2019ལོར་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཐད་ལ་གྲུབ་འབྲས་བཟང་བོ་ཐོབ།
2020.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་གཙོ་གནད་དུ་འཛིན་པ་དང་། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་བྱེད་པ་གྲུབ་ཆ་གཙོ་བོར་བརྩི་བ། ཐོན་ལས་ཀྱི་ཕན་འབྲས་དང་ཞིང་བའི་ཡོང་སྒོ་འཕར་སྣོན་བྱེད་པ་གནད་སར་བརྩིས་ཏེ། ཧུར་ཐག་གིས་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་སྤེལ་བྱེད་པ་དང་ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་བཏང་ཞིང་། རྣམ་པ་གསར་བའི་བདག་གཉེར་གྲུབ་ཆ་གསོ་སྐྱོང་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་སྐུལ་སྤེལ་བྱས་པ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཡར་སྐུལ་བཏང་བ། ཞིང་ཕྱུགས་ལས་ཀྱི་སྒུལ་ནུས་གསར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཞིང་ཕྱུགས་ལས་དེ་ཐོན་སྤེལ་ཕྱོགས་ནས་སྤུས་ཚད་མཐོར་འདེགས་ཕྱོགས་སུ་བསྒྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་། འདེབས་འཛུགས་ལས་རིགས་ལ་ཐོན་ལེགས་ཐོབ་པ་དང་ཕྱུགས་ལས་དང་ཉ་ལས་ཐོན་སྐྱེད་ལ་ཐོན་འཕར་བྱུང་བ། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་མཐོར་འདེགས་བྱུང་།

2019ལོའི་ཟླ་བཅུ་གཉིས་པའི་བར། ལོ་ཧྲིལ་བོའི་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་ཡན་དུ་འཕར་བ་དང་། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་བརྒྱ་ཆའི་དགུ་དང་གྲངས་ཆུང་ལྔ་ཡན་དུ་འཕར་སྣོན་བྱུང་ཏེ། འཕར་སྣོན་ཟུང་གི་གནས་བབ་བཟང་བོ་སྲུང་འཛིན་བྱས།

2019ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ལས་ཞིང་སྡེ་པུའུ་དང་མཉམ་དུ《མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་མཉམ་དུ་བསྐྲུན་པའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཀོད་པ་དང་། མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་མཉམ་དུ་བསྐྲུན་པའི་བྱ་བའི་ཇུས་གཞི》པར་འགྲེམ་བྱས་ཏེ། ལྗང་མདོག་གི་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་དཔེ་མཚོན་བསྐྲུན་པ་དང་། མཚོ་སྔོན་རྒྱལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་དུ་འགྱུར་བར་བྱེད་པའི་སྤྱིའི་དམིགས་འབེན་བཏོན་པ་དང་། ལས་འགན་གཙོ་བོ་དྲུག་དང་འགན་སྲུང་བྱེད་ཐབས་གསུམ་གསལ་བོ་བྱས།

སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བའི་འཁོར་བསྐྱོད་ལ་ཕན་འབྲས་མང་པོ་ཐོབ་པར་སྐུལ་འདེད་བཏང་ཏེ། ཤུགས་ཆེན་པོས་ས་རྒྱུ་ལེགས་བསྒྱུར་དང་ཆུའི་ཁོར་ཡུག་ལེགས་བཅོས་བྱེད་པ། མཁའ་དབུགས་གཙང་བཟོ་བྱེད་པ་བཅས་ལ་ཕན་ནུས་ལེགས་པོ་ཐོན་ཞིང་། རི་ཆུ་ནགས་ཞིང་དང་མཚེའུ་རྩ་ཐང་བཅས་ཀྱི་ཐོན་ཁུངས་མུ་མཐུད་དུ་བེད་སྤྱོད་བྱེད་པ་མངོན་འགྱུར་བྱས་ཏེ། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་གོམ་པ་གལ་ཆེན་དང་པོ་སྤོས་པ་རེད།

