོད་ལས་བརྩོན་བྱེད་པ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞི་སྟོབས་དང་ལྡན་པ་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

                                                                                                                                   ལོ་ཙཱ། ཚེ་རིང་སྒྲོལ་མ།