2019ལོར། མཚོ་སྔོན་ཞིང་ཆེན་གྱིས་རྫས་ལུད་དང་ཞིང་སྨན་ཇེ་ཉུང་དུ་བཏང་ནས་ཕན་འབྲས་ཇེ་མཐོར་གཏོང་བའི་བྱ་སྤྱོད་སྤེལ་མགོ་བརྩམས་ཏེ། ཚོད་ལྟ་སྔོན་ལ་བྱེད་པའི་བྱེད་ཐབས་ཐོག་མར་ལག་བསྟར་བྱས། མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བཞི་ས་ཡ་ལྔ་འབུམ་ལྔ་ཁྲི་བདུན་ལྷག་བཏང་ཏེ། རྫོང་བཅུ་དགུ་དང་རྒྱལ་དབང་ཞིང་ཕྱུགས་ར་བཅུ་གཅིག་ནས་རྫས་ལུད་དང་ཞིང་སྨན་ཇེ་ཉུང་དུ་བཏང་ནས་ཕན་འབྲས་ཇེ་མཐོར་གཏོང་བའི་ཚོད་ལྟ་སྤྱི་ཆིང་ཁྲི་བདུན་དང་སྟོང་དྲུག་བྱས་པ་དང་། ཞིང་ལས་ལོ་ཏོག་སྣ་ཁ་བཅུ་གཅིག་ལ་ཚོད་ལྟའི་ས་ཞིང་ལྔ་དགུ་འཛུགས་སྐྲུན་བྱས་ཏེ། ཐོན་ཚད་ལ་དཔྱད་འཇོག་བྱེད་པའི་བྱ་བ་སྤེལ། སྐྱེ་ལྡན་ལུད་ཏུན་འབུམ་གཉིས་ཁྲི་གཉིས་ལྷག་ཉོ་སྒྲུབ་བྱས་ཏེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་བཅས་སུ་རྫས་ལུད་མི་བཀོལ་བ་རིམ་བཞིན་མངོན་འགྱུར་བྱུང་བ་དང་། ཞིང་ཆེན་ཡོངས་སུ་རྫས་ལུད་དང་ཞིང་སྨན་བཀོལ་སྤྱོད་བྱས་ཚད་དུས་མཉམ་ལས་སོ་སོར་བརྒྱ་ཆའི་ཉེར་བཞི་ལྷག་དང་བརྒྱ་ཆའི་ཉེར་གཅིག་ལྷག་ཇེ་དམར་སོང་བ་དང་། སྐྱེ་ལྡན་སྐྱེ་དངོས་ཞིང་སྨན་བཀོལ་སྤྱོད་བྱས་ཚད་དུས་མཉམ་ལས་བརྒྱ་ཆའི་བདུན་ཅུ་འཕར་སྣོན་བྱུང་། གནོད་འབུ་སྔོན་འགོག་ཚོད་འཛིན་བྱས་པའི་གཞི་ཁྱོན་སྤྱི་ཆིང་འབུམ་གཉིས་དང་ཁྲི་གཅིག་སྟོང་གཅིག་ལ་བསླེབས་ཡོད།

འདེབས་འཛུགས་ལས་རིགས་ཐད་ལ་རྫས་ལུད་གཏན་འགོག་དང་ཞིང་སྨན་ཇེ་ཉུང་དུ་གཏོང་བ་ནི་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ཞིག་ཡིན་པར་མ་ཟད། འཁོར་སྐྱོད་འཕེལ་རྒྱས་དང་ཞིང་ལས་ཀྱི་དངོས་རྫས་སྙིགས་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པའི་ལྗང་མདོག་གི་ཁ་ཕྱོགས་ཡིན་པ་རེད།

འབྲོག་ཁུལ་དུ་རྩྭ་ཕྱུགས་མཉམ་འགུལ་གྱི་རྐྱེན་སྲོལ་བཙུགས་ཏེ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཆིག་བརྒྱ་དང་བཅུ་ནས་རྩྭ་ཕྱུགས་ཀྱི་ཐོན་སྐྱེད་དཔེ་དབྱིབས་ཁྱབ་སྤེལ་བྱས་པར་མ་ཟད། ཁྱོན་ཡོངས་ནས་རྟོག་ཞིབ་བྱས་ཏེ《མཚོ་སྔོན་ཞིང་ཆེན་གྱི་འཁོར་སྐྱོད་ཆེན་པོའི་ཞིང་ལས་བྱ་བའི་ཇུས་གཞི》གྲུབ་པ་དང་། དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པ་གོ་སྐབས་སུ་བརྩིས་ཏེ། དེང་རབས་སྐྱེ་ཁམས་ཀྱི་འཁོར་སྐྱོད་ཆེན་པོའི་ཞིང་ལས་འཕེལ་རྒྱས་སྔོན་སྐྱོད་ས་ཁུལ་འཛུགས་སྐྲུན་བྱེད་པར་འཚོལ་ཞིབ་བྱས།

འཁོར་སྐྱོད་བེད་སྤྱོད་མ་ལག་འཛུགས་སྐྲུན་གྱི་ཞན་ཆ་དེར་དམིགས་ནས། གསོ་སྤེལ་དང་སྐྱེ་ལྡན་ལུད་ཐོན་སྐྱེད། འདེབས་འཛུགས། གསོ་སྤེལ་བཅས་ཀྱི་འཁོར་སྐྱོད་བཟང་བའི་སྦྲེལ་ཐག་འཚོལ་ཞིབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྒོ་ཕྱུགས་གསོ་སྤེལ་གྱི་དངོས་རྫས་སྙིགས་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱས་ཚད་བརྒྱ་ཆའི་བརྒྱད་ཅུ་ཡན་དུ་བསླེབས།

ཁྱད་ལྡན་ཐོན་ལས་ནི་ཞིང་ཕྱུགས་ལས་ཐོན་ལས་ཅན་དུ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ས་ཞིང་གསེར་རི་དངུལ་རིར་བསྒྱུར་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་རེད། ནོར་ནག་དང་ནས་ཀྱི་ཐོན་ལས་དར་སྤེལ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས་རང་ཉིད་ཀྱི་ཐོན་ཁུངས་ཁྱད་སྟོབས་ལྟར། ཁྱད་ལྡན་ཐོན་ལས་གཅིག་འདུས་ཀྱི་ལས་གཞི་བསྐྲུན་ནས་ཕན་འབྲས་བཟང་བོ་ཐོབ།

2019ལོའི་ཟླ་གསུམ་པར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ནོར་ནག་ཐོན་ལས་ར་བ་དེ་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་ར་བར་གཏན་འཁེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ནོར་ནག་ཐོན་ལས་དེ་གཙོ་ཁྲིད་ཐོན་ལས་ཡིན་པའི་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་ར་བ་ཐོག་མར་གྱུར་བ་དང་། ལོ་དེར་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་ར་བ་བསྐྲུན་པར་གཏན་འཁེལ་བྱས།

ནོར་ནག་དང་ནས་ཐོན་ལས་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་དེ་མཚོ་སྔོན་ཞིང་ཆེན་ནས་ཡོངས་སུ་ལག་བསྟར་བྱས་པ་དང་། ནོར་ནག་ཐོན་ལས་དཔེ་སྟོན་ར་བ་དང་མཐོ་སྒང་དངོས་མང་བཤམས་སྟོན་ཁང་། ནོར་ནག་རིག་གནས་ཀྱི་བརྗོད་དོན་སྤྱི་གླིང་སོགས་ལས་གཞི་བཅུ་གཅིག་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་།

ནས་ཀྱི་ཐོན་ཚད་ཏུན་འབུམ་གཅིག་ཁྲི་གསུམ་ལྷག་ཏུ་བསླེབས་ཏེ། འཕར་ཚད་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་བདུན་ཡིན་པ་རེད།

ནོར་ནག་དང་ནས་ཐོན་ལས་ཀྱིས་སྐུལ་ཁྲིད་བྱས་འོག  ལོག་དཀར་དང་བོད་ལུག ཉ་རིགས་བཅས་ཀྱི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་། ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བཅས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་ཏེ། ཐོན་སྤར་དང་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད།

2019ལོའི་ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། མཚོ་སྔོན་གྱི་ནོར་ནག་ཚོང་རྟགས་ཁྱབ་སྒྲོག་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་ཏེ། མཚོ་སྔོན་རྟགས་ཅན་གྱི་ཞིང་ཕྱུགས་ཐོན་རྫས་གྲགས་ཅན་བསྐྲུན་པའི་མཐོ་རླབས་གསར་བ་བསླངས།

དེ་དང་ཆབས་ཅིག  མགོ་ལོག་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཧྲང་ཧེའི་ཐོན་ཚོང་འོས་སྦྱོར་ཚོགས་འདུ་དང་ཡུལ་ཤུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་པེ་ཅིན་གྱི་འོས་སྦྱོར་ཚོགས་འདུ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། ཁེ་ལས་དང་མཉམ་ལས་ཁང་ཆིག་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་ཀྲུང་གོའི་ཕྱུགས་ལས་དངོས་མང་འགྲེམ་སྟོན་ཚོགས་འདུ་སོགས་འགྲེམ་སྟོན་ཚོགས་འདུ་རབ་དང་རིམ་པར་ཞུགས་ཤིང་། ཕྱིར་འཚོང་སྒོར་མོ་བྱེ་བ་གཅིག་ལ་བསླེབས་པ་དང་། སྒོར་དུང་ཕྱུར་གཅིག་ལྷག་གི་ཐོན་རྫས་ཕྱིར་འཚོང་གན་རྒྱ་བཞག་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དེ་ཕྱིར་བསྐྱོད་པར་ཐོད་བརྒལ་གསར་བ་མངོན་འགྱུར་བྱས།

སྡོམ་རྩིས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་སུ་བསྡོམས་པས་ཞིང་སྡེའི་འཚོ་བའི་གད་སྙིགས་ཏུན་འབུམ་བཞི་ལྷག་ཐག་གཅོད་བྱས་ཤིང་། ཐག་གཅོད་བྱས་ཚད་བརྒྱ་ཆའི་གྱ་དྲུག་ལྷག་དུ་བསླེབས་ཏེ། སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། སྡེ་བ་སུམ་བརྒྱ་ནས་མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། སྡེ་བ་ལྔ་བརྒྱ་ནས་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་བྱ་བ་སྤེལ་བ། སྡེ་བ་ཆིག་བརྒྱ་ནས་རོང་འབྲོག་མང་ཚོགས་ཁྲི་གསུམ་གྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པ། ཞིང་སྡེའི་ཁྱིམ་ཚང་གི་སྤྱོད་ཁང་བསྒྱུར་བཀོད་ཡོངས་འགྲུབ་བྱས་པར་མ་ཟད་སྤྱོད་ཁང་ཁྲི་དྲུག་སྟོང་གསུམ་ལྷག་ལས་མགོ་བརྩམས།

ཞང་བརྒྱ་དང་སྡེ་བ་སྟོང་གི་དཔེ་སྟོན་བཟོ་སྐྲུན་གཙོར་བཟུང་ཏེ། དཔེ་སྟོན་ཚོད་ལྟ་དང་འཚོ་སྡོད་ཁོར་ཡུག་ལེགས་བཅོས་སོགས་ཀྱི་བྱ་སྤྱོད་ཆེན་པོ་བཅུ་སྤེལ་ནས། ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་སྡེ་བ་ཉེར་ལྔ་ནས་ཞིང་སྡེ་དར་སྤེལ་གྱི་ཚོད་ལྟ་ལག་བསྟར་བྱས་པ་དང་། འཛུགས་སྐྲུན་བཟོ་སྐྲུན་ལས་གཞི་དྲུག་ཅུ་ལྷག་ཡོངས་འགྲུབ་བྱས་ཤིང་། བསམ་པའི་དཔལ་ཡོན་དང་ཞིང་སྡེ་བཅོས་སྐྱོང་སོགས་ཀྱི་ཐད་ལ་ཤུགས་སྣོན་བྱས་ཏེ། ཞིང་སྡེ་དར་སྤེལ་གྱི་དཔེ་སྟོན་སྡེ་བ་དང་མ་དཔེ་སྡེ་བ་སྐོར་ཞིག་འཛུགས་སྐྲུན་བྱས།

ཞིང་སྡེ་དར་སྤེལ་ནི་ཞིང་སྡེའི་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་བའི་གཙོ་གནད་ཡིན་ལ། སྔོ་ཚོད་ཀྱི་ཐོན་སྐྱེད་བརྟན་འཇགས་དང་མཁོ་སྤྲོད་ཁག་ཐེག་བྱེད་པ་ནི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་དང་གྲོང་ཁྱེར་སྡོད་དམངས་ཀྱི་འཚོ་བར་ཐར་ཀར་འབྲེལ་ཡོད།

ཚོད་སླེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས། མཚོ་སྔོན་ཞིང་ཆེན་གྱིས་ཚོད་སླེ་ལ་གྲོང་ཁྱེར་གྱི་འགོ་ཁྲིད་པ་གཙོ་བོས་འགན་འཁུར་བའི་ལམ་ལུགས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བ་དང་། ཐོག་དང་པོར་གྲོང་ཁྱེར་དང་ཁུལ་སོ་སོའི་ཚོད་སླེ་ལ་གྲོང་ཁྱེར་དང་ཁུལ་གྱི་འགོ་ཁྲིད་པ་གཙོ་བོས་འགན་འཁུར་བའི་ལམ་ལུགས་ལ་ཡུལ་དངོས་ནས་དཔྱད་ཞིབ་བྱས།  ཚོད་སླེ་ལ་དོ་དམ་ནན་མོ་བྱས་ཏེ།  མི་དམངས་མང་ཚོགས་ལ་སྤུས་ལེགས་ཀྱི་སྔོ་ཚོད་སྣ་ཚོགས་མཁོ་སྤྲོད་བྱེད་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་སྡེ་ཁག་གི་འབད་འཐབ་དམིགས་འབེན་ཡིན་པ་རེད།  དེར་བརྟེན། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་ཆིག་བརྒྱ་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས་ཤིང་། མ་དངུལ་སྒོར་བྱེ་བ་བདུན་ས་ཡ་ལྔ་བཏང་ཏེ། གཞི་ཁྱོན་ལྡན་པའི་ཕག་གསོའི་ར་བ་སྐོར་ཞིག་འཛུགས་སྐྲུན་དང་རྒྱས་སྐྲུན་བྱས་ནས། ཚོང་རའི་མཁོ་སྤྲོད་འགན་སྲུང་དང་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ཁག་ཐེག་བྱས།

ལོ་ཙཱ། སྒྲོལ་མ་སྐྱིད།